ཀྲུང་གོ་བོད་ཀྱི་དྲ་བ།

​ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འགུལ་སྐྱོད་ལས་འཛིན་ཚོགས་པའི་ལོ་ཚོགས་སྐབས་སོ་ལྔ་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྤྱིའི་འགུལ་སྐྱོད་ལས་འཛིན་ཚོགས་པའི་ལོ་ཚོགས་སྐབས་སོ་ལྔ་པ་ཚེས་ཉེར་བརྒྱད་ཉིན་པེ་ཅིན་ཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་ཚོགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་སྤྱིའི་འགུལ་སྐྱོད་ལས་འཛིན་ཚོགས་པའི་ལོ་ཚོགས་སྐབས་སོ་ལྔ་པ་ཚོགས་མགོ་བརྩམས་པའི་སྐབས་འདིར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་བྱས་པར་མ་ཟད། ང་རང་ཉིད་ཀྱི་མིང་སྟེང་ནས་ལོ་ཚོགས་བསྡུས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ལ། གྲོས་ཚོགས་སུ་ཞུགས་པའི་ལས་འཛིན་ཚོགས་པའི་ཁོངས་མི་ཡོངས་ལ་ལྷག་བསམ་རྣམ་དག་གིས་དགའ་བསུ་ཞུས་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལོ་ངོ་བརྒྱའི་རིང་ལ་བྱུང་མ་མྱོང་བའི་བསྒྱུར་བཅོས་ཆེན་པོ་དང་འཕྲད་ཡོད། འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་མ་ལག་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་མྱུར་དུ་འགྱུར་ལྡོག་འབྱུང་བཞིན་ཡོད་ལ། འཛམ་གླིང་གི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་འཛམ་གླིང་གི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་ནི་དུས་ཀྱི་འཕེལ་ཕྱོགས་ཡིན་པ་དང་། རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་ཐུན་མོང་གི་ལས་འགན་ཡང་ཡིན། རྒྱལ་སྤྱིའི་འགུལ་སྐྱོད་ལས་འཛིན་ཚོགས་པས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ཐག་གཅོད་པར་བསྟུད་མར་འཚོལ་ཞིབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཕྱོགས་ནས་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད། སྐབས་འདིའི་ལོ་ཚོགས་ཀྱིས་འཛམ་གླིང་གི་བཅོས་སྐྱོང་གྲོས་གཞི་ལ་དམིགས་སུ་བཟུང་བ་དེར་དོན་སྙིང་གལ་ཆེན་ལྡན་ལ། ཕྱོགས་སོ་སོའི་བར་གྱི་ཐུན་མོང་གི་ལྟ་བ་ཇེ་ཟབ་ཏུ་གཏོང་བ་དང་། འཛམ་གླིང་གི་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བར་རམ་འདེགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་དུས་རྟག་ཏུ་མཉམ་འཛོང་མཉམ་སྐྲུན་མཉམ་སྤྱོད་ཀྱི་འཛམ་གླིང་བཅོས་སྐྱོང་ལྟ་བ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་དང་། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་ལྷོད་མེད་བྱེད་བཞིན་ཡོད་ལ། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གང་ལེགས་བྱེད་བཞིན་ཡོད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་འབྲེལ་ཐུན་མོང་ཚོགས་འཛུགས་པར་སྐུལ་འདེད་གཏོང་བཞིན་ཡོད། ང་ཚོས་རྒྱལ་ཁབ་སོ་སོ་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ། འཛམ་གླིང་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བའི་འཚོལ་ཞིབ་དང་ལག་ལེན་ལ་ཤུགས་བསྣན་ནས། མིའི་རིགས་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་པར་མཉམ་དུ་འབད་བརྩོན་བྱེད་འདོད་ཡོད། མཇུག་མཐར་ལོ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།