ཀྲུང་གོ་བོད་ཀྱི་དྲ་བ།

ཁྲིན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཁྲིན་ཞི་ཡིས་ཟླ་དྲུག་པའི་ཚེས་གཅིག་ཉིན་འགོ་འཛིན་བྱས་ནས་ཡོན་ཧྲི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། འདུ་ཤེས་བཞི་དམ་པོར་བཅངས་པ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་བཏང་སྟེ། ཚན་རིག་གི་ཐད་ནས་རྒྱལ་ཁབ་ལ་དྲན་ལན་འཇལ་བའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བྱེད་པ་དང་། རང་ཉིད་ཀྱི་ཕུགས་བསམ་རང་རྟོགས་སྒོས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རླབས་ཆེན་ལས་དོན་ཁྲོད་མཉམ་འདྲེས་བྱེད་པ་དང་། དུས་རབས་གསར་བའི་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་མཁན་བྱས་ནས། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་ནན་གྱིས་བསྟན།

ཁྲིན་ཞི་ཡིས་ནན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་དུས་རབས་གསར་བར་འཛམ་གླིང་གི་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་སྐུལ་སློང་བཀའ་ཁྱབ་ཡིན་ལ། རང་རྒྱལ་གྱི་ཚན་རྩལ་ལས་དོན་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་པར་མ་ཟད། གཞི་རྩའི་བསྲུང་བྱ་འདོན་སྤྲོད་བྱས། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ནན་མོ་ཡིད་ལ་དམ་པོར་བཟུང་སྟེ། རྒྱལ་ཁབ་འཐབ་ཇུས་གལ་ཆེན་གྱི་རེ་བ་ལ་དམ་པོར་དམིགས་ནས། དཀའ་ཁག་ཁྱད་སེལ་དང་རང་བདག་གསར་གཏོད་བྱེད་པ། ཚན་རྩལ་འགྲན་རྩོད་དང་མ་འོངས་པའི་འཕེལ་རྒྱས་ཀྱི་མཐོ་ས་དམ་པོར་བཟུང་སྟེ། ལག་རྩལ་གཙོ་བོ་རང་གིས་འཛིན་པ་དང་། གསར་གཏོད་རང་བདག་དབང་ཆ་དང་འཕེལ་རྒྱས་རང་བདག་དབང་ཆ་རང་གིས་ཚོད་འཛིན་བྱེད་པ་མངོན་འགྱུར་བྱེད་དགོས། ཤེས་ལྡན་མི་སྣ་སྐྱེད་སྲིང་སྒྲིག་གཞི་དང་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། ཤེས་ལྡན་མི་སྣ་སྐྱེད་སྲིང་དང་གདེང་འཇོག འཁོར་སྐྱོད། ཡར་སྐུལ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པར་མ་ཟད། ཡོན་ཧྲི་དང་ཆེད་མཁས་པ། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་བཅས་ལ་ཆབ་སྲིད་ཐད་ནས་ཐུགས་ཁུར་དང་། བྱ་བའི་ཐད་ནས་རྒྱབ་སྐྱོར། འཚོ་བའི་ཐད་ནས་སེམས་ཁུར་བཅས་བྱས་ཏེ། ཤེས་ལྡན་མི་སྣར་བརྩི་འཇོག་དང་གུས་བཀུར་བྱེད་པ་དང་། ཤེས་ལྡན་མི་སྣར་ཞབས་ཕྱི་བསྒྲུབ་སྟེ། ཁོ་ཚོར་གསར་གཏོད་ལས་སྐྲུན་བྱེད་པའི་ཁོར་ཡུག་བཟང་བོ་སྐྲུན་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།