ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས2018ལོའི་སངས་རྒྱས་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་འཚོགས།

ཡོང་ཁུངས། : ཀྲུང་གོའི་བོད་ལྗོངས་དྲ་བ།     སྤེལ་དུས། : 2018-05-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

W020180523399524872112.jpg

སངས་རྒྱས་འཁྲུངས་སྐར་དུས་ཆེན་དེ་པེ་ཅིང་ལིང་ཀོང་དགོན་པ་ནས་འཚོགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོའི་ཟླ5པའི་ཚེས22ཉིན་(ལུགས་རྙིང་གི་ཟླ་བཞི་པའི་ཚེས་བརྒྱད་ཉིན)ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་སངས་རྒྱས་ཚེམས་གདུང་བཞུགས་སའི་གནས་མཆོག་པེ་ཅིང་ལིང་ཀོང་དགོན་པ་ནས་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་སྐར་གྱི་དུས་ཆེན་མཛད་སྒོ་སྤེལ། ཀྲུང་གོའི་རྒྱལ་ཡོངས་སྐད་རིགས་ཆེན་མོ་གསུམ་གྱི་ནང་བསྟན་མི་སྣ་དང་། ཀྲུང་ཕྱིའི་སྐུ་མགྲོན། དད་ལྡན་མང་ཚོགས་ཆིག་སྟོང་ལྷག་བཅས་མཛད་སྒོར་ཞུགས་པ་རེད། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཞུའེ་ཁྲེང་དང་ཚོགས་གཙོ་སྐུ་གཞོན་རྣམ་པས་རྒྱ་བརྒྱུད་ནང་བསྟན་དང་། ལྷོ་བརྒྱུད་ནང་བསྟན། བོད་བརྒྱུད་ནང་བསྟན་བཅས་ཀྱི་འཐུས་མི་དང་ལྷན་དུ་ཆོས་ཐོག་འཚོགས་ནས་སངས་རྒྱས་ཚེམས་གདུང་བཞུགས་པའི་རིང་བསྲེལ་མཆོད་རྟེན་འོག་ནས་ཞལ་འདོན་གནས་མཇལ་དང་རྒྱལ་ཁབ་བདེ་ཞིང་དམངས་རྣམས་སྐྱིད་ལ་འཛམ་གླིང་ཞི་བདེ་ཡོང་བའི་སྨོན་ལམ་བཟང་བོ་བཏབ་པ་རེད། 

W020180523399524872560.jpg

རྒྱལ་ཁབ་སོ་སོའི་བླ་ཆེན་རྣམས་ཀྱིས་མཉམ་དུ་སངས་རྒྱས་འཁྲུངས་སྐར་བསུས་པ་རེད། 

ཀྲུང་གོར་བཅའ་སྡོད་བྱས་པའི་ཁམ་ཕུ་ཁྲེའི་གཞུང་ཚབ་ཆེན་མོ་ཁའེ་ཞི་སུའོ་ཏ་དང་། ཀྲུང་གོར་བཅའ་སྡོད་བྱས་པའི་འབར་མའི་གཞུང་ཚབ་ཆེན་མོ་ཝུའུ་ཏི་ལིང་ཝུང་། ཀྲུང་གོར་བཅའ་སྡོད་བྱས་པའི་སི་རི་ལན་ཁའི་གཞུང་ཚབ་ཆེན་མོ་ཁ་ལུའུ་ན་སའེ་ན་•ཁོ་ཏི་ཐུའུ་ཝ་ཁུའུ། དེ་བཞིན་ཐེ་ལན་དང་། ཝེ་ཐེ་ནམ། ལྷོ་ཁོ་རེ་ཡ། བལ་ཡུལ། རྒྱ་གར་སོགས་ཀྱི་ཀྲུང་གོར་བཅའ་སྡོད་བྱས་པའི་གཞུང་ཚབ་ཆེན་མོ་དང་འཐུས་མི་སོགས་ཕྱི་རྒྱལ་གྱི་གཞུང་ཚབ་སྐུ་མགྲོན་བཅུ་ཕྲག་ལྷག་མཛད་སྒོར་ཞུགས།   འབར་མའི་བླ་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་དང་། གསེར་གྱི་མཆོད་རྟེན་ཆེན་མོའི་ཁྲི་བ་སན་ཏི་མ་པི་ཝན་ས། ཐེ་ལན་མ་ཧོ་ཀྲུའུ་ལ་ལུང་ཀུང་སློབ་ཆེན་གྱི་སློབ་གཙོ་གཞོན་པ། ལི་མེང་དགོན་པའི་ཆོས་དཔོན་ཧྲ་ཝེ་སོགས་ཀྱང་མཛད་སྒོ་ཆེན་མོར་ཞུགས། 

W020180523399524879594.jpg

དེ་སྔའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཙུང་རུང་གིས་ཤིས་ཚིག་གསུངས། 

དེ་སྔའི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཁྲེན་ཙུང་རུང་ལགས་སངས་རྒྱས་འཁྲུངས་སྐར་དུས་ཆེན་དུ་ཞུགས་ནས།《རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས་རྒྱལ་ཡོངས་ནང་བསྟན་པའི་སྡེར་སྤྲིངས་པའི་སངས་རྒྱས་འཁྲུངས་སྐར་དུས་ཆེན་གྱི་རྟེན་འབྲེལ་ཞུ་ཡིག》ཞེས་པ་བརྒྱུད་སྒྲོག་གནང་། 《རྟེན་འབྲེལ་ཞུ་ཡིག》ནང་བསྟན་དོན། འདས་པའི་ལོ་གཅིག་རིང་ནང་བསྟན་པའི་སྡེ་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་རུ་མཐུན་སྒྲིལ་དམ་ཟབ་གནང་། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་དང་། རང་ངོས་འཛུགས་སྐྱོང་ལ་སྐུལ་སྤེལ་ཧུར་ཐག ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་སྣོན་ཧུར་ཐག སྤྱི་ཕན་དགེ་སྒྲུབ་བྱ་གཞག་ལ་ཧུར་ཐག ཕྱི་ཕྱོགས་མཛའ་མཐུན་འགྲོ་འོང་རྒྱ་ཁྱབ་ཏུ་སྤེལ་བ་ལ་ཧུར་ཐག་བཅས་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་། རིག་གནས་དར་རྒྱས། སྤྱི་ཚོགས་ཞི་མཐུན་ཡོང་བར་བྱས་རྗེས་ཆེན་པོ་བཞག

ཁྲེན་ཙུང་རུང་གིས་གསུང་དོན། ངའི་རེ་བ་ནི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གྱིས་རྒྱ་ཆེ་བའི་ནང་བསྟན་ཆོས་ལུགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་གྱི་སྣེ་ཁྲིད་དེ། སྔར་བས་ཀྱང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱེད་དགོས། རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་རང་རྒྱལ་གྱི་ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། ཆོས་གཞུང་དང་སྡོམ་ཁྲིམས་ནང་གི་དུས་རབས་འཕེལ་རྒྱས་ཀྱི་རེ་འདུན་དང་འཚམ་པའི་རྒྱུ་རྐྱེན་སྔོག་འདོན་གཏིང་ཟབ་བྱས་ནས། ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པའི་ལམ་དུ་བློ་བརྟན་འགྱུར་མེད་ཀྱིས་བསྐྱོད་དགོས་ལ། རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་ལ་ལེགས་སྐྱེས་གསར་པ་འབུལ་དགོས། 

W020180523399524876935.jpg

ཚོགས་གཙོ་ཞུའེ་ཁྲེང་གིས་སངས་རྒྱས་འཁྲུངས་སྐར་དུས་ཆེན་ལ་གསུང་ཚིག་འབུལ་བཞིན་པ། 

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཞུའེ་ཁྲེང་གི་གསུང་ཚིག་ནང་། ནང་བསྟན་ནི་སྙིང་རྗེ་ཞི་བདེ་དང་། བཏང་སྙོམས་ཡོངས་རྫོགས། སེམས་ཁམས་བྱི་དོར། ཀུན་སྤྱོད་གསོ་སྦྱོང་བཅས་ཡོང་བར་ནུས་པ་ཁྱད་དུ་འཕགས་པ་ཡོད་ལ། མིའི་རིགས་ཀྱི་བསམ་པའི་དཔལ་ཡོན་གྱི་འཕེལ་རྒྱས་ཡར་ཐོན་ལ་ལེགས་སྐྱེས་ཆེན་པོ་ཡང་བཞག་མྱོང་བ་མ་ཟད། རིག་གནས་མི་འདྲ་བ་དང་ཤེས་རིག་མི་འདྲ་བའི་བར་ཕན་ཚུན་ཞི་མཐུན་མཉམ་གནས་དང་ཤེས་རིག་སྤེལ་རེས་གནང་བར་བློ་གྲོས་ཀྱི་མིག་དཔེ་འཛིན་འོས། ཁོང་གིས་ནན་གྱིས་བསྟན་དོན། དུས་རབས་གསར་པ་ཕྱོགས་པར་ཀྲུང་གོའི་ནང་བསྟན་མཐུན་ཚོགས་གྱིས་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བའི་གོ་རིམ་གསར་པ་ཞིག་གཏོད་པར་གཞོལ་རྒྱུ་ཡིན་ཏེ། ནང་བསྟན་རྒྱལ་སྤྱིའི་རང་བཞིན་གྱི་ཐུན་མོང་མ་ཡིན་པའི་དགེ་མཚན་འདོན་སྤེལ་དང་། ནང་བསྟན་གྱི་སྙིང་རྗེ་ཞི་བདེ་དང་བཏང་སྙོམས་ཡོངས་རྫོགས་ཀྱི་དགོངས་དོན་རྒྱུན་འཁྱོངས་ཀྱིས། ནང་བསྟན་ནི་སེམས་ཀྱི་ཟམ་པ་དང་རིག་གནས་འབྲེལ་ཐག་ལྟ་བུ་ཡིན་པའི་ནུས་པ་འདོན་སྤེལ། རྒྱལ་ཁབ་དང་ས་ཁུལ་སོ་སོའི་ནང་བསྟན་རྗེས་འཇུག་པའི་ཆོས་ཕྱོགས་ཀྱི་མཛའ་བརྩེ་སྲ་བརྟན་དང་རྒྱུན་འཛིན་བྱས་ཏེ་མཛའ་མཐུན་འགྲོ་འོང་དང་བརྗེ་རེས་མཉམ་འབྲེལ་བྱེད་པར་ཤུགས་སྣོན་རྒྱུ། རྒྱལ་སྤྱིའི་ནང་བསྟན་རྩ་འཛུགས་དང་ཆོས་ལུགས་ཞི་བདེའི་རྩ་འཛུགས་ཀྱི་བྱེད་སྒོ་ཧུར་ཐག་གིས་ཞུགས་པ། འཛམ་གླིང་ཆོས་ལུགས་དང་ཤེས་རིག་བགྲོ་གླེང་ལ་ཞུགས་པ་བཅས་ཀྱིས།  “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ལ་ནང་བསྟན་གྱི་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུ་ཡིན། 

W020180523399524872832.jpg

ད་ཐེངས་ཀྱི་སངས་རྒྱས་འཁྲུངས་སྐར་དུས་ཆེན་ལ་ཆེད་དུ་“ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཕྱི་ཕྱོགས་སྤེལ་རེས་པར་རིས་འགྲེམ་སྟོན”དང་“རྒྱུད་གཅིག་ལམ་གཅིག”གི་པར་རིས་འགྲེམ་སྟོན་གཉིས་བཀོད་སྒྲིག་བྱས། པར་རིས་ཐོག་ནས་ཀྲུང་གོའི་ནང་བསྟན་ཕྱི་ཕྱོགས་སྤེལ་རེས་ཀྱི་ལོ་རྒྱུས་གྲུབ་འབྲས་དང་“རྒྱུད་གཅིག་ལམ་གཅིག་”གི་ལམ་རྒྱུད་རྒྱལ་ཁབ་དང་ས་ཁུལ་གྱི་ནང་བསྟན་རིག་གནས་གསལ་བར་བསྟན་པས། དེའི་ཁྲོད་ནས་ནང་བསྟན་རིག་གནས་ཀྱི་བསམ་བློ་རྒྱ་ཆེན་པོ་དང་ཤུགས་རྐྱེན་གཏིང་ཟབ་པ་དེ་ངེས་ཐུབ། 

W020180523399524874989.jpg

ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི2018ལོའི་སངས་རྒྱས་འཁྲུངས་སྐར་དུས་ཆེན་ལས་“ཕྱི་ཕྱོགས་སྤེལ་རེས་པར་རིས་འགྲེམ་སྟོན”དང་“རྒྱུད་གཅིག་ལམ་གཅིག་གི་ནང་བསྟན་རིག་གནས་པར་རིས་འགྲེམ་སྟོན”གཉིས་པེ་ཅིང་ལིང་ཀོང་དགོན་པ་ནས་འཚོགས།

W020180523399524878352.jpg

ཟླ5པའི་ཚེས22ཉིན་པེ་ཅིང་ལིང་ཀོང་དགོན་དུ་སངས་རྒྱས་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་འཚོགས། 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།