ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1n.jpg

 ས་དེའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུང་ཅིན་གྱི་དབྱིན་མགྲོན་ཁང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གཉིས་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ས་དེའི་ཚེས་དགུ་ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཏུང་ཅིན་གྱི་དབྱིན་མགྲོན་ཁང་གིས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་དང་། ཧན་གོའི་ཙུང་ཐུང་ཝུན་ཙེ་དབྱིན་གཉིས་དང་མཉམ་དུ་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བདུན་པར་ཞུགས་ཏེ། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མཉམ་ལས་དང་ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་ཐད་ནས་དགོངས་འཆར་བརྗེ་རེས་མཛད།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་ནི་འཛམ་གླིང་གི་དཔལ་འབྱོར་གཅིག་དྲིལ་ཚོགས་པ་ཆེན་པོ་གསུམ་ཡིན་ལ།ཕན་ཚུན་བར་དུ་འབྱོར་འཚོང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན་ཞིང་། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་། ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རིམ་ལ་སྣེ་ཁྲིད་བྱེད་པ། ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་དུ་འགན་གལ་ཆེན་འཁུར་ཡོད། དེང་སྐབས་ཀྱི་རྙོག་འཛིང་དང་འགྱུར་ལྡོག་ཆེ་བའི་རྒྱལ་སྤྱིའི་ཆབ་སྲིད་དཔལ་འབྱོར་གྱི་གནས་བབ་མདུན་ནས། ཀྲུང་གོ་དང་འཇར་པན། ཧན་གོ་གསུམ་གྱིས་མཉམ་ལས་ལ་ཤུགས་སྣོན་པ་ནི་རྒྱལ་ཁབ་གསུམ་པོ་རང་སྟེང་གི་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་པར་མ་ཟད། ས་ཁུལ་གྱི་རྒྱལ་ཁབ་དག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་རེ་སྒུག་ཡང་ཡིན་པས། ཕྱོགས་གསུམ་གྱིས་གོ་སྐབས་དམ་འཛིན་དང་ཁེ་ཕན་མཉམ་འདྲེས་རྒྱ་བསྐྱེད་དུ་བཏང་ནས། འབད་བརྩོན་ཆེན་པོས་ས་ཁུལ་གྱི་ཡུན་རིང་གི་ཞི་བདེ་དང་ཐུན་མོང་གི་དར་རྒྱས་ལ་སྐུལ་འདེད་གཏོང་དགོས། གཅིག ཆབ་སྲིད་ཐད་ཀྱི་ཡིད་ཆེས་གསོག་འཇོག་བྱས་ཏེ་སྣང་ཚུལ་བཟང་པོ་བསྐྲུན་དགོས། གཉིས། རང་དབང་ཉོ་འཚོང་ལ་མཉམ་དུ་སྲུང་སྐྱོབ་བྱས་ཏེ། ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་དགོས། གསུམ། ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་ཁར་རྒྱལ་ཁབ་གཞན་དག་སྣོན་པའི་རྣམ་པ་གསར་དུ་བཏོད་ནས། ས་ཁུལ་གྱི་རྒྱུན་སྲིང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་དགོས། བཞི། མི་ཆོས་བརྗེ་རེས་ཟབ་སྤེལ་བྱས་ཏེ། དམངས་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལྔ། ལག་རྩལ་གསར་གཏོད་ལ་སྐུལ་མ་བཏང་ནས། དབུལ་སེལ་དང་ཁོར་སྲུང་། གནོད་འགོག་སོགས་ཀྱི་བྱ་བ་སྒྲུབ་སྟེ་གོ་ལ་ཧྲིལ་པོའི་དཀྱེལ་ཡངས་འཕར་སྣོན་ལ་ཡར་སྐུལ་བྱེད་དགོས།

ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་འཇར་པན། ཧན་གོ་རྒྱལ་ཁབ་གསུམ་གྱིས་མཉམ་དུ་འབད་བརྩོན་ཆེན་པོས་ས་ཁུལ་གྱི་གཏན་འཇགས་དང་དར་རྒྱས་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཐད་བྱས་རྗེས་འཇོག་དགོས། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་གྱི་ཚོགས་པ་འཛུགས་པ་སྐུལ་འདེད་བཏང་ནས། ཡུན་རིང་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས། ཐུན་མོང་དར་རྒྱས། སྒོ་འབྱེད་དཀྱེལ་ཡངས། དྭངས་གཙང་མཛེས་སྡུག་བཅས་ཀྱི་ཨེ་ཤ་ཡ་དང་འཛམ་གླིང་མཉམ་དུ་བསྐྲུན་དགོས། ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བར་སྐུལ་འདེད་བཏང་ནས། གྲོས་མོལ་གྱི་ལམ་ནས་ཐག་གཅོད་པའི་ཁ་ཕྱོགས་ཆེན་པོ་དང་། ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་དམིགས་འབེན་ཆེན་པོ། རྩ་ལག་མཉམ་བཅོས་ཀྱི་རྩ་དོན་ཆེན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ། ཕྱེད་གླིང་གི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་ཐག་གཅོད་པ་དང་། རང་ས་ཁུལ་གྱི་ཡུན་རིང་གི་ཞི་བདེ་མངོན་འགྱུར་བྱེད་པར་བྱས་རྗེས་ལེགས་པོ་འཇོག་དགོས། རྒྱུད་གཅིག་ལམ་གཅིག་ལ་མཉམ་གྲོས་དང་དེ་མཉམ་སྐྲུན་མཉམ་སྤྱོད་བྱས་ཏེ། སྲིད་ཇུས་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་སྔར་ལས་ཤུགས་བསྣན་ནས། རྒྱལ་ཁབ་གསུམ་གྱི་ཁེ་ལས་ཀྱིས་མཉམ་ལས་སྣ་ཚོགས་སྤེལ་བར་ཁྲིད་སྟོན་བྱེད་དགོས།

ཨན་པེ་ཅིན་སན་གྱིས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་ལས་བྱས་ཏེ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པར་གཏོང་བའི་འཕེལ་རིམ་སྤེལ་དགོས་པ་དང་། རྒྱལ་ཁབ་གསུམ་གྱིས་མ་འོངས་པར་ཁ་ཕྱོགས་པའི་མཉམ་ལས་སྤེལ་རྒྱུ་ནི་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ལ་ཧ་ཅང་གལ་ཆེ་ཟེར།

ཝུན་ཙེ་དབྱིན་གྱིས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱིས་དངོས་གཉེར་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ནས།མི་དམངས་ཀྱི་འཚོ་བ་དང་དམ་དུ་འབྲེལ་བའི་ཁོར་སྲུང་དང་སྨན་བཅོས། ནུས་ཁུངས། གནོད་འགོག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་སྤེལ་ཏེ། རྒྱལ་ཁབ་གསུམ་གྱི་མི་དམངས་ལ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།