ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་བཞུགས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1536792966204838.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་པན་དཔལ་འབྱོར་ཚོགས་པའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲུང་ཞི་ཧོང་མེན་དང་འཇར་པན་ཚོང་བཟོ་གྲོས་ཚོགས་ཁང་གི་ཚོགས་གཙོ་སན་ཚུན་མེན་ཧྥུའུ་དང་། འཇར་པན་དང་ཀྲུང་གོ་དཔལ་འབྱོར་མཐུན་ཚོགས་ཀྱི་ཚོགས་གཙོ་ཙུང་ཀང་ཀྲིན་ཨར་བཅས་ཀྱིས་ཁྲིད་པའི་འཇར་པན་དཔལ་འབྱོར་ལས་རིགས་ཀྱི་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་བར་མ་ཟད་ཁོ་ཚོ་དང་བཞུགས་མོལ་མཛད། འཇར་པན་གྱི་ཁེ་ལས་གཙོ་བོའི་འགན་འཁུར་བ་ཉིས་བརྒྱ་ལྷག་བཞུགས་མོལ་ཚོགས་འདུར་ཞུགས།

ལིས་ཁི་ཆང་གིས་གསུངས་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་དུ་འབད་བརྩོན་བྱས་འོག དེང་སྐབས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། ད་ལོ་ནི་ཀྲུང་གོ་དང་འཇར་པན་བར་དུ་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་འཁོར་བཞི་བཅུ་ལོན་པའི་ལོ་དང་འཕྲད་ཡོད་པས། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་ནང་གཏན་འཁེལ་བྱས་པའི་རྩ་དོན་བརྩི་སྲུང་བྱེད་པ་དང་། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་ལ་དམིགས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་གཞི་རྩ་དང་ཡུན་རིང་གི་ཁེ་ཕན་གཞིར་འཛིན་པ་དང་ཞི་བའི་མཛའ་མཐུན་མཉམ་ལས་ཀྱི་ཡང་དག་པའི་ཁ་ཕྱོགས་གསལ་བོར་ཤེས་པར་བྱེད་དགོས་ལ། དེང་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ལེགས་བཅོས་བྱེད་པའི་རྣམ་པ་སྲ་བརྟན་དུ་བཏང་ནས་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་དེ་ཡང་དག་པའི་བགྲོད་ལམ་དུ་ཡང་བསྐྱར་ཞུགས་པའི་རྨང་གཞིའི་སྟེང་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

འཇར་པན་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། འཇར་པན་དང་ཀྲུང་གོའི་འབྲེལ་བ་ལེགས་བཅོས་བྱེད་པ་དེ་རྒྱལ་ཁབ་གཉིས་ལ་ཕན་པ་ཡོད་པར་མ་ཟད་འཛམ་གླིང་གི་དར་རྒྱས་དང་བརྟན་འཇགས་ལ་ཕན་པ་ཡོད། འཇར་པན་དཔལ་འབྱོར་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་མཉམ་དུ་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་རང་མོས་ཉོ་ཚོང་དང་སྣ་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་པ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།