ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་འགན་འཁུར་བ་གཙོ་བོའི་དཔལ་འབྱོར་གནས་བབ་ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཅང་སུའུ་ནན་ཅིན་ནས་འགོ་འཛིན་མཛད་དེ་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁ་ཤས་ཀྱི་འགན་འཁུར་བ་གཙོ་བོའི་དཔལ་འབྱོར་གནས་བབ་ཐད་ནས་བཞུགས་མོལ་ཚོགས་འདུ་བསྡུས། 

ཚོགས་ཐོག་ནས་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིག་ཆིན་ཅན་དང་ཧྲིན་ཀྲང་ཝུའུ་ཀྲིན་ལུང་། ཧེ་ལུང་ཅང་ཞིང་ཆེན་གྱི་ཧྲིན་ཀྲང་ཝུན་ཐོ། ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་ཁྲིན་རུན་ཨར། ཧུའུ་པེ་ཞིང་ཆེན་གྱི་ཧྲིན་ཀྲང་ཝང་ཞོ་ཏུང་། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མ་ཞིན་རོས། ཀོང་ཞི་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་ཁྲིན་ཝུའུ། སི་ཁྲོན་ཞིང་ཆེན་གྱི་ཧྲིན་ཀྲང་དབྱིན་ལིས་བཅས་ཀྱིས་གཏམ་བཤད།

ལིས་ཁི་ཆང་གིས་གསུངས་རྒྱུར། ད་ལོར། རྒྱལ་ཡོངས་ཀྱི་གོང་འོག་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། འཕར་སྣོན་བརྟན་འཇགས་དང་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྒྲིག་གཞི་ལེགས་སྒྲིག དམངས་ཚིས་ལེགས་བཅོས། ཉེན་ཁ་སྔོན་འགོག་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་འགྲན་རྩོད་སྣ་ཚོགས་དང་གཏན་འཁེལ་མིན་པའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བའི་གནས་ཚུལ་ལ་དམིགས་ཏེ་དུས་ཐོག་ཏུ་བྱེད་ཐབས་སྤྱད་ནས་དཔལ་འབྱོར་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བ་དང་བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱས། རྙོག་འཛིང་ཆེ་བའི་གནས་བབ་ལ་དམིགས་ཏེ་དཔལ་འབྱོར་འཕེལ་ཚད་དལ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བ་སོགས་ཀྱི་དཀའ་ཁག་ལ་དཔྱད་འཇོག་བྱེད་པ་དང་བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་པར་བརྟེན་ནས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་སྟེ། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་ནན་ཏན་སྒོས་བྱ་བ་བསྒྲུབ་པ་དང་དཀའ་ངལ་ཁྱད་སེལ་བྱས་ནས་མང་ཚོགས་ལ་ཁེ་ཕན་བསྐྲུན་དགོས། ལས་ཁུངས་སོ་སོས་ས་གནས་ཀྱི་འཕེལ་རྒྱས་ལ་ཆ་རྐྱེན་བསྐྲུན་དགོས་པ་དང་ས་གནས་སོ་སོས་ཡུལ་བབ་དང་བསྟུན་ཏེ་གསར་སྐྲུན་རང་བཞིན་གྱི་བྱ་བ་སྒྲུབ་ནས་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་ཁུལ་ཁོངས་སུ་སྲུང་འཛིན་བྱེད་པ་དང་ཡུན་རིང་གི་འཕེལ་ཕྱོགས་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས་ཟེར།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།