ཨེ་རི་ཡ·སེར་ཀེ་ཨེ་ཆི·ཕའེ་ཕུའུ་ལུའོ་ཧྥུ་དང་ཁོའི་ཆུང་མ་ཁོ་ལེ་ཨོ་ཕ་ཐེ་ལ·ཕའེ་ཐྲོ་རའོ་ཧྥུའུ་ནཱ་སྒོ་ཁང་གི་གུད་དུ་འགྲེང་སྟེ་སེམས་པ་མེ་ལྕེ་འཕྱུར་བ་བཞིན་ལྐོག་ཉན་བྱེད་ཅིང་མཆིས། སྒོ་རྒྱབ་ཀྱི་མགྲོན་ཁང་ཆུང་ཆུང་དུ་བརྩེ་དུང་གི་མྱུ་གུ་གསར་བ་ཞིག་འབུས་ལ་ཉེ་སྟེ། ཁོ་གཉིས་ཀའི་བུ་མོ་ནཱ་ཐ་ཧྲེན་ཁ་དང་རྫོང་སློབ་འབྲིང་གི་དགེ་རྒན་ཧྲུའུ་ཕུའུ་ཅིན་གཉིས་ཀྱིས་ཕན་ཚུན་ལ་བརྩེ་དུང་གི་གཏམ་རྒྱུད་གླེང་བཞིན་མཆིས།
“རེ་བ་ཡོད་ཁུ།”ཞེས་ཕའེ་ཕུའུ་ལུའོ་ཧྥུས་སྐད་དམའ་མོས་སྨྲས། ཁོ་རང་སེམས་འགུལ་ཐེབས་ནས་དངངས་ཤིང་འདར་ཏེ་ལག་པ་གཉིས་འཕུར་གྱིན“ལྟོས་སྡོད་དང་། ཕའེ་ཐྲོ་རའོ་ཧྥུའུ་ནཱ། ཁོ་གཉིས་ཀྱི་བརྩེ་དུང་གི་མྱུ་གུ་འབུས་མ་ཐག་ཁྱོད་ཀྱིས་མྱུར་དུ་གྱང་ངོས་ཀྱི་སྐུ་འདྲ་དེ་ལོངས་དང་། ང་ཚོ་སོང་སྟེ་ཁོ་ཚོར་རྟེན་འབྲེལ་ཞུ། སྐུ་འདྲས་རྟེན་འབྲེལ་ཞུ་བ་ནི་ཤིན་ཏུ་ཁྱད་མཚར་ལྡན་པ་དང་སྲི་ཞུ་ཚད་མེད་ཞུས་པ་ཞིག་ཡིན་ཞིང་། སྐབས་དེར་འབྲེལ་ཐག་གཅོད་མི་ཐུབ་པ་མ་ཟད། ཁྲིམས་ཁང་དུ་གཏུག་བཤེར་བྱས་ཀྱང་ཕན་ཐོགས་མེད།”
འོན་ཀྱང་ཁང་བའི་ནང་གི་ཁ་བརྡ་ནི་འདི་ལྟ་སྟེ།
ཧྲུའུ་ཕུའུ་ཅིན་གྱིས“ཁྱེད་ཀྱི་མི་གཞི་ལ་བརྩི་འཇོག་བྱེད་ཡ།”ཁོས་འབར་ཤེད་ཆེ་བའི་འབར་ཞུན་དེ་རང་ཉིད་ཀྱི་ལིང་ཚེ་ཅན་གྱི་རྐང་སྣམ་དུ་རེག་བཞིན།“ངས་ཁྱེད་ལ་འཕྲིན་ཡིག་ཅིག་གཏན་ནས་འབྲི་མ་མྱོང་།”
“ཨ་ལ། ཨེ་རེད། ངས་ཁྱེད་ཀྱི་ཡིག་གཟུགས་མི་ཤེས་པ་འདྲ་ཞིག་རེད་དམ།”ཞེས་བུ་མོ་གད་མོ་ཆེས་ཆེར་དགོད་ཀྱིན་གཡོ་སྒྱུ་ཟོལ་བཅོས་ཀྱི་སྒོ་ནས་སྐད་མཐོན་པོས་སྐད་ཅོར་བརྒྱབ་པ་དང་། ད་དུང་དུས་ངེས་མེད་དུ་མེ་ལོང་ལ་ལྟ་བཞིན།“ངས་བལྟས་མ་ཐག་ཏུ་ཤེས་སོང་། ཁྱེད་མི་འདི་དངོས་གནས་ཡ་མཚན་རེད། ཡིག་གཟུགས་དགེ་རྒན་ཞིག་གི་ཡིག་གཟུགས་དང་མི་འདྲ་བར་བྱའི་སྡེར་མོ་དང་གཉིས་སུ་མ་མཆིས། གལ་ཏེ་ཁྱེད་ཀྱིས་ཡིག་གཟུགས་ཀྱང་ལེགས་པོ་ཞིག་འབྲི་མི་ཐུབ་ན་ཇི་ལྟར་ཡིག་གཟུགས་ཁྲིད་པ་ཡིན།”
“ཧིན། དེ་ཅང་མ་རེད། སྲས་མོ། ཡིག་གཟུགས་སློབ་ཁྲིད་དུ་ཡི་གེ་འབྲི་བ་ནི་གཙོ་བོ་མིན་ཏེ། གཙོ་བོ་ནི་སློབ་བུ་ཚོར་གཉིད་ལྕོག་རྒྱག་ཏུ་མི་འཇུག་པ་དེ་ཡིན། ལ་ལར་གཅར་རྡུང་བྱེད་དགོས་པ་དང་ལ་ལར་པུས་མོ་སར་འཛུགས་པའི་ཆད་པ་གཅོད་དགོས། ཅི་ཞིག་གི་ཡིག་གཟུགས། དོན་དག་ཆུང་ཆུང་རེད། ཉེ་ཁོ་ལ་སུའོ་ནི་རྩོམ་པ་པོ་ཞིག་ཡིན་མོད། ཁོའི་གསུང་འབུམ་དུ་ཁོའི་ཡིག་གཟུགས་ཡོད། ངས་ཁོས་བྲིས་པའི་ཡི་གེ་མཐོང་ན་ངོ་ཚ་སྐྱེས་ཡོང་། ”
“ཡུན་ཙམ་གྱིས་ཉེ་ཁོ་ལ་སུའོ། ཡུན་ཙམ་གྱིས་ཁྱེད……”མོས་དབུགས་རིང་གཏོང་བཞིན། “ང་རྩོམ་པ་པོ་ཞིག་ལ་གཉེན་སྒྲིག་པར་འཐད་པ་ཡིན་ལ། ཁོས་ནམ་རྒྱུན་སྙན་ངག་བྲིས་ནས་ང་ལ་དྲན་རྟེན་དུ་འཇོག་ངེས།”
“གལ་ཏེ་ཁྱེད་རང་འཐད་པ་ཡིན་ན། སྙན་ངག་ངས་ཀྱང་འབྲི་ཤེས།”
“བརྩེ་དུང་འབྲི་བ་དང་། དྲན་སེམས་འབྲི་བ། ཁྱེད་ཀྱི་མིག་འབྲི་བ་སོགས་ཁྱེད་ཀྱིས་ཀློག་གིན་ཀློག་གིན་ཡིད་ཀྱི་བརྟན་པ་ཤོར་བ་དང་སེམས་འགུལ་ཐེབས་ནས་མིག་ཆུ་འཐོར་ཡོང་། ཡིན་ཡང་གལ་ཏེ་ངས་ཁྱེད་ལ་སྙན་ངག་བྲིས་ན་ཁྱེད་ཀྱིས་ང་ལ་ཁྱེད་ཀྱི་ལག་པར་འོ་ཞིག་བྱེད་དུ་འཇོག་གམ།”
“དེ་ཡ་མཚན་ཞིག་མ་རེད། ད་ལྟ་འོ་བྱས་ཆོག”
ཧྲུའུ་ཕུའུ་ཅིན་ཧོབ་དེ་ཡར་ལངས་ཏེ་ཅེར་རེར་བལྟས་པ་དང་། སྐུ་ཤ་རྒྱས་ཤིང་དྲི་ཞིམ་འཐུལ་བའི་ལག་པར་འབྱར།
“སྐུ་འདྲ་ཁྱེར་ཤོག”ཕའེ་ཕུའུ་ལུའོ་ཧྥུ་འཚབ་འཚུབ་ངང་ཆུང་མར་གྲུ་མོས་དེད་ཅིང་། སེམས་འཚབ་ནས་ངོ་མདོག་སྐྱ་བོར་གྱུར་ཏེ། སྒྲོག་གུ་སྒྲོག་གིན་བཤད་རྒྱུར།“འོ་ལེ། ནང་དུ་སོང་།”
དེ་ནས་ཕའེ་ཕུའུ་ལུའོ་ཧྥུས་གང་མྱུར་གང་མགྱོགས་ཀྱིས་སྒོ་ཕྱེས།
“གཅེས་ཕྲུག་གཉི་ཀ……”ཞེས་ཁོས་ལག་པ་ཡར་བཀྱགས་ཏེ་ངུ་ལྷབ་བྱས་ནས་མིག་རྡེབ་བཞིན་ལྡབ་ལྡིབ་ངང་“གནམ་རྒན་མས་ཁྱོད་གཉིས་ལ་རྟེན་འབྲེལ་ཞུ། ངའི་གཅེས་ཕྲུག་གཉི་ཀ མཉམ་དུ་འཚོ་བ་རོལ་ཏེ་བུ་བུ་མོ་གསོས་ནས་མེས་པོའི་གདུང་རྒྱུད་སྐྱོང་དང་།”
“ངས……ངས་ཀྱང་ཁྱེད་གཉིས་ལ་རྟེན་འབྲེལ་ཞུ།”ཞེས་ཨ་མས་ཀྱང་བཤད་ཅིང་ངུས་ཏེ། “ཁྱེད་གཉིས་བདེ་སྐྱིད་ལྡན་པར་སྨོན། གཅེས་ཕྲུག་གཉི་ཀ ཁྱེད་ཀྱིས་ངའི་གཅེས་ཕྲུག་གཅིག་པུ་ཁྱེར་སོང་།”མོ་ཧྲུའུ་ཕུའུ་ཅིན་སར་འཁོར་ནས་“ངའི་བུ་མོར་དུངས་དགོས། གཅེས་དགོས།”ཟེར།
ཧྲུའུ་ཕུའུ་ཅིན་དངངས་ཤིང་སྐྲག་ནས་ཁ་དིག་ལྕེ་ལྐུགས་སུ་གྱུར། རྒན་རྒོན་དེ་གཉིས་དེ་འདྲའི་དོགས་མེད་ཅིག་དང་དེ་འདྲའི་སེམས་ཐག་ཆོད་པ་ཞིག་ཡིན་པས། ཁོས་སྐད་ཆ་ཚིག་གཅིག་ཀྱང་བཤད་ཐབས་བྲལ།
“མ་འགྲིག བཟུང་ཟིན།”ཞེས་ཁོས་ལྐོག་ཏུ་བསམ་བློ་བཏང་ནས་ལྐུགས་པས་ལྷ་མཐོང་བ་བཞིན་དུ་སྐྲག“ད་ཁྱོད་ཚར་སོང་། སྤུན་ཆུང་། འབྲོ་ཐུབ་བྲལ།”དེ་ནས་ཁོས་ཅི་གསུང་བཀའ་སྒྲུབ་ཀྱིས་མགོ་སྒུར་ཏེ།“ཁྱོད་ཚོས་བཟུང་དང་། ང་ཕམ་སོང་བ་ཡིན་”ཟེར།
“ངས་རྟེན……ངས་རྟེན་འབྲེལ་ཞུ……”ཞེས་རྒད་པོས་མུ་མཐུད་དུ་བཤད་བཞིན་ངུས། “ནཱ་ཐ་ཧྲིན་ཁ། ངའི་གཅེས་ཕྲུག་མ། གན་དུ་ལོངས་དང་། ཕུའུ་ཊི་རའོ་ནཱ། སྐུ་འདྲ་ང་ལ་བྱིན།”
འོན་ཀྱང་སྐབས་དེར་ཨ་ཕས་གློ་བུར་དུ་ངུ་མཚམས་བཞག་པ་མ་ཟད་ཁྲོས་ནས་ངོ་གདོང་ཡོངས་སུ་འཁུམ་པར་གྱུར།
“གླེན་པ།”ཞེས་ཁོ་རང་ཁྲོ་ལངས་ཏེ་ཆུང་མར་སྨྲས། “ཁྱེད་ངོ་མ་གླེན་པ་ཁ་ནག་ཟེར་བ་རེད། འདི་ནི་སྐུ་འདྲ་རེད་དམ།”
“ཨ་ཁ། གནམ་རྒན་མ།”
དོན་དག་ཅི་བྱུང་སོང་ངམ། ཡིག་གཟུགས་དགེ་རྒན་གྱིས་དཔའ་ཞུམ་པར་བལྟས་ཏེ་ཁོ་རང་སྐྱོབ་ཐབས་ཡོད་པ་མཐོང་། བྲེལ་འཚུབ་ཁྲོད། རྒན་མོ་དེས་གྱང་ངོས་སུ་རྩོམ་པ་པོ་ལཱ་རི་ཆི་ཁོའོ་ཧྥུའི་འདྲ་པར་སྐུ་འདྲའི་ཚབ་ཏུ་བླངས་ཡོད། རྒད་པོ་ཕའེ་ཕུའུ་ལུའོ་ཧྥུ་དང་རྩོམ་པ་པོའི་འདྲ་པར་ལག་ཏུ་བཟུང་ཡོད་པའི་ཆུང་མ་གཉིས་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ནས་ཅི་ཞིག་བྱེད་དགོས་པ་དང་ཅི་ཞིག་བཤད་དགོས་མ་ཤེས་པར་ལངས་འདུག ཡིག་གཟུགས་དགེ་རྒན་གྱིས་ཟང་ཟིང་གི་གོ་སྐབས་དང་བསྟུན་ནས་བྱ་འཕུར་བ་ལྟར་བྲོས་སོང་།