ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ཏོ་སྨི་ནི་ཁ་དང་སར་ཝ་ཏོལ་གྱི་ཙུང་ཐུང་དང་ཁི་ལུའོ་ཏི་ཡའི་ཙུང་ལི་བཅས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་བཅུ་གཅིག་པའི་ཚེས་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་སོར་ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏི་ནཱ་དང་སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི། ཁི་ལུའོ་ཏི་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་བཅས་ལ་མཇལ་འཕྲད་གནང་།

ཏོ་སྨི་ནི་ཁའི་ཙུང་ཐུང་མེ་ཏི་ནཱ་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཏོ་སྨི་ནི་ཁའི་དཔལ་འབྱོར་ཐད་ནས་ཁ་གསབ་རང་བཞིན་དྲག་པོ་ལྡན་ལ། དངོས་གཉེར་མཉམ་ལས་ཀྱི་སྦས་ཤུགས་ཧ་ཅང་ཆེ། ཀྲུང་གོ་ཕྱོགས་ཀྱིས་དངོས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་དང་དངུལ་རྩའི་ལས་ཁུངས་ཀྱིས་ཚོང་རའི་སྒྲིག་ལམ་དང་ཚོང་དོན་གྱི་རྩ་དོན་ལྟར་ཕྱོགས་མང་པོའི་བར་གློག་ཤུགས་དང་འགྲིམ་འགྲུལ། གྲུ་ཁ་སོགས་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ཐད་ཀྱི་མཉམ་ལས་སྤེལ་བར་རྒྱལ་སྐྱོར་བྱེད་ཀྱིན་ཡོད་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་མིའི་འགྲོ་འོང་རྒྱ་སྐྱེད་དེ། མི་གཞུང་བརྗེ་རེས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

སར་ཝ་ཏོལ་གྱི་ཙུང་ཐུང་སང་ཆེ་སི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་སར་ཝ་ཏོལ་བར་འབྲེལ་བ་བཙུགས་པ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་དོན་ཆེན་ཡིན་པ་དང་། དེས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ཐུབ་པ་མ་ཟད། ཀྲུང་གོ་དང་མེ་གླིང་དབུས་མའི་རྒྱལ་ཁབ་བར་གྱི་བརྗེ་རེས་རྒྱ་སྐྱེད་པར་ཕན་འདོགས་ཐུབ། ཚེས་གཅིག་ཉིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཀྱིས་གྲུབ་འབྲས་ལྡན་པའི་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ཐད་ནས་འཆར་འགོད་བྱས། ཀྲུང་གོས་སར་ཝ་ཏོལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་གྱི་དམ་བཅའ་དམ་སྲུང་བྱེད་པར་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་སར་ཝ་ཏོལ་ཕྱོགས་ཀྱི་འཕེལ་རྒྱས་འཐབ་ཇུས་གཉིས་སྦྲེལ་མཐུད་བཟང་བོ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་མཉམ་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཁི་ལུའོ་ཏི་ཡའི་ཙུང་ལི་ཕུའུ་ལེན་ཁི་ཝེ་ཆི་ལ་མཇལ་འཕྲད་གནང་སྐབས། ལིས་ཁི་ཆང་གིས་བསྟན་དོན། མིག་སྔར། ཀྲུང་གོ་དང་ཁི་ལུའོ་ཏི་ཡའི་འབྲེལ་བ་འཕེལ་རྒྱས་ཀྱི་གནས་བབ་ཧ་ཅང་བཟང་བ་དང་། ཀྲུང་གོ་ཕྱོགས་ཀྱི་ཁི་ལུའོ་ཏི་ཡ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་སྣོན་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། ཁེ་ཕན་མཉམ་བསྲེས་རྒྱ་སྐྱེད་དགོས། ཀྲུང་གོས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་ཕན་ཚུན་ཁ་གསབ་ཀྱི་དགེ་མཚན་འདོན་སྤེལ་བྱེད་པ་དང་། འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་དང་གྲུ་གཟིངས་བཟོ་སྐྲུན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། མི་གཞུང་དང་གནས་སྐོར། ལུས་རྩལ་སོགས་ཐད་ཀྱི་མཉམ་ལས་དམ་ཟབ་ཏུ་བཏང་སྟེ། ཕྱོགས་གཉིས་ཀྱི་མི་སྣ་འགྲོ་འོང་ཐད་སྟབས་བདེ་བསྐྲུན་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།