ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འཇར་མན་གྱི་ཙུང་ལི་དང་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   ས་དེའི་ཚེས9ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པོ་ལིན་གྱི་ཙུང་ལི་བཞུགས་ཤག་ནས་འཇར་མན་གྱི་ཙུང་ལི་མཱོ་ཁི་ཨར་དང་མཉམ་དུ་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྐོར་ཐེངས་ལྔ་པར་འགོ་འཛིན་མཛད་རྗེས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་བསྟན་དོན། ཐེངས་འདིའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་སྟེང་ཁྱབ་ཁོངས་རྒྱ་ཆེན་པོ་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཏེ། ཀྲུང་གོ་དང་འཇར་མན་གྱི་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་གསར་པ་བསྐྲུན་ཡོད། སྐོར་ཐེངས་གསར་པའི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་འཕེལ་རིམ་ཁྲོད་དུ། ཀྲུང་གོས་མུ་མཐུད་དུ་ཁྲོམ་རའི་ཁོར་ཡུག་ལེགས་སྒྱུར་བྱས་ནས། ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་རྒྱུ་ཡིན་ལ། འཇར་མན་ཕྱོགས་ཀྱིས་ཀྲུང་གོའི་སྐོར་ཐེངས་གསར་པའི་བཅོས་སྒྱུར་སྒོ་འབྱེད་ཀྱི་གོ་སྐབས་དམ་འཛིན་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོ་དང་འཇར་མན་གྱི་དོན་དངོས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་འཚོང་ལ་སྲུང་སྐྱོབ་བྱེད་པར་འབད་བརྩོན་བྱེད་པ་དང་། རྒྱལ་ཁབ་གཉི་ག་རང་སོ་སོའི་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བ་མངོན་པར་མཚོན་དགོས་ཟེར།

ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཐུག་འཕྲད་ཐེངས་བདུན་པའི་སྐོར་གྱི་དྲི་བར་ལན་འདེབས་སྐབས། ལིས་ཁི་ཆང་གིས་བསྟན་དོན། དེ་ནི་ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱིས་མཉམ་དུ་བསྐྲུན་པའི་མཉམ་ལས་ཀྱི་སྟེགས་བུ་ཡིན་ལ། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བའི་གྲུབ་ཆ་གལ་ཆེན་དང་ཁ་གསབ་ནུས་ལྡན་ཡང་ཡིན། ཀྲུང་གོས་ཡོ་རོབ་གླིང་མནའ་འབྲེལ་གྱིས་མཐུན་སྒྲིལ་དང་གཏན་འཇགས། འཕེལ་རྒྱས་བཅས་སྲུང་འཛིན་བྱེད་པའི་གནས་ཚུལ་མཐོང་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།