ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོར་རྒྱུས་ལོན་བྱེད་ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་གསུམ་པ་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས16ཉིན། ཀྲུང་གོར་རྒྱུས་ལོན་བྱེད་ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་སྐབས་གསུམ་པ་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས་པར་མ་ཟད་ཚོགས་འདུར་ཞུགས་པའི་རྒྱལ་ཁབ་སོ་སོའི་ཆབ་སྲིད་ལས་རིགས་དང་འཐབ་ཇུས་ལས་རིགས། ཁེ་ལས་ལས་རིགས། རིག་གཞུང་ལས་རིགས་སོགས་ལས་རིགས་སོ་སོའི་མི་སྣར་དགའ་བསུ་ཞུ་བའི་ཚུལ་བསྟན།

ཞི་ཅིན་ཕིན་གྱིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པའི་ལོ་ཡིན། ལོ་བཅུ་བཞིའི་རིང་ལ་བཅོས་སྒྱུར་སྒོ་འབྱེད་བྱས་ཏེ་ཀྲུང་གོའི་འཕེལ་རྒྱས་ཐད་ནས་རླབས་ཆེན་གྲུབ་འབྲས་བླངས་པ་དང་ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་འབྲེལ་བ་སྔར་ལས་ཇེ་དམ་དུ་འགྲོ་བཞིན་ཡོད། ཀྲུང་གོས་མུ་མཐུད་དུ་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་ཁྱོན་ཡོངས་ནས་སྒོ་འབྱེད་རྒྱ་བསྐྱེད་ཅིང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་ལག་བསྟར་ནན་མོ་བྱེད་པ་དང་། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་མ་ཟད། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་འགོག་སྲུང་བྱ་བར་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། འཛམ་གླིང་ཡོངས་ལ་སྔར་ལས་མང་པོའི་མཉམ་ལས་ཀྱི་གོ་སྐབས་འདོན་སྤྲོད་བྱེད་ངེས་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཚོགས་ཞུགས་མགྲོན་པོ་དང་མཉམ་དུ་བགྲོ་གླེང་བྱས་ཏེ། ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་ཀྲུང་གོར་རྒྱུས་ལོན་བྱེད་ཚད་ཇེ་ཟབ་ཏུ་གཏོང་བར་མ་ཟད། འཛམ་གླིང་ཡོངས་ཀྱིས་ཀྲུང་གོར་རྒྱུས་ལོན་ཟབ་མོ་བྱེད་པར་རོགས་རམ་བྱེད་པ་དང་ཀྲུང་གོ་དང་འཛམ་གླིང་བར་གྱི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།