ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་དྲ་ཐོག་ཚོང་རྟགས་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11ཚེས27ཉིན། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་ཀྲུང་གོའི་ཚོང་རྟགས་ཐོག་བརྩེགས་ཁང་ཆེན་དུ་དྲ་ཐོག་ཚོང་རྟགས་ཞབས་ཞུའི་མ་ལག་ཕྱོགས་ཡོངས་ནས་སྤྱོད་པའི་མཛད་སྒོ་འཚོགས་པ་རེད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་བྱེད་སྒོར་ཞུགས་པ་དང་འབྲེལ་གཏམ་བཤད་ཀྱང་བྱས་ཤིང་། ཁོང་གིས་དྲ་ཐོག་ཚོང་རྟགས་ཞབས་ཞུའི་མ་ལག་སྤྱོད་འགོ་ཚུགས་པ་ནི་ཉེ་བའི་ལོ་ཤས་རིང་ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་དུ་སྒྱུར་བཅོས་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་ཀྱི་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་བྱ་བ་ཞིག་དང་ཚོང་རྟགས་ཞབས་ཞུའི་གཞི་རྟེན་དང་ཞབས་འདེགས་ཞུ་སྟངས་ལ་ཚད་བརྒལ་རང་བཞིན་གྱི་བསྒྱུར་བཅོས་ཞིག་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར“ཞིབ་དཔྱད་ཀྱི་དུས་ཡུན་ཇེ་ཐུང་དུ་གཏོང་བའི”ལོའི་ཚོང་རྟགས་སྒྱུར་བཅོས་ཀྱི་དམིགས་ཚད་སྔ་སྣུར་དུ་མངོན་འགྱུར་བྱུང་ཡོད། ཟླ11པའི་ཚེས9ཉིན་ཚོང་རྟགས་ཐོ་འགོད་ཀྱི་ཆ་སྙོམས་ཞིབ་དཔྱད་དུས་ཡུན་དེ་ཟླ་བ་ལྔ་དང་ཉིན་ཉེར་བརྒྱད(ཉིན52ཐུང་དུ་སོང་བ)བར་ཐུང་དུ་སོང་ནས་ཚོང་རྟགས་ཐོ་འགོད་ཀྱི་ཆ་སྙོམས་ཞིབ་དཔྱད་དུས་ཡུན་ཟླ་བ་དྲུག་ནང་ཚུན་དུ་ཐུང་དུ་གཏོང་བའི་དམིགས་ཚད་མངོན་འགྱུར་བྱུང་ཡོད།

 ཧྲེང་ཁྲང་ཡུས་ཀྱིས་ཤེས་བྱའི་བདག་དབང་གསར་གཏོད་དང་། སྲུང་སྐྱོང་། བེད་སྤྱོད་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་ཤེས་བྱའི་བདག་དབང་ཞིབ་དཔྱད་ཀྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱས་ཏེ་ཤེས་བྱའི་བདག་དབང་གི་གསར་གཏོད་ཁོར་ཡུག་སྔར་བས་ལེགས་སུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ། ཤེས་བྱའི་བདག་དབང་བེད་སྤྱོད་ཀྱི་ཆུ་ཚད་མཐོ་རུ། ཤེས་བྱའི་བདག་དབང་གི་ཞབས་ཞུའི་སྤུས་ཚད་མཐོ་རུ་བཅས་གཏོང་དགོས་ཞེས་བསྟན་ཞིང་། ཁོང་གིས་ཤེས་བྱའི་བདག་དབང་གི་ཐོ་འགོད་ཞིབ་དཔྱད་ནི་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་འབྱུང་རྩ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་དང་ཚོང་གཉེར་ཁོར་ཡུག་ཡག་པོ་ཞིག་གཏོད་རྒྱུ་དང་འབྲེལ་བ་ཡོད་པ། ཤེས་བྱའི་བདག་དབང་ལས་དོན་ཁྲོད་ཀྱི་གལ་ཆེའི་ནང་གི་འགངས་ཆེ་བཅས་ཡིན། དེས་ན་བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་དང་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང་ཆབས་ཅིག སྤུས་ཚད་ཨང་དང་པོ་དང་ཕན་འབྲས་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ལམ་ལུགས་འཛུགས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་སྒོ་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཤེས་བྱའི་བདག་དབང་ཞིབ་དཔྱོད་ཀྱི་འདུ་ཤེས་ཟབ་ཏུ་དང་། དོ་དམ་བྱེད་སྟངས་ལེགས་སུ། ཞིབ་དཔྱད་སྤུས་ཚད་མཐོ་རུ་བཅས་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།