ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་ཞོར་དུ་རྒྱལ་སྲུང་བློན་ཆེན་གྱི་འགན་འཁུར་མཁན་ན་སེ་ཨར་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས17ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུ་ཝེ་ཐེའི་དབུ་བཞུགས་བློན་ཆེན་གཞོན་པ་དང་པོ་ཞོར་དུ་རྒྱལ་སྲུང་བློན་ཆེན་གྱི་འགན་འཁུར་མཁན་ན་སེ་ཨར་དང་གྲོས་མོལ་མཛད།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་བདུན་པར་ཀྲུང་གོར་འཚམས་འདྲིར་ཡོང་བའི་ས་པ་ཧི་ཨེ་མུས་ཨར་དང་གྲོས་མོལ་མཛད་དེ་ཐུན་མོང་གི་ལྟ་ཚུལ་གང་མང་བཏོན་པ་དང་། རྒྱལ་ཁབ་གཉིས་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ཀྲུང་གོ་དང་ཁུ་ཝེ་ཐེ་བར་གྱི་མཛའ་མཐུན་མཉམ་ལས་ཐད་སྟོབས་དང་ལྡན་པའི་སྒུལ་ཤུགས་གསར་བ་བསྣན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས་ལ། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་ལས་མཉམ་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས་པར་མ་ཟད་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་དཔེ་སྟོན་གྱི་ནུས་པ་འདོན་དགོས་ཟེར།

ན་སེ་ཨར་གྱིས་བཤད་རྒྱུར། ཁུ་ཝེ་ཐེ་ཕྱོགས་ཀྱིས་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་ཐད་ནས་བླངས་པའི་རླབས་ཆེན་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱི་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་དཔྱད་གཞིར་འཛིན་པར་མ་ཟད་ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་དུ་ཞུགས་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།