ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཤེས་བྱའི་ཐོན་དངོས་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་འགོ་ཚུགས་པའི་མཛད་སྒོ་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   2018ལོའི་རྒྱལ་ཡོངས་ཤེས་བྱའི་ཐོན་དངོས་བདག་དབང་དྲིལ་སྒྲོག་གཟའ་འཁོར་གྱི་འགོ་ཚུགས་པའི་མཛད་སྒོ་ཚེས་ཉི་ཤུ་ཉིན་པེ་ཅིན་ནས་བསྡུས། རྒྱལ་སྲིད་ཨུ་ཡོན་ཝང་ཡུང་དྲིལ་སྒྲོག་གཟའ་འཁོར་གྱི་མགོ་ཚུགས་པའི་མཛད་སྒོར་ཞུགས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཤེས་བྱའི་ཐོན་དངོས་བདག་དབང་ལས་ཁུངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྟོབས་ཤུགས་ཡོད་རྒུས་ཤེས་བྱའི་ཐོན་དངོས་བདག་དབང་གི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱེད་པ། ཤེས་བྱའི་ཐོན་དངོས་བདག་དབང་གསར་སྐྲུན་དང་སྲུང་སྐྱོབ། བེད་སྐྱོབ་བཅས་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོར་འདེགས་སུ་བཏང་སྟེ། རང་རྒྱལ་དཔལ་འབྱོར་གྱི་གསར་གཏོད་ནུས་ཤུགས་དང་འགྲན་རྩོད་ནུས་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་དགོས་ཟེར།

ཝང་ཡུང་གིས་བཤད་རྒྱུར། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་དང་ལྡན་པའི་འགོ་ཁྲིད་འོག རང་རྒྱལ་གྱི་ཤེས་བྱའི་ཐོན་དངོས་བདག་དབང་ལས་དོན་འཕེལ་རྒྱས་ཐད་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས། དུས་རབས་གསར་བའི་འགོ་ཚུགས་ས་ནས་ཤེས་བྱའི་ཐོན་དངོས་བདག་དབང་གྱི་གསར་གཏོད་ཅན་གྱི་རྒྱལ་ཁབ་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་། དཔལ་འབྱོར་གྱི་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རྒྱབ་རྟེན་གྱི་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱེད་དགོས་ཟེར།

ཝང་ཡུང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་སྒོས་ལག་ལེན་མཐར་ཕྱིན་བྱས་ནས། ཐེངས་འདིའི་ལས་ཁུངས་བཅོས་སྒྱུར་བྱེད་པ་དང་བསྟུན་ནས། ཤེས་བྱའི་ཐོན་དངོས་བདག་དབང་གི་བཅོས་སྒྱུར་དང་འཕེལ་རྒྱས་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། ཤེས་བྱའི་ཐོན་དངོས་བདག་དབང་གི་སྲུང་སྐྱོབ་ཤུགས་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་བ། ཁྲིམས་འཛིན་སྟོབས་ཤུགས་ལ་ཤུགས་བསྣན་ཏེ། གསར་གཏོད་དང་ཚོང་གཉེར་གྱི་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་དགོས་ཞེས་ནན་གྱིས་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།