ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དར་གོས་ཚོང་ལམ་འགྲམ་རྒྱུད་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་མཉམ་ལས་དྲ་རྒྱའི་གླེང་སྟེགས་སྐབས་དང་པོར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་ཉེར་གཅིག་ཉིན། དར་གོས་ཚོང་ལམ་འགྲམ་རྒྱུད་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་མཉམ་ལས་དྲ་རྒྱའི་གླེང་སྟེགས་སྐབས་དང་པོ་པེ་ཅིན་ནས་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་འཕྲིན་ཡིག་བསྐུར་ཏེ་རྟེན་འབྲེལ་ཞུས། འཕྲིན་ཡིག་ནང་བཀོད་དོན། དར་གོས་ཚོང་ལམ་འགྲམ་རྒྱུད་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་མཉམ་ལས་དྲ་རྒྱའི་གླེང་སྟེགས་སྐབས་དང་པོ་ཚོགས་འགོ་རྩོམ་པའི་སྐབས་འདིར། ངས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་མཛད་པར་མ་ཟད། ང་རང་ཉིད་ཀྱི་མིང་ཐོག་ནས་གླེང་སྟེགས་ཚོགས་འདུ་ཚོགས་པར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་ཡིན་ལ། གླེང་སྟེགས་སུ་ཞུགས་པའི་རྒྱལ་ཁབ་སོ་སོའི་དམངས་ཁྲོད་རྩ་འཛུགས་ཀྱི་འཐུས་མི་དང་ལས་རིགས་ཁག་གི་མི་སྣར་ལྷག་བསམ་རྣམ་དག་སྒོས་དགའ་བསུ་ཞུས་པ་ཡིན་ཟེར།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྲོས་གཞི་བཏོན་པའི་ཚུན་ལ། རེ་འདུན་དོན་དངོས་སུ་བསྒྱུར་བར་མ་ཟད། འཛུགས་སྐྲུན་ཐད་ནས་གྲུབ་འབྲས་མང་པོ་བླངས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དེས་འཛམ་གླིང་གི་ཞི་བདེ་ལ་སྲུང་སྐྱོབ་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བར་སྟེགས་བུ་གསར་བ་དང་སྒུལ་ཤུགས་གསར་བ་འདོན་སྤྲོད་བྱེད་ཐུབ་པར་ལག་ལེན་ཁྲོད་ར་སྤྲོད་བྱུང་ཡོད།

དམངས་ཁྲོད་རྩ་འཛུགས་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་དང་འཛམ་གླིང་བཅོས་སྐྱོང་ཁྲོད་ཞུགས་པའི་སྟོབས་ཤུགས་གལ་ཆེན་ཡིན། དར་གོས་ཚོང་ལམ་འགྲམ་རྒྱུད་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་མཉམ་ལས་དྲ་རྒྱ་འཛུགས་སྐྲུན་བྱེད་པ་ནི་འགྲམ་རྒྱུད་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་དམངས་ཁྲོད་བརྗེ་རེས་མཉམ་ལས་ལ་ཤུགས་སྣོན་པ་དང་། དམངས་སེམས་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས། ཚོགས་འདུར་ཞུགས་པའི་འཐུས་མི་རྣམས་ཀྱིས་ཐེངས་འདིའི་གླེང་སྟེགས་དང་བསྟུན་ནས། དམངས་སེམས་གཅིག་གྱུར་བྱེད་པའི་ཇུས་གཞི་ཆེན་པོར་མཉམ་དུ་གྲོས་བསྡུར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་རྒྱུས་ལོན་དང་མཛའ་བཤེས་ཇེ་དམ་དུ་གཏོང་བ། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་པའི་རེ་བ་བཏོན།

དར་གོས་ཚོང་ལམ་འགྲམ་རྒྱུད་ས་ཁུལ་གྱི་དམངས་ཁྲོད་རྩ་འཛུགས་མཉམ་ལས་དྲ་རྒྱའི་གླེང་སྟེགས་སྐབས་དང་པོ་ལེགས་འགྲུབ་འབྱུང་བར་སྨོན་འདུན་ཞུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།