ཀྲུང་གོ་བོད་ཀྱི་དྲ་བ།

ལིའུ་ཧི་རྒྱལ་སྤྱིའི་རྩ་འཛུགས་དང་བཟོ་ཚོང་ལས་རིགས། སློབ་གསོ་ལས་རིགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-03-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ3པའི་ཚེས24ཉིན་ནས་ཚེས25ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་ཧི་ཡིས་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་སུ་ཞུགས་པའི་འཐུས་མི་ཁ་ཤས་ལ་ཐུག་འཕྲད་བྱས་པར་མ་ཟད། ཀྲུང་གོ་དང་འཛམ་གླིང་སྒོ་འབྱེད་དང་མཉམ་ལས་ཁྲོད་མཉམ་རྒྱལ་ཡོང་བར་བྱེད་པའི་ཐད་ནས་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་བསྡུས། འཛམ་གླིང་གི་ཁེ་ལས་པ་གྲགས་ཅན་དང་། ནའོ་པེ་ཨར་དཔལ་འབྱོར་རིག་པའི་བྱ་དགའ་ཐོབ་མཁན། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་ཁུར་བ་བཅས་མི་ཉི་ཤུ་ལྷག་གྲོས་ཚོགས་སུ་ཞུགས་ཏེ། འཛམ་གླིང་གི་དཔལ་འབྱོར་དང་ཀྲུང་གོ་དང་ཨ་མེ་རི་ཁའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ། ཕྱི་དངུལ་ཁེ་ལས་ཀྱིས་ཀྲུང་གོ་ནས་ཚོང་གཉེར་བྱེད་པ་བཅས་ཐད་ནས་སོ་སོར་བསམ་འཆར་དང་གྲོས་གཞི་བཏོན།

གྲོས་ཚོགས་སུ་ཞུགས་པའི་འཐུས་མི་རྣམས་ཀྱིས་བལྟས་ན། ཨ་མེ་རི་ཁ་ཡིས་ཁྱབ་སྒྲོག་བྱས་པའི་གསུམ་ཐིག་གཅིག་བརྟག་དཔྱད་སྙན་ཞུ་ལས་ཉོ་ཚོང་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་བ་དེ་དེང་སྐབས་འཛམ་གླིང་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མི་མཐུན་ལ། རྒྱལ་སྤྱིའི་ཕྱོགས་མང་ཉོ་ཚོང་མ་ལག་ལ་འཇིགས་སྣང་ཚབས་ཆེན་སྐུལ། ཉོ་ཚོང་འཐབ་འཁྲུག་ནི་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་ཉོ་ཚོང་དོ་མཉམ་མིན་པའི་གནད་དོན་ཐག་གཅོད་བྱེད་པའི་བྱེད་ཐབས་ཡང་དག་པ་ཞིག་མིན་པར་སྙམ་ཡོད། གྲོས་ཚོགས་སུ་ཞུགས་པའི་འཐུས་མིས་ཀྲུང་གོས་ཕྱོགས་མང་ཉོ་ཚོང་མ་ལག་ཁྲོད་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་སྔར་ལས་གཏིང་ཟབ་ཏུ་སྤེལ་ཏེ། ཀྲུང་གོར་ཡོད་པའི་ཕྱི་དངུལ་ཁེ་ལས་ལ་ཚོང་གཉེར་ཁོར་ཡུག་བཟང་བོ་བསྐྲུན་པ་དང་། དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བར་སྐུལ་འདེད་དང་སྣེ་ཁྲིད་བྱེད་དགོས་པའི་གྲོས་གཞི་བཏོན།

ལིའུ་ཧི་ཡིས་བཤད་རྒྱུར། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་གོས་འགན་ཁུར་ཡོད་པའི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཆ་ནས་བློ་བརྟན་འགྱུར་མེད་སྒོས་བཅོས་སྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་། བློ་བརྟན་འགྱུར་མེད་སྒོས་དཔལ་འབྱོར་འཛམ་གླིང་ཅན་དུ་སྒྱུར་བར་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།