ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁི་ལེ་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཟླ་བཅུ་གཉིས་པའི་ཚེས་གཉིས་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀེན་ཐིན་གྱི་ཙུང་ཐུང་མཱ་ཁི་ལེ་གཉིས་ཀྱིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་གྲོས་མོལ་མཛད། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་མིག་རྒྱ་སྔར་ལས་ཡངས་པོས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་པ་བསྐྲུན་པར་འཐད་པ་བྱུང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཀེན་ཐིན་ཕྱོགས་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་། འདྲ་མཉམ་གཉིས་ཕན་དང་མཉམ་ལས་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་། མིག་རྒྱ་སྔར་ལས་ཡངས་པོས་ཕྱོགས་གཉིས་ཀྱི་འབྲེལ་བར་འཆར་འགོད་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་གྱིས་ཀྲུང་གོ་དང་ཨ་ཀེན་ཐིན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་དུས་རབས་གསར་པ་བསྐྲུན་ནས། རྒྱལ་ཁབ་གཉིས་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། དར་རྒྱས་བཅས་ཀྱི་ཐད་བྱས་རྗེས་གསར་པ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་ཀྱིས་ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱསཏེ། ཕ་རོལ་བས་རང་བདག་གིས་བདམས་པའི་འཕེལ་རྒྱས་བགྲོད་ལམ་ལ་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཀེན་ཐིན་གྱི་སྤུས་ལེགས་ཐོན་རྫས་དང་ཞབས་ཞུ་ནང་འདྲེན་བྱེད་ཚད་རྒྱ་བསྐྱེད་དེ། ཕྱོགས་གཉིས་ཀྱི་ཉོ་འཚོང་སྟབས་བདེ་ཅན་ལ་ཡར་སྐུལ་བྱེད་འདོད་ཡོད། ཀྲུང་གོ་ཨ་ཀེན་ཐིན་ཕྱོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་དམངས་ཚིས་སོགས་རྣམ་གྲངས་ཁྲོད་ཟབ་ཞུགས་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཀེན་ཐིན་གཉིས་ནི་ཤན་ཤུགས་གལ་ཆེན་ལྡན་པའི་འཕེལ་རྒྱས་སུ་འགྲོ་བཞིན་འི་རྒྱལ་ཁབ་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཡིན་པས། ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་དཀྱེལ་ཡངས་ཀྱི་འཛམ་གླིང་དཔལ་འབྱོར་ལ་མཉམ་དུ་རྒྱབ་སྐྱོར་བྱེད་དགོས། ཀྲུང་གོས་ཨ་ཀེན་ཐིན་བར་གྱི་ཕྱོགས་མང་རྐྱེན་སྲོལ་ཁྲོད་ཀྱི་མཐུན་སྦྱོར་དང་གཞོགས་འདེགས་ལ་ཤུགས་བསྣན་ནས། ལག་རྡང་མཉམ་སྦྲེལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་འབྲེལ་ཐུན་མོང་ཚོགས་པ་འཛུགས་འདོད་ཡོད་ཟེར།

མཱ་ཁི་ལེ་ཡིས་བསྟན་དོན། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། རྒྱུད་གཅིག་ལམ་གཅིག་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཨ་ཀེན་ཐིན་གྱིས་ཀྲུང་གོའི་བར་གྱི་ཞིང་ལས་དང་དངུལ་རྩ། མཁའ་འགྲུལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། ཡུལ་སྐོར་དང་ལུས་རྩལ་སོགས་མི་ཆོས་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་འདོད་ཡོད། ཨ་ཀེན་ཐིན་གྱིས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་ཀེན་ཐིན་ལ་མ་དངུལ་གཏོང་ཚད་ཇེ་མང་དུ་གཏོང་བར་དགའ་བསུ་ཞུ་བཞིན་ཡོད་ཟེར།

མཱ་ཁི་ལེ་ཡིས་ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་བཤད།

རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་མཉམ་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་ཉིས་སྟོང་བཅུ་དགུ་ལོ་ནས་ཉིས་སྟོང་ཉེར་གསུམ་ལོའི་བར་གྱི་ཐུན་མོང་འགུལ་སྐྱོད་འཆར་གཞི་དང་ཕྱོགས་གཉིས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་བདེན་དཔང་བྱས།

ཕྱོགས་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨ་ཀེན་ཐིན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ།

གྲོས་མོལ་གྱི་སྔོན་ལ། མཱ་ཁི་ལེ་ཡིས་ཙུང་ཐུང་བཞུགས་ཤག་གི་གཟི་བརྗིད་ཐང་ཆེན་ནས་ཞི་ཅིན་ཕིང་གི་དགའ་བསུའི་མཛད་སྒོ་གཟབ་རྒྱས་བསྡུས།།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།