ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཞ་མིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གཏམ་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

习近平出席金砖国家工商论坛开幕式并发表主旨演讲.jpg

ཟླ་དགུ་བའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞ་མིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་གསེར་གྱོམ་མཉམ་ལས་ཀྱི་གསེར་མདོག་ལོ་བཅུ་གཉིས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞ་མིན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ཚོང་གླེང་སྟེགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཁ་ཡིག་ལ་གསེར་གྱོམ་མཉམ་ལས་ཀྱི་གསེར་མདོག་ལོ་བཅུ་གཉིས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གཏམ་བཤད་སྤེལ་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱིས་གསེར་གྱོམ་མཉམ་ལས་ཀྱི་གསེར་མདོག་ལོ་བཅུ་གཉིས་པ་མཉམ་སྐྲུན་བྱས་ནས། མཉམ་ལས་གྲུབ་འབྲས་ཀྱིས་རྒྱལ་ཁབ་ལྔའི་མི་དམངས་ལ་ཁེ་ཕན་སྐྲུན་པ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཁེ་ཕན་སྐྲུན་དགོས་ཞེས་ནན་གྱིས་བསྟན།

ཉིན་དེའི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་སུམ་ཅུའི་སྟེང་ཞི་ཅིན་ཕིང་ཚོགས་རར་ཞུགས་ཏེ་གཏམ་བཤད་སྤེལ། ཁོང་གིས་ནན་གྱིས་བསྟན་དོན། གཅིག གསེར་གྱོམ་མཉམ་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ལྔའི་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་ལ་སྐུལ་འདེད་གཏོང་དགོས། གཉིས། སྤོབས་པ་ཆེན་པོས་གསེར་གྱོམ་འགན་འཁྲི་དང་ལེན་བྱས་ཏེ། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོབ་བྱེད་དགོས། གསུམ། གསེར་གྱོམ་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། བཞི། གསེར་གྱོམ་ཤུགས་རྐྱེན་རྒྱ་བསྐྱེད་དེ་གྲོགས་པོའི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་ལྔ་བར་ཀྲུང་གོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་གཙོ་བསྒྲུབས་བྱས་པ་དེ་ལས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དེ་འདུ་ཤེས་ནས་འགུལ་སྐྱོད་དང་འཆར་འགོད་ནས་ལག་བསྟར་གྱི་དུས་སྐབས་གསར་བར་སླེབས་པ་མཚོན་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དེ་ས་གནས་བར་གྱི་ཆབ་སྲིད་ཡོ་བྱད་མ་ཡིན་པར་དངོས་གཉེར་མཉམ་ལས་ཀྱི་སྟེགས་བུ་ཡིན་ལ། ཕྱི་ཕྱོགས་རོགས་སྐྱོར་གྱི་འཆར་གཞི་མིན་ལ་མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་མཉམ་འབྲེལ་འཕེལ་རྒྱས་ཀྱི་གྲོས་གཞི་ཡིན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་མགོ་བཏོན་པ་དེས་རྒྱལ་ཁབ་སོ་སོས་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པར་སྟེགས་བུ་གསར་བ་གསར་སྐྲུན་བྱས་ཏེ། ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་དངོས་འབེབས་བྱེད་པར་གོ་སྐབས་གསར་བ་གསར་སྐྲུན་བྱེད་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཟོ་ཚོང་ལས་རིགས་ནི་གསེར་གྱོམ་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་དཔུང་ཡིན། ལོ་བཅུའི་རིང་ལ། བཟོ་ཚོང་ལས་རིགས་ཀྱི་མི་སྣས་ཁེ་ལས་འཕེལ་རྒྱས་དེ་གསེར་གྱོམ་མཉམ་ལས་ཁྲོད་དུ་ཞུགས་སུ་བཅུག་ནས། གསེར་གྱོམ་དཔལ་འབྱོར་གྲོགས་པོའི་འབྲེལ་བ་གསར་སྐྲུན་བྱེད་པར་བྱས་རྗེས་གལ་ཆེན་འཇོག་དགོས། བཟོ་ཚོང་ལས་རིགས་ཀྱིས་ཆ་འཕྲིན་དང་ལག་རྩལ། མ་དངུལ་སོགས་ཕྱོགས་ཀྱི་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་། སྔར་ལས་མང་པོའི་གཉིས་ཕན་མཉམ་རྒྱལ་དང་རྒྱལ་ཕན་དམངས་ཕན་གྱི་དངོས་གཉེར་མཉམ་ལས་ལས་གཞི་ལག་བསྟར་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་སྔར་ལས་བདེ་སྐྱིད་ཡོང་བར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་ཀྱིས་སྔར་ལས་གསོན་ཤུགས་ལྡན་པའི་ལོ་བཅུ་གཉིས་པར་བསུ་མ་བྱས་ཏེ། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་བརྩོན་བྱེད་དགོས་པ་དང་ང་ཚོས་མཉམ་ལས་བྱས་པའི་གྲུབ་འབྲས་ཀྱིས་རྒྱལ་ཁབ་ལྔའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས་ལ། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཀྱིས་རྒྱལ་ཁབ་སོ་སོའི་མི་དམངས་ལ་བདེ་སྐྱིད་སྐྲུན་དགོས། མཇུག་མཐར་བདག་གིས་ཐེངས་འདིའི་བཟོ་ཚོང་གླེང་སྟེགས་བདེ་བླག་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

པ་ཞིའི་ཙུང་ཐུང་ཐི་མེ་ཨར་དང་ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཙོ་མ། དེ་མིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གླེང་སྟེགས་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།