ཀྲུང་གོ་བོད་ཀྱི་དྲ་བ།

2017ལོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེ་ཤིས་ཨན་དུ་འགོ་ཚུགས་པ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།   ཟླ6ཚེས3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་དབང་དབྱང་ཚེས3ཉིན་ཤིས་ཨན་དུ2017ལོའི་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ལ་ཕེབས་པ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དུས་རབས་ཀྱི་འདུ་འགོད་ཅིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལམ་རྒྱུད་རྒྱལ་ཁབ་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ཐུན་མོང་གི་ངོས་འཛིན་གལ་ཆེན་དང་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་དེ་གོ་སྐབས་སུ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་དང་མ་འཇོག་མཉམ་ལས་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་ལམ་རྒྱུད་རྒྱལ་ཁབ་ཁག་གི་མི་དམངས་ལ་སྔར་བས་ཕན་བདེ་ཡག་པོ་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད།

དབང་དབྱང་གིས་བསྟན་དོན། དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནི་ཀྲུང་གོའི་ཤར་རྒྱུད་དང་། དབུས་རྒྱུད། ནུབ་རྒྱུད་བཅས་ས་ཁུལ་གྱི་མཉམ་འགུལ་འཕེལ་རྒྱས་ཀྱི་ལས་སྟེགས་ཤིག་ཡིན་ལ་ཀྲུང་གོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་ལམ་རྒྱུད་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཟབ་ཏུ་གཏོང་བའི་ལས་སྟེགས་ཤིག་ཀྱང་ཡིན་པས་ཕྱོགས་ཁག་གིས་དར་གོས་ལམ་བུའི་དངོས་མང་སྟོན་ཚོགས་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་རྒྱལ་སྤྱིའི་མཉམ་ལས་གླེང་སྟེགས་ཀྱི་ལམ་སྲོལ་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་བསམ་བློ་བརྗེ་རེས་དང་། ཐུན་མོང་ངོས་འཛིན་གཅིག་མཐུན། མཉམ་ལས་གྲོས་མོལ་བཅས་བྱས་ཏེ་མཉམ་དུ་ཁེ་ཕན་ཆེན་པོ་ཐོབ་པར་བྱ་རྒྱུའི་རེ་བ་ཡོད

དབང་དབྱང་གིས་ནན་བཤད་གནང་དོན། ཀྲུང་གོས་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གྱི་ལམ་རྒྱུད་རྒྱལ་ཁབ་དབར་ཁྲོམ་ར་སྔར་བས་སྒོ་དབྱེ་བྱས་ནས་ས་ཁོངས་ཀྱི་གཟིགས་སྐྱོང་ཉོ་ཚོང་བཀོད་སྒྲིག་སྣ་ཚོགས་ཀྱི་གན་རྒྱ་འཇོག་པ་དང་། འགག་སྒོ་ལས་ཁུངས་དང་སྤུས་བཤེར་སོགས་དང་ཡང་མཉམ་ལས་ཟབ་ཏུ་གཏོང་བ། “དྲ་ཐོག་གི་དར་གོས་ལམ་བུ”འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། འགག་རྩའི་བགྲོད་ལམ་དང་། འགག་རྩའི་གྲོང་ཁྱེར། འགག་རྩའི་རྣམ་གྲངས་བཅས་ལ་དམིགས་པ། གཞུང་ལམ་དང་། ལྕགས་ལམ། གྲུ་ཁ། མཁའ་འགྲུལ། ནུས་རྒྱུ། འཕྲིན་གཏོང་སོགས་སྒྲིག་བཀོད་ཀྱི་དྲ་རྒྱ་དང་སྦྲེལ་བ། མ་འཇོག་དང་ཐོན་ནུས་ཀྱི་མཉམ་ལས་རྒྱ་བསྐྱེད་བཏང་ནས་རང་སའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལམ་རྒྱུད་རྒྱལ་ཁབ་ཀྱིས་ཀྲུང་གོའི་སྤྱི་དམངས་ལ་མཐའ་མཚམས་སྒྲོལ་ནས་ཡུལ་སྐོར་བྱ་ཡུལ་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་མང་ཙམ་སྤྲོད་པ། ཐོངས་མཆན་དང་མཐའ་མཚམས་སྒྲོལ་བའི་འགྲོ་ལུགས་སྟབས་བདེར་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་གསར་པ་ཞིག་གཏོད་དགོས

དབང་དབྱང་གིས་ད་དུང་ཉིན་དེ་རང་དུ་ཤིས་ཨན་དུ་ཕེབས་པའི་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ལ་ཞུགས་མཁན་སར་པི་ཡའི་ཙུང་ལི་གཞོན་པ་ལ་ཤིས་མུའུ·ལི་ཡ་དབྱི་ཆི་དང་མཇལ་འཛོམས་གནང་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།