ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཆེད་སེམས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལས་ཀའི་མཉམ་ཤུགས་ཤུགས་ཆེར་བཏང་ནས་བློ་བརྟན་འགྱུར་མེད་ངང་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ཡག་པོ་གྲུབ་དགོས་པའི་ནན་བཤད་གནང་བ།

ཡོང་ཁུངས། : ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།     སྤེལ་དུས། : 2018-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པའི་ཐོག ཆེད་སེམས་འདུ་ཤེས་བརྟན་པོ་འཛུགས་པ་དང་ལས་ཀའི་མཉམ་ཤུགས་ཤུགས་ཆེར་བཏང་ནས་བློ་བརྟན་འགྱུར་མེད་ངང་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ཡག་པོ་གྲུབ་དགོས་པའི་ནན་བཤད་གནང་བ།

སྤྱི་ཟླ་༧པའི་ཚེས་༣༡ཉིན་གྱི་ཕྱི་དྲོ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ཐད་མཉམ་སྡེབ་སློབ་སྦྱོང་ཐེངས་བདུན་པ་གཉེར་ཡོད་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པ་ནི། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བར་གཞིགས་ནས་བཟོས་པའི་གལ་ཆེའི་བཀོད་ཇུས་ཞིག་ཡིན་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་གལ་ཆེའི་ནང་དོན་ཞིག་ཡིན། ཆོད་སེམས་འདུ་ཤེས་བརྟན་པོ་འཛུགས་པ་དང་། གསར་གཏོད་འགག་གཏོར་ལ་ཤུགས་སྣོན་རྒྱག་པ། དགེ་མཚན་ལྡན་པ་དང་བརྟན་པོ་རྒྱུན་འཁྱོངས་བྱེད་པ། ལས་ཀའི་མཉམ་ཤུགས་ཤུགས་ཆེར་གཏོང་བ། འགོ་མི་འཛུགས་པ་དང་ཤུགས་ཆུང་དུ་མི་གཏོང་བ། གཞན་ལ་སྟབབས་བདེ་མི་སྐྲུན་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ཡག་པོ་གྲུབ་དགོས་པ་དང་། དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་བཞག་ཆེད་ཆ་རྐྱེན་ཡག་པོ་སྐྲུན་དགོས་ཞེས་ནན་བཤད་གནང་ཡོད།

ཐེངས་འདིའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་དེ་བརྒྱད་གཅིག་དམག་འཛུགས་དུས་ཆེན་གོང་དུ་གཉེར་བ་དང་། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ནས། བཅིངས་འགྲོལ་དམག་གི་བཀོད་འཐབ་པ་ཡོངས་དང་། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག ཡུལ་དམག གྲ་སྒྲིག་དམག་ཞབས་མི་སྣ་བཅས་ལ་དུས་ཆེན་ལ་བཀྲིས་བདེ་ལེགས་ཞུས་ཡོད།

དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཆེད་ལས་ཀྲུའུ་རེན་གཞོན་པ་ཧུའུ་ཞའོ་ཧྭ་ཡིས་གནད་དོན་དེའི་ཐད་འབྲེལ་བཤད་གནང་བ་མ་ཟད། དགོངས་འཆར་དང་གྲོས་འགོ་བཏོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ལྷན་རྒྱས་ཀྱིས་ཁོང་གི་འབྲེལ་བཤད་ནན་ཏན་ངང་གསན་གནང་བ་མ་ཟད། འབྲེལ་ཡོད་གནད་དོན་ཐད་གྲོས་བསྡུར་གནང་ཡོད་པ་རེད།

ཞི་ཅིན་ཕིང་གིས་སློབ་སྦྱོང་གཙོ་སྐྱོང་གནང་སྐབས་གསུངས་བཤད་གནང་བ་དང་། ཁོང་གིས། དེ་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་གི་ནང་དོན་ནི་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱ་རྒྱུ་དེ་ཡིན། སློབ་སྦྱོང་འདི་འདྲ་ཞིག་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་ཀའི་གནས་ཚུལ་ཤེས་རྟོག་བྱེད་པ་དང་། ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ལས་དོན་དེར་སྐུལ་འདེད་དེ་བས་ཡག་པ་གཏོང་རྒྱུ་དེ་ཡིན་ཞེས་ནན་བཤད་གནང་ཡོད་པ་དང་།

ཞི་ཅིན་ཕིང་གིས། ལོ་གཉིས་ལྷག་གི་ནང་ཚུན། འབྲེལ་ཡོད་ཕྱོགས་ཁག་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱེད་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་འགག་གྲོལ་དཀའ་སེལ་བྱེད་པ་བཅས་བྱས་ཡོད་པས། དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གལ་ཆེའི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད་ལ། དམག་དཔུང་གིས་ཚོང་གཉེར་བྱེད་སྒོ་མི་སྤེལ་བའི་དམིགས་ཡུལ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་ཡོད་ཅེས་བསྟན་ཡོད་པ་དང་།

ཞི་ཅིན་གཕིང་གིས། གཏན་འཁེལ་བྱས་པའི་བཀོད་སྒྲིག་ལ་གཞིགས་ན། དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱ་རྒྱུ་དེ་སྤྱི་ལོ་2018ལོའི་ལོ་མཇུག་གོང་ལེགས་གྲུབ་ཟིན་པ་བྱེད་དགོས། མིག་སྔར། འབྲེལ་ཡོད་ལས་དོན་གྱི་འཕེལ་ཕྱོགས་སྤྱི་ཡོངས་ནས་ཧ་ཅང་ཡག་པོ་ཡོད། འོན་ཀྱང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེན་པོ་དང་ལྗི་པོ་ཡོད། འཕེལ་ཕྱོགས་དང་བསྟུན་ནས་མདུན་དུ་སྐྱོད་པ་དང་། དཀའ་ངལ་ཁྱད་བསད་ཀྱིས་མདུན་སྐྱོད་བྱས་ཏེ། འགོ་ཡག་པོ་འཛུགས་པ་དང་མཇུག་ཡག་པོ་བསྡུས་ནས། ང་ཚོས་གཏན་འཁེལ་བྱས་པའི་དམིགས་འབེན་དུས་བཀག་ལྟར་མངོན་འགྱུར་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་དང་།

ཞི་ཅིན་ཕིང་གིས། དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་དེ་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་མང་པོ་དང་འབྲེལ་བ་ཡོད་པ་དང་། ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན། ཚོར་སྣང་རང་བཞིན་བཅས་ཤུགས་ཆེན་པོ་ཡོད་པས། ལས་དོན་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུ་འགན་ལེན་དང་། དཔུང་སྡེ་དང་སྤྱི་ཚོགས་ཀྱི་གནས་བབས་ཆེན་པོ་གཉིས་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་དགོས། ཆ་སྒྲིག་གི་སྲིད་ཇུས་དང་གཏན་འབེབ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་བསམ་བློ་ཤུགས་ཆེར་གཏོང་བ། ཁྲིམས་ལུགས་བྱ་ཐབས་བེད་སྤྱོད་ཡག་པོ་བྱེད་པ་བཅས་བྱས་ཏེ། གཞི་འཛིན་ས་ཡོད་པ་འགན་ལེན་བྱེད་པ་དང་། དཔུང་སྡེའི་ལུགས་མཐུན་གྱི་ཁེ་དབང་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཡག་པོ་བྱེད་དགོས། བཀག་རྒྱའི་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། བཟོད་གོམས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ། ཤེས་རྟོག་བྱུང་བའི་གནད་དོན་གྱི་ཁུངས་སྣེ་བརྩད་ཞིབ་མཐའ་གཅིག་ཏུ་བྱས་ནས། སྒྲིག་ཁྲིམས་དང་ཁྲིམས་ལུགས་ལས་འགལ་བའི་མི་དང་ལས་ཀ་ཚང་མ་ཐག་གཅོད་ནན་པོ་བྱེད་པ་དང་། རྒྱ་ཡན་དུ་རྩ་བ་ནས་གཏོང་རྒྱུ་མེད་ཅེས་བསྟན་ཡོད་པ་དང་།

ཞི་ཅིན་ཕིང་གིས། ལོ་གཉིས་ལྷག་གི་ནང་ཚུན། ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལ་མཐོང་ཆེན་བྱས་པ་དང་། ལས་དོན་འབོར་ཆེན་གྲུབ་ཡོད། དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་དང་ཚན་པས་རང་འགུལ་ངང་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་། ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་གཏུག་མཐུན་སྦྱོར་ཡག་པོ་བྱེད་པ་དང་། ལས་དོན་གྱི་འཕེལ་རིམ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་བ། གནས་ལ་འཕིགས་པའི་ངང་ལས་འགན་དང་དགོས་འཁོ་འབྲེལ་མཐུད་བྱེད་པ་བཅས་བྱས་ཏེ། དམག་དཔུང་གི་གླ་རིན་ཡོད་པའི་ཞབས་ཞུ་ཁྱོན་ཡོངས་ནས་མཚམས་འཇོག་བྱེད་པའི་ལས་དོན་ལེགས་གྲུབ་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།