ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ8པའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་དང་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་ཀྲུང་གོ་དང་འཇར་པན་བར་ཞི་བདེ་མཛའ་མཐུན་ཆིངས་ཡིག་བཀོད་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བསྟན་དོན། ལོ་བཞི་བཅུའི་སྔོན་ལ། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་རྒན་རབས་འགོ་ཁྲིད་པ་དང་ཆབ་སྲིད་པས་ཀྲུང་གོ་དང་འཇར་པན་བར་དུ་ཞི་བདེ་མཛའ་མཐུན་ཆིངས་ཡིག་འགོད་པའི་ཆབ་སྲིད་བློ་འདོན་ཐག་གཅོད་གཏན་འཁེལ་བྱས་པ་དང་བཅའ་ཁྲིམས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་འཇར་པན་གྱིས་མཉམ་འབྲེལ་སྒོས་གསལ་སྒྲོག་བྱས་པའི་རྩ་དོན་སྣ་ཚོགས་ཁས་ལེན་བྱས་ནས། ཀྲུང་གོ་དང་འཇར་པན་གྱི་འབྲེལ་བའི་ཐད་ལ་ལམ་ཚད་རྡོ་རིང་གལ་ཆེན་བཙུགས། ལོ་བཞི་བཅུའི་རིང་ལ། ཀྲུང་གོ་དང་འཇར་པན་འབྲེལ་བ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད་ས་གནས་དང་འཛམ་གླིང་གི་དར་རྒྱས་བརྟན་འཇགས་ཐད་ལ་བྱས་རྗེས་ཆེན་པོ་བཞག ཀྲུང་གོ་ཕྱོགས་ཀྱིས་འཇར་པན་ཕྱོགས་དང་མཉམ་དུ་མུ་མཐུད་ནས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་པར་ཁ་ཕྱོགས་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཀྲུང་གོ་དང་འཇར་པན་བར་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་སྣ་ཚོགས་བརྩི་སྲུང་བྱེད་པ་དང་། ཆབ་སྲིད་རྨང་གཞི་སྲུང་སྐྱོབ་བྱེད་པ། གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་འོས་འཚམ་སྒོས་འགལ་བ་སྣ་ཚོགས་ལ་དོ་དམ་དང་ཚོད་འཛིན་བྱས་ནས། ཀྲུང་གོ་དང་འཇར་པན་འབྲེལ་བ་ཡུན་རིང་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཨན་པེ་ཅིན་སན་གྱིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་བཤད་རྒྱུར། ད་ལོའི་ཟླ་ལྔ་བར་ཙུང་ལི་ལིས་ཁི་ཆང་གིས་འཇར་པན་ལ་དངོས་གཞིའི་འཚམས་འདྲི་མཛད་དེ་འཇར་པན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ཡང་བསྐྱར་ཞུགས་པ་དེ་ཕྱིན་ཆད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་དོན་སྙིང་གལ་ཆེན་ལྡན། འཇར་པན་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ས་གནས་དང་འཛམ་གླིང་གི་ཞི་བདེ་དང་དར་རྒྱས་ཐད་ལ་འགན་འཁྲི་ཆེན་པོ་འཁུར་ཡོད་པས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་མཉམ་ལས་ཟབ་སྤེལ་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་གནད་དོན་སྣ་ཚོགས་ཐག་གཅོད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།