ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ཀྲིན་གྱིས་ཚེས་བདུན་ཉིན་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས་པར་མ་ཟད་གསུང་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟས་རིགས་བདེ་འཇགས་བྱ་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་ནན་མོ་བྱས་ཤིང་། ཙུང་ལི་ལིས་ཁི་ཆང་གིས་བཏོན་པའི་བྱ་བའི་རེ་བ་ལག་བསྟར་དང་དངོས་འབེབས་བྱས་པ་དང་ཟས་རིགས་བདེ་འཇགས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པར་མ་ཟད། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་དང་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཟས་རིགས་བདེ་འཇགས་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་གསུངས་རྒྱུར། ཟས་རིགས་བདེ་འཇགས་དེ་མི་རེ་རེ་ཡི་བདེ་ཐང་ལ་འབྲེལ་བ་ཡོད་པས། རྒྱ་ཆེའི་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པའི་དམངས་ཚིས་གནད་དོན་ཁྲོད་ཀྱི་གཅིག་ཡིན། དུས་དང་རྣམ་པ་ཀུན་ཏུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་ལས་གནད་དོན་ལ་གཏན་ནས་མཐོང་ཆུང་བྱེད་མི་རུང་བ་དང་། གནད་དོན་རྩད་གཅོད་པ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་པ་བཅས་ཀྱི་བྱ་བ་གཙོར་བཟུང་སྟེ་རྒྱུན་མཐུད་སྒོས་གནད་དོན་ཐག་གཅོད་པ་དང་མཉམ་དུ་ཟས་རིགས་བདེ་འཇགས་བྱ་བ་བཟང་བོར་བསྒྲུབ་ནས། ཟས་རིགས་བདེ་འཇགས་བྱ་བའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར།

ཧུའུ་ཁྲུན་ཧྭ་དང་ཝང་ཡུང་གཉིས་ཀ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཚོང་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་དང་ཞིང་ལས་ཞིང་སྡེ་པུའུ། འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། སྒོ་ཁྲལ་སྤྱི་ཁྱབ་ཧྲུའུ། སྤྱི་བདེ་པུའུ་སོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་ཐོག་ནས་གཏམ་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།