ཀྲུང་གོ་བོད་ཀྱི་དྲ་བ།

རྩྭ་ཐང་གི་འབྲོག་མི་སྔོ་ཚོད་ཚོང་ར་ན་ཡོད།

ཡོང་ཁུངས། : 2018ལོའི《མི་རིགས་ཀྱི་རྩོམ་རིག》དེབ་གསུམ་པ།   རྩོམ་པ་པོ། : བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)   སྤེལ་དུས། : 2018-12-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཨ་ཡོན་དགའ་ཡིས་བརྩམས།ནང་སོག)  བསམ་གྲུབ་ཀྱིས་བསྒྱུར། (མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)

གཅིག

“བལྟས་འོང་ན། མི་ནི་ནམ་རྒྱུན་ཁྱིམ་དུ་བསྡད་དྲགས་ན་མི་འགྲིག་པར། ཕྱི་རོལ་དུ་འཆམ་འཆམ་རེ་བྱས་ན་ལེགས།” དགྲ་ལྷ་བསོད་ཀྱིས་འགྲོ་ཞོར་དུ་དེ་ལྟར་བསམས།

ཁོ་རང་རྩྭ་ཐང་ནས་གྲོང་ཁྱེར་དུ་ཡོད་པའི་བུའི་ཁྱིམ་ནང་ཡོང་སྟེ་ཉིན་ཉི་ཤུ་ལ་ཞག་སྡོད་བྱས་ཤིང་། ཉིན་ཉི་ཤུའི་རིང་ཁོས་གྲོང་ཁྱེར་གྱི་ཉིན་གཅིག་ནི་རྩྭ་ཐང་གི་ཉིན་གསུམ་ལས་ཀྱང་རིང་བར་སྙམ་པར་མ་ཟད་ལུས་ཧྲིལ་པོའང་མི་བདེ་བའི་ཚོར་བ་ཞིག་བྱུང་།  ཉིན་ཉེར་གཅིག་གི་ཉིན་མོར། ཁོ་རང་ད་ནི་རང་ཁྱིམ་ལས་སྒོར་བུད་པས་དེ་མུར་ཚོར་སྣང་གཞན་དང་མི་འདྲ་བ་ཞིག་བྱུང་།  དུས་ཚོད་ཀྱི་འགྲོས་མགྱོགས་པར་མ་ཟད་ཡིད་ཀྱང་སྤྲོ་བས་བརྟས།   ཁོས་ད་དུང་གྲོང་ཁྱེར་དུ་མི་སུ་ཡང་ཁ་འབྲལ་ཐབས་མེད་པའི་སྔོ་ཚོད་ཚོང་ར་ཟེར་བ་ཞིག་ཡོད་པའང་ཧ་གོ་ཡོད་དེ།   གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཉིན་གཅིག་ལ་ངེས་པར་དུ་བསྒྲུབ་དགོས་པའི་དོན་དག་ནི་སྔོ་ཚོད་ཉོ་རྒྱུ་དེ་ཡིན། དེར་མ་ཟད་ཁོ་རང་དེ་གར་ད་དུང་འདྲིས་ཆེ་བའི་ཀྲང་སན་དང་ཚུའེ་ཧྭ་གཉིས་ལའང་ཐུག་འཕྲད་བྱུང་ཞིང་། ཁོ་གཉིས་ནི་བཟའ་ཟླ་ཡིན་ལ་སྔོ་ཚོད་ཚོང་རར་ཚལ་རིགས་བཤམས་ནས་འཚོང་གིན་ཡོད། ཐོག་དང་པོར་རང་ཁྱིམ་ལས་རྒྱ་སྒོར་བུད་མ་ཐག་ནས་དེ་འདྲའི་བློ་སྐྱེད་མང་པོ་ཞིག་ཐོབ་བྱུང་བས། ཁོ་རང་ཕྱིར་ལོག་པའི་ལམ་སྐབས་ཚོར་སྣང་ཟབ་མོ་དེ་སྐྱེས་པར་གྱུར།

སྔོ་ཚོད་ཉོ་རྒྱུ་ནི་བུ་དང་མནའ་མ་གཉིས་ཀྱིས་ཁོ་རང་ཉིན་གང་པོར་ཡིད་མུག་པར་གྱུར་ནས་སེམས་སྡུག་ཆེ་བའི་རྣམ་འགྱུར་དེ་མཐོང་རྗེས་སུ་བསམ་གཞིགས་བཏང་བའི་ཐབས་བཀོད་ཅིག་ཡིན། “ཨ་ཕ། ཁྱེད་ག་རེ་བྱས་སོང་།” མནའ་མས་དེ་ལྟར་དྲིས། དགྲ་ལྷ་བསོད་ཀྱིས“ལས་ཀ་ཅང་མེད་ན།  མི་བདེ་བ་ཞིག་རེད”ཟེར། བུ་ན་རེ། “འོ་ན།...... སང་ཉིན་ནས་བཟུང་ཁྱེད་འུ་ཚང་ལ་སྔོ་ཚོད་ཉོ་རུ་སོང་ན་ཅི་འདྲ་འདུག”ཅེས་སྨྲས་པ་ན། མནའ་མས་དེ་མ་ཐག་ངོ་རྒོལ་བྱས་ཏེ། “སྔོ་ཚོད་ཉོ་རུ་ཨ་ཕ་འགྲོ་རུ་འཇུག་རྒྱུ་ཡིན་ནམ། དེ་ང་ལས་ཚོགས་གྲོལ་ནས་ཕྱིར་ལོག་པའི་ལམ་སྐབས་ཉོས་ན་མི་ཆོག་གམ”ཞེས་སྨྲས་པར། དགྲ་ལྷ་བསོད་ཀྱིས་བཤད་ལོང་ཉན་ལོང་མེད་པར“དེང་ཕྱིན་ཆད་ནས་བཟུང་འུ་ཚང་གི་སྔོ་ཚོད་ཉོ་རྒྱུའི་འགན་དེ་ངས་འཁུར། ཁྱོད་ཚོ་སེམས་བདེ་མོས་ལས་ཚོགས་ལ་འགྲོ་རྒྱུ་བྱོས”ཟེར།  ཁོའི་གདོང་གི་རྣམ་འགྱུར་དེས་བུ་དང་མནའ་མ་གཉིས་ཀྱང་གད་མོ་ཤོར་སོང་། དེའི་རྒྱུ་མཚན་ནི། རྣམ་འགྱུར་དེ་ནི་བྱིས་པ་ཆུང་ཆུང་ཞིག་བྱིས་སློབ་ཁང་ནས་སློབ་ཆུང་དུ་འཕར་བར་དགའ་སྤྲོ་སྐྱེས་པ་དང་འདྲ་ཞིང་། ཡང་བཙན་ཉར་བྱས་པའི་མི་ཞིས་གིས་བཙོན་གྲོལ་གཏོང་བའི་བཀའ་ཐོས་པ་བཞིན་བློ་ཡུལ་ལས་འདས་པའི་དགའ་སྤྲོ་སྐྱེས་པ་དང་ཡང་འདྲ་བས་སོ། །

“ཁྱེད་གཅིག་པུ་འགྲོ་མི་རུང་། ངས་ཁྱེད་ལ་འགྲོ་རོགས་ཤིག་བཙལ་འོང”ཟེར་བཞིན། མནའ་མས་ཁ་པར་བཟུང་སྟེ་སྡེ་ཁུལ་དེའི་ནང་གི་ཨ་ཁུ་དབང་རྒྱལ་ལྷ་ལ་འབྲེལ་གཏུག་བྱས་ནས། ཁོ་ལ་སང་ཉིན་ནས་བཟུང་སྤོ་བོར་སྔོ་ཚོད་ཚོང་རའི་ནང་འགྲོ་རོགས་བྱེད་དགོས་ཚུལ་སྨྲས། ཨ་ཁུ་དབང་རྒྱལ་ལྷ་ཡང་དགྲ་ལྷ་བསོད་དང་འདྲ་བར་རྩྭ་ཐང་ནས་གྲོང་ཁྱེར་དུ་སླེབས་པ་ཡིན་ལ་བུ་དང་མནའ་མ་གཉིས་དང་མཉམ་དུ་འཚོ་བ་རོལ་བཞིན་ཡོད། ཧེ་བག་ཅིག་ཡོད་པ་ནི་དབང་རྒྱལ་ལྷ་གྲོང་ཁྱེར་དུ་ཡོང་ནས་ལོ་ངོ་གསུམ་ཙམ་འགོར་ཡོད་ཅིང་། དགྲ་ལྷ་བསོད་ནི་ད་སྔོན་ཏག་ཏུ་ཉིན་ཉི་ཤུ་ལ་མ་གཏོགས་བསྡད་མྱོང་མེད།  དབང་རྒྱལ་ལྷ་ནི་གྲོང་ཁྱེར་དུ་མ་ཡོང་བའི་སྔོན་སློབ་འབྲིང་གི་དགེ་རྒན་ཞིག་ཡིན་ལ། དགྲ་ལྷ་བསོད་ནི་རྩྭ་ཐང་གི་འབྲོག་པ་རྣལ་མ་ཞིག་ཡིན།

ཕྱི་ཉིན། དགྲ་ལྷ་བསོད་ནངས་སྔ་མོ་ཞིག་ནས་མལ་ལས་ལངས་ཏེ་སྔོ་ཚོད་ལག་གཟེབ་བཟུང་ནས་ཕྱི་རོལ་དུ་སོང་ཞིང་། ན་ཚོད་ཧ་ལམ་རང་དང་འདྲ་བའི་རྒན་པོ་ཞིག་གིས་ཀྱང་འཛུམ་དམུལ་དམུལ་སྡེ་ཁུལ་གྱི་སྒོ་ཁར་ཁོ་ལ་བསྒུགས་ཡོད་པ་མཐོང་བྱུང་།  རྒན་པོ་དེ་ནི་དབང་རྒྱལ་ལྷ་ཡིན།

སྔོ་ཚོད་ཚོང་ར་ནི་ཁོ་ཚོའི་སྡེ་ཁུལ་དེ་དང་ཐག་ཧ་ཅང་ཉེ་པོ་ཡོད། དབང་རྒྱལ་ལྷ་ཡིས་ཁོ་ཁྲིད་ནས་གཞུང་ལམ་དུ་ཆུ་ཚོད་སྐར་མ་བཅུ་ཙམ་ལ་སོང་རྗེས་སྲང་ལམ་ཞིག་ཏུ་དཀྱོགས། “ལྟོས་དང་།  སྔོ་ཚོད་ཚོང་ར་འདི་རེད།”  དབང་རྒྱལ་ལྷས་དེ་ལྟར་སྨྲས། དགྲ་ལྷ་བསོད་ཀྱིས་མཐོང་བ་ནི་ཁྲོམ་ལམ་ཟང་ཟིང་ལང་ལོང་འུར་ཟིང་ཆེ་བ་ཞིག་སྟེ་ཁོ་རང་ཁྲོམ་ལམ་གྱི་འཛུལ་སྒོ་ནས་ལང་བཞིན་བལྟས།

ད་ཅི་ཁོ་གཉིས་འགྲོ་སའི་གཞུང་ལམ་དེ་ནི་ཅི་འདྲའི་ཡངས་ཤིང་རྒྱ་ཆེ་བ་ཞིག་རེད་ཨང་། གྲལ་འགྲིག་ཅིང་གཙང་ལ་འདུ་འཛི་མེད།  འོན་ཀྱང་།   སྲང་ལམ་འདི་མཐོང་མ་ཐག་ཁོའི་ཚོར་སྣང་ཡང་འཕྲལ་མར་འགྱུར་སོང་།                               ཐོག་མར་ཁོས་མཐོང་འོང་བ་ནི“ཟིང་ལོང་ཆེ་བ”དེ་ཡིན་ལ།   དེའི་འཕྲོར“བཙོག་ཆེ་བ”ཡང་མཐོང་བྱུང་།       འགྱིག་ཤོག་ཁུག་མ་ཁྲ་ཁྲ་སིལ་སིལ་དང་སྔོ་ཚོད་གཟེབ་ཁུག་སྣ་རྒུ་འཛོམས་པ་མང་པོ་འདེགས་པའི་མི་རྣམས་རྒྱུན་ཆད་མེད་པར་ཁོའི་འགྲམ་ནས་ཁྲོམ་ལམ་དུ་ཕྱིར་ཐོན་ནང་འཛུལ་བྱེད་ཅིང་། གྲོག་ཆུ་ཕྲ་མོ་བགྲང་ལས་འདས་པ་མང་པོ་ཆུ་རྒྱུན་བཞུར་ས་གཅིག་ཏུ་འདུས་པ་བཞིན་གཡས་ཀྱི་ཆུ་རྒྱུན་ལྟ་བུའི་མི་ཚོགས་དེ་ཚུར་བཞུར་འོངས་ན།   གཡོན་གྱི་མི་ཚོགས་བཞུར་རྒྱུན་གྱིས་ཕྱིར་མནན་ཏེ་ཆུ་རྙོག་ལྟ་བུ་ཞིག་ཏུ་གྲུབ་ཡོད། འཚོང་མཁན་གྱི་སྒྲ་དང་། སྡིག་དམོད་བྱེད་པའི་སྒྲ། ད་དུང་སྒྲ་འབེབས་འཕྲུལ་ཆས་དང་གློག་གི་དུང་ཆེན་སོགས་ལས་བྱུང་བའི་འུར་སྒྲ་ཡང་སྣ་རིས་སྤུ་ཚོགས་བཞིན་གཅིག་ཏུ་འདྲེས་པས་རྣ་བས་ཅི་ཡང་ཐོས་མི་ཐུབ་པར་གྱུར། ད་དུང་དྲི་ངད་ངན་པ་ཡང་འཐུལ་འོང་ཞིང་ཁོས་མནོ་བསམ་ཇི་ལྟར་བཏང་ནའང་། དྲི་ངན་འདི་ཐ་སྙད་འོས་འཚམས་ཤིག་གིས་བརྗོད་ཐབས་མ་བྱུང་།  དྲི་ངད་ཞིམ་པོ་དང་།   རུལ་དྲི།   རོ་མངར་མོ།  རོ་ཁ་བ།   རོ་ལན་ཚྭ་བ།   རོ་ཁ་ཚ་བ་སོགས་མཉམ་གཅིག་ཏུ་འདྲེས་ཡོད་ལ། ཁྱོད་ཀྱིས་ཚིག་ཅི་འདྲ་ཞིག་བཀོལ་ན་ཡང་འདི་ལྟ་བུའི་དྲི་ངན་དེ་གསལ་པོ་ཞིག་གཏན་ཁེལ་བྱེད་ཐུབ་མི་སྲིད། འདི་ནི་ཕལ་ཆེར་ཚལ་རུལ་གྱི་ལོ་མ་དང་ཟས་བཙོས་མའི་རིགས་ཀྱི་དྲི་མ་ཁང་པ་ལས་ཕྱི་རོལ་དུ་འཐུལ་ཡོང་བ་ཡིན་ལ། ད་དུང་དྲི་ངན་གཞན་གྱི་གྲུབ་ཆ་ཡང་ཡོད་པར་སྨོས་ཅི་དགོས་ཏེ།   དཔེར་ན།  སྤྱོད་ཁང་དང་ས་འོག་གི་ཆུ་སྙིགས་བཞུར་ས་སོགས་ཀྱི་དྲི་ངན་ལྟ་བུ......

“འགྲོ། ནང་དུ་ལྟ་རུ་འགྲོ།” དབང་རྒྱལ་ལྷ་ཡིས་དེ་ལྟར་སྨྲས།

ཁོ་དང་དབང་རྒྱལ་ལྷ་གཉིས་མི་ཚོགས་ཀྱི་གྲས་སུ་སོང་། ཨར་འདམ་གྱི་རྩིག་གྱང་ཞིག་རྒྱང་ཐག་རིང་པོའི་ས་ནས་མཐོང་ཞིང་རྩིག་ངོས་སུ་ཡིག་འབྲུ་སྦོམ་ཞིང་ཆེ་བ་གཉིས་བྲིས་ཡོད།   ཁོས་རྒྱ་ཡིག་མི་ཤེས་པས།  “ཕ་གིར་བྲིས་ཡོད་པ་དེ་ཅི་ཞིག་ཡིན་ནམ”ཞེས་དྲིས།

དབང་རྒྱལ་ལྷ་ཡིས།  “གད་སྙིགས་གང་སར་འཕོ་མཁན་དེ་མི་སྐྱག་གཟན་ཞིག་ཡིན། འདི་དུད་འགྲོ་བོང་བུའི་བོང་གཅིན་གཏོང་ས་རེད”ཅེས་བཀླགས་པ་ན།  དགྲ་ལྷ་བསོད་ཀྱིས་དེའི་དོན་ཅི་ཡིན་ཧ་གོ་མ་སོང་བར། “གཞན་གྱིས་བོང་རའི་ནང་སྔོ་ཚོད་འཚོང་གི་ཡོད་ཟེར་བ་ཡིན་ནམ། དེ་སུ་ཞིག་ལ་དགོས་སམ”སྙམ། དབང་རྒྱལ་ལྷ་དགོད་ཀྱིན་དུ་ན་རེ། “དེའི་དོན་ནི། མི་སུ་ཞིག་གིས་གནས་དེར་གད་སྙིགས་བླུགས་ན་དེ་མི་སྐྱག་གཟན་འདྲ་ཞིག་ཡིན་པ་དང་། མི་སུ་ཞིག་གིས་གནས་དེར་གཅིན་སྐྱག་བཏང་ན་དེ་མི་དུད་འགྲོ་བོང་བུ་འདྲ་ཞིག་ཡིན་ཞེས་པའི་དོན་རེད”ཅེས་བཤད།

དགྲ་ལྷ་བསོད་ཀྱང་དགོད་ཤོར་ཏེ། ཁོས་ཡིག་ཕྲེང་དེ་གཉིས་ལ་ལྟ་ཞོར་གྲོང་ཁྱེར་གྱི་མིའི་བསམ་ཚུལ་དང་སྒྲུབ་སྟངས་དེ་ནི་རྩྭ་ཐང་གི་འབྲོག་པ་དང་དངོས་གནས་མི་འདྲ་བ་ཞིག་རེད་སྙམ།   ཁོའི་སེམས་ལ་ཡིག་ཕྲེང་དེ་གཉིས་ནི་དེ་གའི་སྔོ་ཚོད་འཚོང་མཁན་དག་གིས་བྲིས་པ་ཡིན་པར་གདོན་མི་ཟ་སྟེ། གཞན་ལ་གད་སྙིགས་དང་གཅིན་སྐྱག་གང་སར་གཏོང་དུ་མི་འཇུག་པའི་ཆེད་ཁོས་ཅི་མི་སྙམ་པར་དེ་འདྲའི་ཡིག་ཕྲེང་གཉིས་ཀྱང་བྲིས་འདུག་པས།  ཡིག་འབྲུ་དེ་དག་གིས་ཕན་ནུས་ཐོན་ནམ་ཟེར་ན་དེ་ཡང་དཀའ་མོ་རེད་སྙམ།  དེའི་ཕྱིར། ཁོའི་སེམས་སུ་ཡིག་འབྲུ་དེ་དག་ནི་འཚིག་པ་ཟོས་པ་དང་འུ་ཐུག་པའི་མངོན་ཚུལ་ཙམ་ལས་གཞན་ཅི་ཡང་མ་ཡིན་སྙམ།

ཁོ་ཚོ་སྔོ་ཚོད་བཤམས་ས་དེའི་མདུན་དུ་འཚང་ཞིང་།  བལྟས་འོངས་ན་ད་ལྟ་ནི་སྔོ་ཚོད་ཚོང་ར་ཆེས་ཟིང་ལོང་ཆེ་བའི་སྐབས་ཤིག་ཡིན་ཏེ།  ཧ་ལམ་སྔོ་ཚོད་བཤམས་སའི་མདུན་གང་སར་མི་རྣམས་འཚང་ཁ་བརྒྱབ་ཡོད། སྔོ་ཚོད་བཤམས་ས་དེའི་ཚོང་བདག་ནི་ཁྱོ་ཤུག་དར་མ་གཉིས་ཡིན་པས། ཡང་དགྲ་ལྷ་བསོད་གད་མོ་ཤོར་བྱུང་། དེའི་རྒྱུ་མཚན་ནི། ཁྱོ་ཤུག་དེ་གཉིས་ཀྱི་མགོའི་གྱང་སྟོད་དུ་སྐྱག་གཟན་དང་བོང་བུ་ཞེས་པའི་ཡིག་འབྲུ་དེ་དག་ཡོད་པས་ཡིན། འོན་ཀྱང་། ཅུང་མ་འགོར་བར་ཁོར་ཡང་དགོད་རྒྱུ་མ་བྱུང་། སེམས་སུ་མི་དེ་གཉིས་ནི་ངོ་ཤེས་པ་ཞིག་རེད་སྙམ་སྟེ་སླར་བལྟས་པས་ངོས་ཀྱང་ཟིན་བྱུང་། ཁོ་གཉིས་ནི་ཀྲང་སན་དང་ཚུའེ་ཧྭ་གཉིས་མིན་ནམ།

ཁོས“ཀྲང་སན”ཞེས་བོས།

ཀྲང་སན་དང་ཚུའེ་ཧྭ་གཉིས་ཏག་ཏག་ལས་བྲེལ་གྱི་དབང་དུ་གྱུར་ཡོད་པས་མགོ་ཡར་བཀྱགས་ནས་ཁོ་ལ་ལྟ་ཁོམ་ཞིག་ཡེ་ནས་མེད། ལོ་ངོ་བཅུ་ཕྲག་འགའི་སྔོན་གྱི་ན་གཞོན་དེ་གཉིས་ནི་དེང་སྐབས་དར་མར་སོན་འདུག་ཀྱང་། དགྲ་ལྷ་བསོད་ཀྱིས་སྔར་བཞིན་ཁོ་གཉིས་ངོས་ཟིན་བྱུང་། ལོ་དེར་ཀྲང་སན་དང་ཚུའེ་ཧྭ་གཉིས་ཀྱིས་རྩྭ་ཐང་དུ་སྤང་ཤ་ཉོ་འཚོང་བྱས་པས་དགྲ་ལྷ་བསོད་ཚང་དུ་བསྡད་པ་ཡིན། ན་གཞོན་ཁྱོ་ཤུག་འདི་གཉིས་ནི་ཧ་ཅང་དཀའ་སྤྱད་སྡུག་རུས་ཆེ་བ་ཞིག་ཡིན་ཞིང་ལས་ཀ་སྒྲུབ་སྐབས་ཀྱང་རང་སྲོག་རྩེད་ཆས་སུ་འཛིན་པ་ལྟར་བྱེད། འོན་ཀྱང་། དགྲ་ལྷ་བསོད་ཀྱི་ཡིད་མི་དགའ་བར་བྱེད་པ་ཞིག་ལ་ཁྱོ་ཤུག་གཉིས་ཀྱིས་ནམ་རྒྱུན་ཡུལ་དེའི་སྒྲིག་ལམ་ཁ་ཤས་ལ་རྒྱབ་འགལ་བྱས་ཡོང་། རྩྭ་ཐང་དུ་སྤང་ཤ་མང་པོ་ཡོད་མོད། འཐུ་བའི་ཚེ་ཡང་གང་བྱུང་དུ་བཏུས་ན་ག་ལ་འགྲིག་སྟེ། དཔེར་ན། སྤང་ཤ་ས་འོག་ནས་སྐྱེ་བའི་དུས་སུ་ས་ཐུམ་ཆུང་བ་རེ་ཡར་འདེགས་འོང་བས་ཉམས་མྱོང་ཡོད་པའི་འབྲོག་པ་རྣམས་ཀྱིས་ནི་བལྟས་མ་ཐག་ནས་གནས་གང་དུ་སྤང་ཤ་ཡོད་པ་རྟོགས་ཐུབ། སྐབས་འདིའི་སྤང་ཤ་ནི་སྙི་ཞིང་རློན་ཤོས་ཆེ་མོད། རྩྭ་ཐང་གི་སྒྲིག་ལམ་ལྟར་ན་སྐབས་འདིར་སྤང་ཤ་བསྔོག་མི་ཆོག་སྟེ།   རྒྱུ་མཚན་ནི། སྤང་ཤ་བཏོག་ན་ས་རིམ་ཡང་བསྔོག་འོང་བར་ཐེ་ཚོམ་མེད་པས་ས་རིམ་གྱི་སྒྲིག་གཞི་རྩ་བརླག་ཏུ་གཏོང་སླ་བས་ཡིན་ཞིང་། ལྷག་པར་དུ་ལྕགས་ཁྱེམ་རིགས་ཀྱི་ལྕགས་ཀྱི་ཡོ་བྱད་ཀྱིས་བརྐོ་མི་རུང་སྟེ་སྤང་ཤ་ནི་ཤ་མོའི་རིགས་ཧ་ཅང་མཉེན་པ་ཞིག་ཡིན་པས་ལྕགས་ཀྱི་ཡོ་བྱད་ཀྱིས་རེག་པའི་རྗེས་ནས་ཡང་ཡང་སྐྱེ་མི་སྲིད།    ཡིན་ན་ཡང་།   ཀྲང་སན་ཁྱོ་ཤུག་གཉིས་ཀྱིས་སྒྲིག་ལམ་འདི་དག་མཐོང་ཡང་མ་མཐོང་ལྟར་བྱེད་འོང་ཞིང་། ས་རིམ་བརྐོས་ནས་སྤང་ཤ་སྙི་མོ་འཚོལ་བསྡུ་བྱས་པར་མ་ཟད་ལྕགས་ཁྱེམ་གྱིས་བརྐོ་བར་བྱས་པས། འདིས་དགྲ་ལྷ་བསོད་ཀྱི་ཁྱིམ་མཚེས་དེ་དག་ཀྱང་མི་དགའ་བར་བཟོས་ཏེ། འདི་འདྲའི་བཟའ་མི་གཉིས་བསྡུ་ཉར་བྱས་པས་རྩྭ་ཐང་ལའང་གནོད་བསྐྱལ་སོང་ཞེས་དགྲ་ལྷ་བསོད་ལ་འཁང་ར་བྱས།

ཀྲང་སན་དང་ཚུའེ་ཧྭ་ཁྱོ་ཤུག་གཉིས་ཁོ་ཚང་གི་མཛོད་ཁང་ཆུང་བའི་ནང་བསྡད་ཡོད་ཅིང་།  ཉིན་རེ་རེའི་འཚོལ་བསྡུ་བྱས་པའི་སྤང་ཤ་དག་མཛོད་ཁང་དང་གཞུང་ཁང་གཉིས་བར་གྱི་ས་སྟོང་དུ་བརྡལ་ནས་བསིལ་སྐམ་བྱས། དགྲ་ལྷ་བསོད་ཀྱིས་ཁྱོ་ཤུག་གཉིས་ཉིན་བཞིན་དུ་དེ་འདྲའི་དཀའ་སྡུག་ཆེ་བ་མཐོང་ནས་ཁོ་གཉིས་ལ་གདུང་སེམས་ཆེན་པོ་སྐྱེས་ཏེ། དུས་ནམ་རྒྱུན་ཟོག་ལུག་གི་ཤ་རེ་བཙོས་ཏེ་ཁྱོ་ཤུག་གཉིས་བོས་ནས་ཀུན་གྱིས་མཉམ་དུ་ལོངས་སུ་སྤྱད་ཅིང་།  མཉམ་དུ་ཟ་མ་ཟ་ཐེངས་རེར། ཁོས་ཁྱོ་ཤུག་གཉིས་ཀྱི་ཁ་ངོ་ཉི་མའི་ཚ་གདུག་གིས་ཚིག་ཡོད་པ་ལ་ལྟ་བཞིན་ཁོ་གཉིས་ལའང་དཀའ་ཚེགས་འདུག་སྙམ། ཉིན་ཞིག་ཟ་མ་ཟ་སྐབས།  ཁོས་ཁྱོ་ཤུག་གཉིས་ལ་རྩྭ་ཐང་གི་སྒྲིག་ལམ་སྐོར་གླེང་།   “ཁྱོད་གཉིས་ལའང་དཀའ་ཚེགས་འདུག་མོད། འོན་ཀྱང་། སྒྲིག་ལམ་བརྩི་སྲུང་བྱེད་དགོས”ཞེས་སྨྲས། ཀྲང་སན་གྱིས་ཏག་ཏག་ཟོག་གི་རུས་པ་ཞིག་བཟུང་ནས་བཏོག་བཞིན་ཡོད་དེ། “ངེད་གཉིས་དབུལ་པོ་ཡིན་པས། སྒྲིག་ལམ་ཅང་བརྩི་དགོས་པ་མ་རེད”ཟེར། ཁོས་ཀྲང་སན་གྱིས་སྐད་ཆ་དེ་འདྲ་ཞིག་བརྗོད་སྲིད་པ་བློ་ཡིད་ལའང་ཤར་མེད་པས་དེ་མུར་གད་མོ་ཤོར་ཏེ། “དབུལ་པོ་ཡིན་ན་སྒྲིག་ལམ་བརྩི་མི་དགོས་སམ”ཞེས་དྲིས། ཀྲང་སན་གྱིས“དབུལ་པོས་སྒྲིག་ལམ་བརྩིས་ན་སྔར་བས་ཀྱང་དབུལ་པོར་འགྱུར་སྲིད”ཅེས་ཟེར། ཁུངས་མེད་ཀྱི་སྐད་ཆ་དེ་འདྲ་ནི་དགྲ་ལྷ་བསོད་ཀྱིས་ཐོག་དང་པོར་ཐོས་པ་ཡིན་པས་སླར་ཡང་གད་མོ་ཤོར་ཏེ། ཁོའི་སེམས་སུ་ཁྱོ་ཤུག་འདི་གཉིས་ལའང་དཀའ་ཚེགས་འདུག་སྙམ་བཞིན་ཁོ་གཉིས་ལ་མི་དགའ་བ་མེད་པ་ཙམ་དུ་མ་ཟད་དགའ་བ་ཞིག་སྔར་ལས་སྐྱེས་བྱུང་། དེར་མ་ཟད་དབུལ་པོ་ལའང་དབུལ་པོའི་ཚོད་ཀྱི་དགའ་སྣང་མཆིས་ཏེ།  གང་ཞིག་ནས་བསླབས་པ་མི་ཤེས་མོད་ཀྲང་སན་གྱི་ཆུང་མས་ཉིན་བཞིན་དུ་དར་ཁྱབ་ཆེ་བའི་གླུ་གཞས་ཤིག་ངག་ནས་གྱེར་འོང་ཞིང་། ལྭ་བ་དམར་ལྗང་སྤེལ་མ་ཞིག་གྱོན་བཞིན་ད་དུང་རྒྱུན་པར་མཆུ་ལ་དམར་སྐག་བྱུགས་ཡོད། ཁོ་མོའི་ལྭ་བ་དང་མཛེས་འཆོས་བྱུག་རྫས་དག་ནི་སྤུས་ཞན་གྱི་རྫུན་བཟོའི་རིགས་ཤ་སྟག་ཡིན་མོད། དེ་ལས་ཁོ་མོས་མཛེས་པ་དོན་དུ་གཉེར་བའང་རྟོགས་ཐུབ།

ཉིན་ཞིག་རྩྭ་ཐང་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཀྲང་སན་བཙལ་ནས་ཐོན་ཏེ་དངུལ་ཆད་གཅོད་དགོས་ཟེར། དེའི་རྒྱུ་མཚན་ནི་ཀྲང་སན་གྱིས་ས་རིམ་འོག་གི་སྤང་ཤ་བརྐོས་པར་མ་ཟད། ལྕགས་ཁྱེམ་ཡང་བཀོལ་སྤྱོད་བྱས་པས་ཡིན། ཀྲང་སན་གྱིས་བསྙོན་འཛུགས་པ་རེད་ཅེས་ངོས་མི་ལེན་རྩིས་བྱས་མོད། ལྟ་སྐུལ་དོ་དམ་སྡེ་ཁག་གི་མི་དེ་ཚོའི་རྣམ་འགྱུར་དྲག་པོའི་མདུན་དུ་ཁོས་ཀྱང་ཁས་ལེན་དགོས་བྱུང་སོང་། “དངུལ་ཆད་ཅི་ཙམ་གཅོད་དགོས་སམ།”    ཁོས་དེ་ལྟར་དྲིས། ཕ་རོལ་པོས“དངུལ་ཆད་དྲུག་བརྒྱ་གཅོད་དགོས”ཟེར། “དངུལ་ཆད་བཅད་རྗེས་ངེད་གཉིས་ཀྱིས་གང་འདོད་དུ་བརྐོ་ཆོག་གམ།” “ད་དུང་དེ་ལྟར་བརྐོས་ན། དངུལ་ཆད་ཀྱང་ད་དུང་གཅོད་ངེས་ཡིན།”   “ཡ།    དེས་ན་ཉིན་འགའི་རྗེས་ནས་ཤ་མོ་བཙོང་རྗེས་ཁྱེད་ཚོར་དངུལ་ཆད་སྤྲོད་དུ་འོང་།” ཀྲང་སན་གྱིས་དེ་ལྟར་སྨྲས།   འོན་ཀྱང་།  ཉིན་འགའི་རྗེས་ནས་ཀྲང་སན་གྱིས་ཆུང་མ་ཁྲིད་ནས་བྲོས་སོང་བས། དགྲ་ལྷ་བསོད་ཀྱིས་ཁྱོ་ཤུག་དེ་གཉིས་ཡང་ཡང་མཐོང་རྒྱུ་མ་བྱུང་། བློ་ཡིད་ལས་འདས་པ་ཞིག་ལ།  ལོ་ངོ་བཅུ་ཙམ་འགོར་རྗེས་གྲོང་ཁྱེར་གྱི་སྔོ་ཚོད་ཚོང་ར་རུ་ཁྱོ་ཤུག་དེ་གཉིས་སླར་ཡང་མཐོང་བྱུང་།                                          

“ཀྲང་སན།......”  ཁོས་སླར་ཡང་སྐད་གསང་མཐོན་པོས་བོས།

ཐེངས་འདིར་ཀྲང་སན་གྱིས་ཐོས་བྱུང་། མགོ་ཡར་བཀྱགས་ནས་ཁོ་ལ་ལྟ་ཙམ་བྱས་ཚེ་དགའ་འདྲོགས་ངང་ནས་འཛུམ་དམུལ་ལེར་ལག་བརྡ་ཞིག་བཏང་རྗེས་མུ་མཐུད་དུ་ལས་ཀར་བྲེལ།

དགྲ་ལྷ་བསོད་ཀྱིས་དབང་རྒྱལ་ལྷ་ཁྲིད་ནས་ཕར་སོང་བ་ན་ཏག་ཏག་སྐབས་འདིར་དོན་དག་གཞན་ཞིག་བྱུང་སོང་།

གཉིས།

བཟོ་ཚོང་གི་ལས་གོས་གྱོན་པའི་སྐྱེས་པ་བུད་མེད་མི་གཉིས་ཀྲང་སན་གྱི་སྔོ་ཚོད་བཤམས་སའི་མདུན་དུ་བཙངས། བཟོ་ཚོང་སྐྱེས་པ་དེ་ཧ་ལམ་ལོ་བཞི་བཅུ་ཡས་མས་ཙམ་ཡིན་ཞིང་། ཧ་ཅང་མི་དགའ་བའི་ངང་ནས་ཀྲང་སན་ལ་སྐད་ཆ་ཞིག་ལབ་ཀྱིན་འདུག་མོད། ངར་ཧ་ཅང་ཆེན་པོ་ཞིག་ལངས་ཀྱིན་མེད། ཧ་ལམ་ཉིན་བཞིན་དུ་འདི་གའི་ཚོང་བདག་ཆུང་བ་རྣམས་ལ་ཁ་ཏ་བྱེད་དགོས་པས་ཁོང་ཁྲོ་ལང་རྒྱུ་དེར་སྔ་མོ་ནས་སུན་ཡོད།   བཟོ་ཚོང་བུད་མེད་དེ་ནི་ཧ་ལམ་ལོ་ཉི་ཤུ་ལྷག་ཙམ་གྱི་གཞོན་ནུ་མ་ཞིག་ཡིན་ལ། ཁོང་ཁྲོ་ལངས་ནས་གདོང་ཧྲིལ་པོ་དམར་ཐིང་ཐིང་དུ་གྱུར་ཡོད་ཅིང་། མངོན་གསལ་ཆེ་བའི་སྣང་ཆུང་གི་ལྟ་ཚུལ་ཞིག་གིས་ཀྲང་སན་བཟའ་ཟླ་གཉིས་ལ་ལྟ་བཞིན་ཞེ་མེར་བའི་མི་གཡོ་ཁྲམ་ཅན་གཉིས་མཐོང་བ་དང་འདྲ་བར་ཁོ་ཚོས་ཁ་འཛིང་བྱེད་མགོ་བརྩམས་བྱུང་།

དགྲ་ལྷ་བསོད་མདུན་དུ་འཚང་བ་ན་ད་གཟོད་ཁོ་ཚོ་ཚོང་བཤམས་སའི་ཁྲལ་བསྡུའི་དོན་དག་དེའི་ཆེད་དུ་ཁ་འཛིང་བྱས་པ་ཡིན་པ་ཤེས་བྱུང་།

“ཁྱོད་ཚོས་ཀྱང་འདིར་སྔོ་ཚོད་བཙོངས་ནས་ཉིན་ཁ་ཤས་ཙམ་འགོར་བ་ག་ལ་ཡིན། སྔོ་ཚོད་བཤམས་སའི་ཁྲལ་བསྡུ་བ་ནི་སྔར་བཞིན་གྱི་སྒྲིག་ལམ་ཡིན་པས་དེ་སྤྲད་ཚར་རྗེས་དོན་དག་ཅི་ཡང་མེད་པ་མིན་ནམ། ང་ཚོས་ཁྱོད་ལ་ཐེངས་ཅི་ཙམ་བསྐུལ་མྱོང་། ང་ཚོ་ཡང་བསྒྲུབ་རྒྱུ་མེད་པར་ཁོམ་སོང་བ་མིན། བྱ་བར་བྲེལ་བ་ཆེ་བས། ནམ་རྒྱུན་འདི་གར་ཡོང་ཁོམ་མེད......”  བཟོ་ཚོང་སྐྱེས་པ་དེས་སུན་སྣང་ཞིག་གིས་དེ་ལྟར་སྨྲས།

“ངས་ཀྱང་ཉིན་འགའི་རྗེས་ནས་སྤྲོད་འོང་ཟེར་བཞིན་ཡོད་མ་གཏོགས། མི་སྤྲོད་ཟེར་བ་མིན། ད་ལྟ་ལག་དངུལ་མེད།”  ཀྲང་སན་གྱིས་མེད་ཟེར་ཞོར་ལག་གི་ཤོག་དངུལ་དག་རྩི་བཞིན་ཡོད་པས། བསམ་གཟས་ཏེ་ཕ་རོལ་པོ་ལ་ཁོང་ཁྲོ་བསླངས་པ་ཡིན་པ་འདྲ།

“མི་སྤྲོད་ན། གནས་འདི་ནས་འགྲོ་རྒྱུ་བྱོས། ཁྱོད་ཚོ་འདྲ་བ་འདི་འདྲའི་ཁྲེལ་འཚོང་རྒྱག་མཁན་ཞིག་མཐོང་ཡང་མ་མྱོང་།” བཟོ་ཚོང་བུད་མེད་དེས་དེ་ལྟར་སྐད་ཆེན་པོས་བཤད།

“མཐོང་མ་མྱོང་ངམ། དེས་ན་ཁྱོད་གསར་དུ་ཡོང་བ་ཞིག་ཡིན་ངེས་རེད།  ད་རུང་ཐེངས་འགར་ཤོག་དང་། རེ་ཞིག་ཡ་མཚན་པོ་དེ་ལ་ཡང་ཡ་མཚན་སྐྱེ་མི་སྲིད།” ཀྲང་སན་གྱིས་དེ་ལྟར་སྨྲས།

“དེ་རིང་ཁྱོད་ཀྱིས་ངེས་པར་དུ་སྤྲོད་དགོས། མི་སྤྲོད་ན་ངས་ཆད་པའི་འཛིན་ཡིག་འབྲི་རྒྱུ་ཡིན།”

མ་མཐར་ཡང་མི་བཅུ་ཙམ་གྱིས་མཐའ་རུབ་སྟེ་འདུ་ལོང་ལ་ལྟ་བཞིན་ཡོད། ན་གཞོན་སྐོར་ཞིག་གིས་ད་དུང་སྐད་གསང་མཐོན་པོས་འུར་རྒྱག་བཞིན་བཟོ་ཚོང་གི་ཕྱོགས་སུ་ལངས་པའི་མི་གཅིག་ཀྱང་མེད།

“ཧི་ཧི། སྐྱེས་དམན་འདི། ངོ་གདོང་ཡང་ཁོང་ཁྲོས་དམར་ཐིང་ཐིང་དུ་གྱུར་འདུག བཙན་རྒྱུ་ཅི་ཡོད། ལྟག་སྒོ་འཛུལ་ནས་བཟོ་ཚོང་བྱས་པ་མིན་ནམ།”

“ལྟག་སྒོ་འཛུལ་ན་དེ་ཡང་འཇོན་ཐང་ཞིག་རེད་ཡ། དེས་ན་ཁྱོད་འཛུལ་དང་།   ངས་ཅིག་བལྟ། ”

“ང་ནི་སྐྱེས་པ་ཞིག་ཡིན་པས། ང་ལ་དེའི་འཇོན་ཐང་གང་ན་ཡོད།”

“ཁོ་ཚོ་ཁྲལ་བསྡུ་རྒྱུར་དེ་འདྲའི་ཧུར་བརྩོན་ཆེ་བའི་རྒྱུ་མཚན་ཅི་ཡིན་པ་ཤེས་སམ། ཚང་མ་ལྐོག་བགོས་བྱེད་བཞིན་ཡོད་པ་རེད།”

“དེ་བས་བཟོ་ཚོང་བུད་མེད་དག་གི་ལུས་ཚོན་པོ་ཡིན་པ་མིན་ནམ།”

ཀྲང་སན་གྱི་ཆུང་མའི་ཁ་ཡང་ཁོམ་མི་འདུག་མོད།   ཁོ་མོས་སྐད་ཆ་ཚིག་གཅིག་བཤད་ན་ཡང་ཚིག་ཀུན་ལ་ཐབས་རྩལ་ཡོད་དེ། མི་ལ་སྡིགས་ཀྱིན་ཡོད་ནའང་སྐད་ཆ་བཙོག་པ་ཚིག་གཅིག་ཀྱང་མེད་པར་མ་ཟད། སྐད་གདངས་ཀྱང་མཐོ་རྒྱུ་མེད་ལ་དགོད་མ་འཛུམ་ཞིག་སྟོན་བཞིན་ཡོད། ཁོ་མོའི་རྣམ་འགྱུར་དེར་བལྟས་ན་མོས་བཟོ་ཚོང་བུ་མོ་དེ་མིག་ནང་དུ་གཏན་ནས་བཞག་མེད།

དགྲ་ལྷ་བསོད་ཀྱང་ཀྲང་སན་ལ་སེམས་ནས་བྲེལ་འཚུབ་ལངས་བྱུང་། སྔོ་ཚོད་བཤམས་སའི་ཁྲལ་ཅི་ཙམ་སྤྲོད་དགོས་སམ།  དེ་ཁོས་ཀྱང་མི་ཤེས་ཏེ།   གཅིག་བྱས་ན་ལྔ་བཅུ་ཐམ་པ་ཡིན།    ལྔ་བརྒྱ་ཡིན་ཡང་སྲིད།   གང་ལྟར་ཅི་ཙམ་ཡིན་རུང་སྤྲོད་དགོས་པ་དེ་ཐད་ཀར་སྤྲོད་འོས། དེ་རིང་མི་སྤྲོད་ན་ཡང་སང་ཉིན་སྤྲོད་དགོས་པ་མིན་ནམ། མི་རྣམས་མཐའ་རུབ་ཏུ་བཅུག་སྟེ་འདུ་ལོང་ཆེ་སར་ངོ་ཚ་ཉོས་ནས་ཉོབ་སྣང་དུ་འགྱུར་བ་ལས་སྔ་མོ་ནས་སྤྲད་ན་མི་ལེགས་སམ། རྩྭ་ཐང་ནས་ཀྱང་དུས་ནམ་རྒྱུན་ཁྲལ་ཅི་རིགས་བསྡུ་འོང་སྟེ། མི་རྣམས་ཀྱིས་ཁྲལ་རིགས་ཁ་ཤས་ལུགས་མཐུན་ཞིག་མིན་པར་སྙམ་ན་ཡང་མི་སྤྲོད་མཁན་ཞིག་ཕལ་ཆེར་མེད། རྒྱུ་མཚན་ནི། མ་སྤྲད་ན་གཞན་ལ་བུ་ལོན་ཆད་འདུག་སྙམ་འོངས། རྩྭ་ཐང་གི་འབྲོག་པ་ནི་གཞན་ལ་བུ་ལོན་ཆད་དུ་འཇུག་རྒྱུར་མི་དགའ་སྟེ་འདི་ནི་ཕལ་ཆེར་རྩྭ་ཐང་གི་འབྲོག་པའི་སེམས་ཁམས་དེ་ཀྲང་སན་དང་མི་འདྲ་བས་ཡིན།

སྐབས་འདིར། སྔོ་ཚོད་འཚོང་སའི་ལྟག་རྒྱབ་ནས་མི་ཞིག་གིས་ཤིང་སྡེར་ཆེ་ཞིག་བཟུང་སྟེ་འབོད་ཞོར་དུ་ཚུར་སླེབས་བྱུང་། དེ་གར་ཉ་འཚོང་སའི་གནས་ཤིག་ཀྱང་ཡོད་ལ་མི་དེས་ཉ་ཁོག་གཤགས་པའི་ཆུ་རྙོག་སྡེར་མ་གང་ས་འོག་གི་ཆུ་སྙིགས་ནང་དུ་བྱོ་རྩིས་ཡོད་ཅིང་།  ཤིང་སྡེར་ཆེན་པོ་དེ་ཆུས་ལྟེམ་མེར་བཀང་སྟེ་ནང་དུ་ཉའི་ནང་ཁྲོལ་དང་སྲ་ལྷེབ་མང་པོ་རྒྱུ་བཞིན་ཡོད། ཁོས་ཤུགས་ཟད་སྒོས་ཤིང་སྡེར་དེ་བཀྱགས་ནས་འཁྱར་འཁྱོར་ངང་སླེབས་བཞིན་མདུན་དུ་གོམ་གང་རེ་སྤོས་ཚེ་ཆུ་རྙོག་ཉུང་ཙམ་རེ་ཡང་སར་བྱོ་འོང་།

“ལམ་ཞིག་ཕྱེ་རོགས། ལམ་ཞིག་ཕྱེ་རོགས། ལུས་སྟེང་དུ་ཆུ་བྱོ་ན་ང་ལ་ལེ་བདའ་མ་བྱེད། ལམ་ཞིག་ཕྱེ་རོགས... ...”  ཁོས་གོམ་འགྲོས་དང་འབོད་སྒྲ་ཡང་འུད་སྒྲོག་བྱས་ཡོད་པར་སྨོས་ཅི་དགོས་ཏེ་མི་རྣམས་ཀྱིས་འཚང་ཁ་ཤིག་ཤིག་གིས་གཡོལ་ཅི་ཐུབ་བྱས། བཟོ་ཚོང་ལས་བྱེད་མི་སྣ་དེ་གཉིས་ཀྱི་གམ་དུ་སླེབས་མ་ཐག་སྡེར་མའི་ནང་གི་ཆུ་སར་བྱོ་བ་སྔར་ལས་ཚབས་ཆེ་བར་འདུག་ཅིང་། བཟོ་ཚོང་བུད་མེད་ཀྱིས་གཡོལ་ཁོམ་མ་བྱུང་བར་ཆུ་རྙོག་དེ་དོར་མའི་འཛབས་ཁ་རུ་བྱོ་བྱུང་བས། ཁོ་མོས་ཨག་སྐད་ཅིག་ཕྱུང་ནས་ཕར་ལྡིང་ཙམ་བྱས།

ཡང་གཞོན་ནུ་འགས་འུར་རྒྱབ་བྱུང་། “མྱུར་དུ་དོར་མ་བརྗེ་རུ་སོང་ཡ།” “ཉ་འཚོང་མཁན་འདི་ལ་གོད་ཆག་འབྱུང་དགོས་འདུག  ཁོ་སང་ཉིན་མཐར་སྐྲོད་ངེས།”

བཟོ་ཚོང་བུད་མེད་དེ་ངུ་ཞོར་དུ་བྲོས་སོང་། བཟོ་ཚོང་སྐྱེས་པ་དེས་ཀྱང་མཐའ་རུབ་ནས་ལྟ་བའི་མི་ཚོགས་ལ་སྡང་མིག་ཅིག་བགྲད་དེ་མགོ་བོ་གཡུག་ཞོར་དུ་ཤུགས་རིང་ཞིག་ཕྱུང་ནས་གྱེས་སོང་།

ད་ནི་ཧ་ལམ་སྔ་དྲོའི་ཆུ་ཚོད་བཅུ་ཙམ་ཡིན་ལ། སྲང་ལམ་དུ་དུས་ཚོད་འགར་ཟིང་ལོང་དང་འུར་ཆོམ་རྒྱུན་ཆད་མེད་པར་བྱུང་བ་དེ་མཐར་ནི་འདུ་འཛི་མེད་པ་ཞིག་ཏུ་གྱུར་ཡོད། དགྲ་ལྷ་བསོད་དང་དབང་རྒྱལ་ལྷ་གཉིས་ཀྲང་སན་ལྟག་རྒྱབ་ཀྱི་སྔོ་ཚོད་བཤམས་སའི་རྐུབ་སྟེགས་སུ་བསྡད་ཡོད། ཀྲང་སན་བཟའ་ཟླ་གཉིས་ཀྱིས་དགྲ་ལྷ་བསོད་མཐོང་རྗེས་ཧ་ཅང་དགའ་སྤྲོ་སྐྱེས་ཡོད་པའང་རྟོགས་ཐུབ་སྟེ། ཀྲང་སན་རྐུབ་སྟེགས་སྟེང་ལུས་ཙོག་པུར་བསྡད་ནས་ཁོ་ཚོར་གླེང་མོལ་བྱེད་ཅིང་། ཆུང་མས་སྔོ་ཚོད་བཤམས་ས་དེ་ལ་བསྡུ་གསོག་རྒྱག་བཞིན་ཡོད།

“ཁྱོད་ནམ་ཞིག་ལ་གྲོང་ཁྱེར་དུ་སྔོ་ཚོད་འཚོང་བར་ཡོང་བ་ཡིན།” དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

ཀྲང་སན་གྱིས“ལོ་ལྔ་འགོར་སོང”ཟེར།

“དཀའ་སྡུག་ཆེའམ།”

“དཀའ་སྡུག་ལོས་ཡོད། མི་དང་མིའི་ལས་དབང་མི་འདྲ་སྟེ་ངེད་ཅག་ནི་དཀའ་སྡུག་མྱོང་བའི་ལས་དེ་ཡིན།”ཀྲང་སན་གྱིས་དེ་ལྟར་ལན་བཏབ། “ང་རང་ཉིན་བཞིན་དུ་ཞོགས་པའི་ཆུ་ཚོད་གསུམ་པར་མལ་ལས་ལངས་ཏེ་སྡེབ་འཚོང་ཚོང་རར་སོང་ནས་སྔོ་ཚོད་སྡེབ་ཉོ་བྱས་པ་ཡིན། ལྐོག་ཟ་རུལ་སུངས་བྱེད་མཁན་རྣམས་སྔ་དྲོའི་བར་དུ་གཉིད་ཆོག་ལ། ཁོ་ཚོས་ད་དུང་རྨི་ལམ་སྐྱིད་པོ་རྨི་བཞིན་ཡོད།”

དགྲ་ལྷ་བསོད་ཀྱིས་ཁོ་ལ་བལྟས་ནས་དགོད་ཀྱིན་དུ། རྒན་པོ་འདི་རྐུབ་སྟེགས་སུ་ལུས་ཙོག་པུར་འདུག་དགོས་དོན་ཅི་ཡིན་ནམ། རྐུབ་སྟེགས་ནི་འདུག་བྱེད་རེད་མ་གཏོགས་ཙོག་པུར་འདུག་བྱེད་ཅིག་ག་ལ་ཡིན། ཁྱོད་རང་རྐུབ་སྟེགས་སྟེང་ལུས་ཙོག་པུར་བསྡད་ན་རྐུབ་སྟེགས་ལ་ཡང་སྙིང་པོ་ཅི་ཡོད་དམ་སྙམ། སྐབས་འདིར། མགྲོན་འཁོར་ཆུང་བ་རྙིང་པ་ཞིག་སྲང་ལམ་དུ་འཛུལ་འོང་སྟེ་སྒྲ་དུང་ཤུགས་ཆེན་པོས་གནོན་ཞིང་མྱུར་ཚད་ཀྱང་མགྱོགས།  ཀྲང་སན་གྱིས། “དེ་ཙམ་མགྱོགས་པོ་བསྐོར་ནས་ཅི་བྱ།      རུལ་སུངས་པ”ཞེས་སྡིགས་དམོད་བྱས། དེ་ནས་ཡང་གློག་སྒུལ་འཕྲུལ་རྟ་ཞོན་པའི་བུད་མེད་གཞོན་ནུ་མ་ཞིག་ཚུར་ཡོང་བ་མཐོང་སྟེ། “ཚུགས་ཀར་ཅིག་ལྟོས་དང་།  རུལ་སུངས་པ།”   ཡང་ཀྲང་སན་གྱིས་དེ་ལྟར་སྡིགས་དམོད་བྱས།

ཐེངས་འདིར། དགྲ་ལྷ་བསོད་གད་མོ་བགད་པར་མ་ཟད་དབང་རྒྱལ་ལྷ་ཡང་གད་མོ་ཤོར་སོང་། བལྟས་འོང་ན། རུལ་སུངས་པ་ནི་ཀྲང་སན་གྱིས་སྡིགས་དམོད་བྱེད་པའི་ཁ་རྒྱུན་ཞིག་སྟེ། ཁོའི་སྣང་ངོར་མི་འགྲོ་བ་ཞིག་ཡིན་ཕྱིན་ཀུན་ལ་རུལ་སུངས་པ་ཞེས་སྡིགས་པར་བྱེད།

ད་ནི་དགྲ་ལྷ་བསོད་དང་དབང་རྒྱལ་ལྷ་གཉིས་ཀྱང་ཕྱིར་ལོག་རན་སོང་སྟེ་ཀྲང་སན་གྱི་སྔོ་ཚོད་བཤམས་ས་ནས་ཚལ་རིགས་ཁ་ཤས་བདམས་པ་ན། ཀྲང་སན་གྱིས་སྔོ་ཚོད་བཤམས་སའི་འོག་ནས་ཚལ་རིགས་འགའ་བླངས་ཏེ། “ཁྱོད་ཚོས་འདི་ཟོ། སྔོ་ཚོད་བཤམས་སའི་སྟེང་གི་ཚལ་རིགས་ཚང་མ་ཞིང་སྨན་གྱིས་སྦངས་པ་ཡིན་པས་དུག་ཅན་ཡིན། སྔོ་ཚོད་དེ་རིགས་རུལ་སུངས་པ་དག་ལ་བཙོང་ནས་ཟ་རུ་བཅུག་པ་ཡིན”ཞེས་བཤད་རྗེས་གད་མོ་ཤོར་སོང་།

དགྲ་ལྷ་བསོད་དང་དབང་རྒྱལ་ལྷ་གཉིས་དགའ་སྤྲོའི་ངང་སྲང་ལམ་ནས་ཕྱིར་བུད་ཅིང་། དགྲ་ལྷ་བསོད་ཀྱིས་རྗེས་ནས་བཟུང་སྔོ་ཚོད་ཉོ་རུ་ཉིན་རྒྱུན་དུ་ཀྲང་སན་ཚང་ལ་འགྲོ་དགོས་སྙམ།

གསུམ།

སྐབས་དེ་ནས་བཟུང་། དགྲ་ལྷ་བསོད་དངོས་གནས་ཀྲང་སན་གྱི་སར་སྔོ་ཚོད་ཉོ་རུ་འགྲོ་ཞིང་། མ་གཞིར་སྔོ་ཚོད་ཉོ་རྒྱུ་ནི་དམིགས་ཡུལ་གཏན་ནས་མ་ཡིན་པར། གཙོ་བོ་བཟའ་ཟླ་དེ་གཉིས་ལ་ལྟ་རུ་སོང་སྟེ་ཁ་བརྡ་རེ་གློད་རྒྱུ་དེ་ཡིན། དེ་བས་ཁོ་རང་འགྲོ་ཡང་ཅུང་འཕྱི་སྟེ་སྔོ་ཚོད་ཚོང་རར་ཚལ་རིགས་ཉོ་བའི་མི་རྣམས་ཕལ་ཆེར་འཐོར་ཚར་རྗེས་ད་གཟོད་འགྲོ་བ་ཡིན། དེ་ལྟར་བྱས་ན་དབང་རྒྱལ་ལྷ་ཁོ་གཉིས་ཀྱང་མཉམ་གཅིག་ཏུ་འགྲོ་ཐབས་མེད་དེ། དབང་རྒྱལ་ལྷ་ནི་ཉིན་བཞིན་དུ་མལ་ལས་སྔ་མོར་ལངས་ཏེ་ལུས་ཕུང་སྦྱོང་བརྡར་བྱས་ཚར་རྗེས་ད་གཟོད་སྔོ་ཚོད་ཉོ་རུ་འགྲོ་བས། ཁོ་རང་སྔོ་ཚོད་ཚོང་རར་འགྲོ་རྒྱུ་དེ་དགྲ་ལྷ་བསོད་ལས་སྔ་བར་ཡོད། དགྲ་ལྷ་བསོད་འགྲོ་བའི་སྐབས་སུ། ད་ནི་སྔ་མོ་ནས་བཟུང་ཆུ་ཚོད་དྲུག་བདུན་ཙམ་གྱི་རིང་ལས་བྲེལ་ཆེན་པོས་མི་ཁོམ་པར་གྱུར་པའི་ཀྲང་སན་བཟའ་མི་གཉིས་ཀྱིས་སྔོ་ཚོད་བཤམས་ས་དེ་བསྡུ་གསོག་རྒྱག་བཞིན་པའི་སྒང་ཡིན་པས་དབུགས་ལྷོད་ཙམ་བྱུང་ཐུབ་ཡོད། ཁོ་རང་སྔོ་ཚོད་བཤམས་སའི་ལྟག་རྒྱབ་ཀྱི་རྐུབ་སྟེགས་སུ་འདུག་ཅིང་། ཀྲང་སན་ནི་སྔར་བཞིན་རྐུབ་སྟེགས་ཅིག་ཤོས་ཀྱི་སྟེང་ཙོག་པུར་འདུག་བཞིན་ཁོ་གཉིས་ཀྱིས་གླེང་མོལ་བྱས། ཀྲང་སན་ལ་ཤེལ་དམ་ཆེན་མོ་ཁ་ལེབ་ཅན་ཞིག་ཡོད་ལ་ཤེལ་དམ་དེ་སྔོན་ཆད་ཕལ་ཆེར་རྒྱ་སྲན་དམར་འདག་སོགས་འཇུག་ས་ཤིག་ཡིན་མོད། ད་སྐབས་ནང་དུ་ཇ་ལོ་སྤུས་ཞན་ཞིག་བསྙལ་ཡོད། ཀྲང་སན་གྱི་ཆུང་མས་སྤྱིར་བཏང་དུ་ཤེལ་དམ་ཞིག་བླངས་ནས་དགྲ་ལྷ་བསོད་ལ་ཇ་ལྡུག་འོང་ཞིང་།  ཁོ་མོས་སྔར་བཞིན་གཟབ་འཆོར་སྤྲས་པའི་གོམས་གཤིས་དེ་སོར་བཞག་བྱས་ཡོད་དེ། མཆུ་རྩི་བྱུག་རྒྱུ་ནི་སྨོས་ཅི་དགོས། ད་དུང་སྐྲའི་ལན་བུར་ཚོས་སེར་པོ་བསྒྱུར་ཡོད།

“ལོ་དེར་ཁྱོད་གཉིས་གློ་བུར་དུ་བུད་སོང་བའི་རྒྱུ་མཚན་ཅི་ཡིན་ནམ།”  དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

“ཁྱོད་ཚོའི་ཡུལ་དེའི་རུལ་སུངས་པ་དག་གིས་སྒོར་དྲུག་བརྒྱའི་དངུལ་ཆད་གཅོད་དགོས་ཟེར་བས། ང་ཡང་གླེན་པ་ག་ལ་ཡིན། སྒོར་དྲུག་བརྒྱས་ངེད་བཟའ་མི་གཉིས་ཀྱིས་ཟླ་བ་གཅིག་གི་འཚོ་བ་སྐྱེལ་ཐུབ།”     ཀྲང་སན་གྱིས་དགོད་ཞོར་དུ་འདྲི་རྒྱུར། “ཁྱོད་ཚོའི་ཡུལ་ནས་རུལ་སུངས་པ་དེ་དག་འཛིན་བཟུང་བྱས་སོང་ངམ”ཟེར།

“སུ་ཞིག་རུལ་སུངས་པ་རེད།   ཁྱོད་ཀྱིས་ཇི་ལྟར་ཤེས།” དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

 “དེ་ཇི་ལྟར་མི་ཤེས་སམ། ང་རྒྱ་སྲང་དུ་འགྲོ་དུས་ཕར་བལྟས་པ་ཙམ་ནས་སུ་ཞིག་རུལ་སུངས་པ་ཡིན་མིན་ཤེས་འོང་།  གོ་ཐོས་ཡིན་ན། སྒྲིག་ཁྲིམས་ཞིབ་བཤེར་བསྐོས་མི་ལྷན་ཁང་གིས་རུལ་སུངས་རྩད་ཞིབ་བྱས་ན་དཀའ་ལས་ཁག་པོ་འདུག་ཟེར། མ་གཞིར་ཁོ་ཚོས་ང་བཙལ་ན་ལེགས། ངས་ཁོ་ཚོར་རུལ་སུངས་པ་རེ་རེ་བྱས་ནས་ངོས་འཛིན་བྱེད་ཐུབ།” ཀྲང་སན་གྱིས་དེ་ལྟར་བཤད། “འབངས་མི་སེར་ལ་རྣམ་འགྱུར་སྡུག་པོ་སྟོན་མཁན་ཡིན་ཕྱིན་ཚང་མ་རུལ་སུངས་པ་ཡིན།”

དགྲ་ལྷ་བསོད་ཀྱིས། “ཁྱོད་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་བསྐོས་མི་ལྷན་ཁང་ལ་ཁྱོད་ཀྱི་ནུས་པ་དེ་འདྲ་མེད་ཟེར་བ་ཡིན་ནམ། ཁྱོད་ཀྱིས་རུལ་སུངས་པ་རྣམས་ནི་དེ་འདྲའི་གླེན་པ་ཞིག་རེད་སྙམ་མམ། ཁོ་ཚོས་རང་ཉིད་ཀྱི་རུལ་སུངས་སྲོག་དང་བསྡོས་ནས་སྦ་གསང་བྱེད་སྲིད་པས། དེ་རྩད་ཞིབ་བྱེད་རྒྱུ་ལས་སླ་པོ་ག་ལ་ཡིན”ཞེས་སྨྲས།

“རྩད་ཞིབ་བྱེད་དཀའ་རྒྱུ་ཅི་ཡོད་དམ། ཀྲོའུ་ཡུང་ཁང་དང་ལིང་ཅི་ཧྭ་ཟེར་བ་དེ་དག་ཚང་མ་ཡང་འཛིན་བཟུང་བྱེད་ཐུབ་ན། འུ་ཚོའི་ས་ཆའི་རུལ་སུངས་ཆུང་བ་དེ་དག་ལྟ་ཅི་སྨོས། ང་ཚོའི་རྒྱལ་ཁབ་ཀྱིས་ཉེས་ཁྲིམས་བཅད་པ་ཧ་ཅང་ཡང་བར་གྱུར་འདུག་པ་མ་གཏོགས།   ངས་ཕལ་མོ་ཆེ་དེ་མེ་མདས་སྲོག་ཆད་བཅད་ན་འོས་སྙམ།”

“ཁྱོད་ཀྱིས་སྔོ་ཚོད་བཤམས་སའི་ཁྲལ་སྤྲད་ཟིན་ནམ། ཉིན་དེར་ངས་ཁྱོད་དང་བཟོ་ཚོང་ལས་བྱེད་མི་སྣ་དག་གིས་ཁ་འཛིང་བྱེད་བཞིན་པ་མཐོང་བྱུང་།”

“སྤྲད་མེད།”

“མྱུར་དུ་སྤྲད་ན་ལེགས།  མ་སྤྲད་ན་ཅི་འདྲའི་ཁ་སྐྱེངས་པོ་ཞིག་རེད་ཨང་། དུས་ཀྱི་སྔ་ཕྱི་མ་གཏོགས་སྤྲོད་ནི་ཅིས་ཀྱང་དགོས་པ་མིན་ནམ།”

ཀྲང་སན་གྱིས། “ནམ་ཞིག་ཉིན་མོར་སྤྲོད་དགོས་མོད། འོན་ཀྱང་ངས་ཐད་ཀར་སྤྲོད་མི་འདོད། ངས་ཁོ་ཚོར་ཁོང་ཁྲོ་ལངས་ཏུ་འཇུག་འདོད་ཅིང་ཁོ་ཚོར་ནམ་སྤྲོད་དགོས་ན་དེ་དུས་བསྡུ་ཐུབ་པ་ཞིག་ཡིན་མི་སྲིད་པ་དེ་ཤེས་སུ་འཇུག་འདོད”ཟེར་བཞིན། རང་རློམ་ཆེ་བའི་སྒོ་ནས་གད་མོ་བགད་བྱུང་།

དེ་རིང་སྔ་དྲོ་དགྲ་ལྷ་བསོད་སྔོན་ཏག་ཏག་ཏུ་སྔོ་ཚོད་ཚོང་རར་ཐོན་པ་ཡིན་ལ། དབང་རྒྱལ་ལྷ་ཉིད་ཀྲང་སན་གྱི་སྔོ་ཚོད་བཤམས་སའི་མདུན་དུ་ལངས་འདུག་པ་མཐོང་རྗེས། ཁོས་བསམ་པར་དེ་རིང་ཁོ་སླེབས་པ་འདི་འདྲའི་འཕྱི་བའི་རྒྱུ་མཚན་ཅི་ཡིན་ནམ་སྙམ། ཁོས་དབང་རྒྱལ་ལྷ་ལ་སྐད་ཆ་ཚིག་འགའ་ལབ་མ་ཐག་སྔོ་ཚོད་ཚོང་རའི་བར་སྣང་དུ་སྤྲིན་པ་ལང་ལོང་གཡོ་བཞིན་ཆར་པ་འབབ་མགོ་བརྩམས་བྱུང་།

“འགྲོ། འུ་ཚོ་ངའི་མཛོད་ཁང་ཆུང་བ་དེའི་ནང་ལ་ཆར་བྱོལ་དུ་འགྲོ།” ཀྲང་སན་གྱིས་དེ་ལྟར་བཤད་ཀྱིན་ཁོ་གཉིས་ཁྲིད་ནས་སྲང་ལམ་གྱི་དཀྱོགས་མགོ་དེའི་ཕྱོགས་སུ་སོང་།  ཁང་མིག་ཧ་ཅང་དོག་མོ་ཞིག་གི་ནང་དུ་སླེབས་པ་ན། ཁང་མིག་གི་ཟུར་ཞིག་ཏུ་ཤིང་ལེབ་འགའ་བཞག་ཡོད་ཅིང་ལྕགས་རྟ་རྙིང་པ་ཞིག་དང་གསོལ་ཅོག་འཁྱོག་པོ་ཞིག ད་དུང་རྐུབ་སྟེགས་འགའ་བཅས་ཡོད།

“ཁྱོད་ལ་ད་དུང་གནས་འདི་འདྲ་ཞིག་ཀྱང་ཡོད་དམ།” དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

ཀྲང་སན་གྱིས། “ལན་རེར་རྒྱུ་རྫས་ཙག་ཙིག་རེ་འཇོག་ས་བྱས་པ་ཡིན་ལ། ཆར་འབབ་རླུང་གཡུག་གི་སྐབས་སུའང་འདིར་འོངས་ནས་ཆར་བྱོལ་རེ་བྱས་པ་ཡིན”ཟེར། ཕྱི་རོལ་ནས་ཆར་པའི་ཤག་སྒྲ་དང་མི་རྣམས་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་པའི་གོམ་སྒྲ་གྲགས་པ་ན།   ཀྲང་སན་ན་རེ།     “ཆར་པ་འདི་ཡུད་ཙམ་ལ་འབབ་མཚམས་འཇོག་དཀའ་རྒྱུ་རེད……སྔ་དྲོ་ཁྱོད་ཚོ་འདིར་འདུག་ཐུབ་ཙམ་བྱོས། འུ་ཚོས་ཟ་མ་ཅི་ཞིག་ཟ་རྒྱུ་ཡིན།”

“ངེད་གཉིས་ཀྱིས་ཉིན་རྒྱུན་ཁྱོད་ཀྱི་སར་སྔོ་ཚོད་ཉོ་ཡི་ཡོད་པས། དེ་རིང་ང་ཚོས་ཁྱོད་བཟའ་མི་གཉིས་ལ་སྣེ་ལེན་བྱེད། ང་མྱུར་དུ་ཕྱི་ལ་སྔོ་ཚོད་དང་ཆང་ཉོ་ཡི་འགྲོ།”    དབང་རྒྱལ་ལྷས་དེ་ལྟར་སྨྲས།

ཕྱི་རོལ་དུ་ཆར་པ་ངང་གིས་འབབ་ཀྱིན་འདུག་ཅིང་། སྔོ་ཚོད་ཉོ་མཁན་ཕལ་ཆེ་བ་སྔ་མོ་ནས་བྲོས་བྱོལ་བྱས་ཟིན། ཚོང་བདག་རྣམས་ཀྱིས་ཀྱང་སྔོ་ཚོད་བཤམས་ས་དེ་བསྡུ་གསོག་བྱས་ཟིན་ལ། ཆར་བྱོལ་བྱེད་ལོང་མ་བྱུང་བའི་མི་འགའ་ཞིག་ཉི་སྒྲིབ་སྤྱིལ་བུའི་འོག་ཏུ་ལངས་ཏེ་ག་བྱེད་འདི་བྱེད་མེད་པར་ཆར་པ་ཤག་ཤག་ཏུ་འབབ་ཀྱིན་པར་ལྟ་བཞིན་བསྡད་འདུག   དབང་རྒྱལ་ལྷ་དང་དགྲ་ལྷ་བསོད་གཉིས་ཁྱིམ་མཚེས་ཀྱི་ཚོང་ཁང་ཆུང་བ་ཞིག་གི་ནང་དུ་བརྒྱུགས་ནས་ཆང་དཀར་དམ་བེ་གཅིག་དང་ཝུ་ཆང་དམ་བེ་ལྔ་ཙམ་ཉོས་རྗེས། སླར་ཟ་ཁང་ཞིག་ཏུ་འཛུལ་སྟེ་དྲོ་ཚལ་རིགས་འགའ་ཉོས་ནས་ཕྱིར་ཤག་མིག་ཏུ་ལོག ཀྲང་སན་གྱི་ཆུང་མ་ཡང་ཕྱིར་ཐོན་ཏེ་གྲུ་ཟུར་ཞིག་ཏུ་ལངས་ནས་ལག་ཕྱིས་ཀྱིས་མགོའི་སྐྲ་ལ་ཕུར་ཕུར་བྱེད་ཀྱིན་མཆིས།

“གནས་འདི་ན་དེ་ཙམ་ལས་ཉོ་རྒྱུ་མི་འདུག དེ་ཟ་ཐུབ་ཙམ་བྱེད།”  དབང་རྒྱལ་ལྷས་དེ་ལྟར་སྨྲས།

ཀྲང་སན་གྱིས་བཤད་རྒྱུར།  “འདི་གྲོང་ཁྱེར་རེད། གལ་ཏེ་ཞིང་ལས་ཡིན་ཚེ་ཟས་ཡག་ཤོས་རེད”ཟེར། ཁོས་སྔོ་ཚོད་བཤམས་ས་ནས་རྡོ་ཀུ་བ་དང་སུར་པན་ཞིག་ཁྱེར་ཐོན་ཏེ། སུར་པན་རིང་པོ་ཞིག་གི་ཕྱེད་ཀ་ཧྲག་གེར་སོ་ཞིག་བཏབ་ནས་ལྡད་ཞོར་དུ་ཆུང་མ་ལ“ཆང་ཕོར་འགའ་ཁྱེར་ཤོག”ཟེར་བཞིན། སླར་རྐུབ་སྟེགས་སྟེང་ཙོག་པུར་བསྡད།

“གལ་ཏེ། དེ་རིང་ཆར་པ་འབབ་ཀྱིན་མེད་ཚེ། འུ་གཉིས་བུ་མོར་ལྟ་རུ་སོང་སྟེ་མོ་རང་ཟ་ཁང་དུ་བོས་ནས་ཟ་མ་ཞིག་ཟོས་ན་བཟང་གི་བསམས།” ཀྲང་སན་གྱི་ཆུང་མས་ཕྱི་རོལ་གྱི་འབབ་མཚམས་སྔར་ལས་དྲག་པའི་ཆར་པའི་ཤག་སྒྲ་ལ་ཉན་ཞོར་དུ་དབུགས་རིང་ཞིག་འབྱིན་ནས་དེ་ལྟར་སྨྲས།

བུ་མོ་གླེང་མ་ཐག་ཀྲང་སན་གྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན་བཤད་རྒྱུར།  “ཁྱོད་ཀྱིས་བུ་མོ་ལ་ཁ་པར་ཞིག་ཐོངས་དང་། སྔ་དྲོ་ཆར་བབས་བྱུང་། དགོང་དྲོ་མཉམ་དུ་ཟ་མ་ཟ”ཟེར།

“ཁྱོད་ཀྱི་བུ་མོ་གང་དུ་ཡོད།” དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

“གྲོང་ཁྱེར་འདི་གར་མཐོ་འབྲིང་འགྲིམ་བཞིན་ཡོད།”

“བྱིས་པ་གཅིག་ལས་མེད་དམ།”

“གཅིག་གིས་ག་ལ་ཚད། ངེད་གཉིས་ལ་བྱིས་པ་བཞི་ཡོད། སྔོན་མ་གསུམ་པོ་བུ་ཡིན་ལ་ཆེས་ཆུང་བ་དེ་བུ་མོ་འདི་ཡིན།” ཀྲང་སན་གྱིས་བཤད་རྒྱུར། “ལོ་དེར་ངེད་བཟའ་མི་གཉི་ག་ཁྱོད་ཚོའི་ཡུལ་དེར་ཕྱིན་ནས་སྤང་ཤའི་ཚོང་རྒྱག་དོན་ནི་ཆུང་མས་སྦྲུམ་ཐེངས་གཉིས་པ་བཙས་པར་གཞན་གྱིས་དངུལ་ཆད་གཅོད་དགོས་ཞེས་སྨྲས་བྱུང་བས། ངེད་གཉིས་ཕྱི་རོལ་དུ་ཡོང་བ་ཡིན……”ཞེས་སྨྲས་ཚར་རྗེས་བཞད་གད་ཐག་གེར་བགད་བྱུང་།

“དེས་ན་ཁྱོད་ཀྱི་བུ་གསུམ་པོ་གང་དུ་ཡོད།” དབང་རྒྱལ་ལྷས་དེ་ལྟར་དྲིས།

“ཚང་མ་ཞོར་ལས་གཉེར་དུ་བུད་སོང་། བུ་གཅིག་ཏུང་ཀོན་ན་ཡོད། གཉིས་པ་དེ་ཞི་ཨན་ན་ཡོད་ལ་ངེད་བཟའ་མི་གཉིས་དང་ཐག་ཅུང་ཙམ་ཉེ། འཆར་ལྡན་བུ་སྐྱེས་སྡེ་ཁག་གིས་བྱིས་པ་གསོ་རུ་མི་འཇུག་པ་མིན་ནམ། ངས་ངེས་པར་དུ་བུ་དང་བུ་མོ་གཉིས་འཛོམས་རེ་བཙའ་དགོས་སྙམ་པ་ཡིན། ལས་བཟང་བ་ཞིག་ལ་ངེད་བཟའ་ཟླ་གཉི་གས་འབད་པ་བྱེད་ཐུབ་སོང་། ངས་ས་བོན་འདེབས་པར་ཤུགས་བརྒྱབ་པས་ཆུང་མའི་མངལ་ལས་ཀྱང་རྒྱུན་ཆད་མེད་པར་ས་བོན་འབུས……གལ་ཏེ་ང་རང་གོང་མ་ཡིན་ཚེ། ཆུང་མས་ང་ལ་བྱིས་པ་བཅུ་ཕྲག་ཅིག་བཙའ་ངེས། ཡིད་སྐྱོ་བ་ཞིག་ལ་ང་གོང་མ་ཡིན་ག་ལ་སྲིད། ལོ་འགའི་སྔོན་ནས་ཆུང་མས་ཀྱང་རྩ་བསྡམས་ཡོད……”

ཀྲང་སན་གྱི་ཆུང་མས་བུ་མོར་ཁ་པར་འཕྲོད་རྗེས། བཟའ་ཟླ་གཉི་གས་འཁོར་རེས་བྱས་ནས་བུ་མོར་ཁ་བརྡ་བྱས།

“ངེད་བཟའ་མི་གཉི་ག་འདིར་འོངས་ནས་སྔོ་ཚོད་འཚོང་དོན་ཡང་བུ་མོའི་ཆེད་དུ་ཡིན།”   ཀྲང་སན་གྱིས་ཁེངས་དྲེགས་སྒོས་དེ་ལྟར་སྨྲས་ཤིང་། གདོང་ལ་བདེ་སྐྱིད་ཀྱི་ཉམས་སྣང་ལྡན་པའི་སྒོ་ནས། “དངུལ་བཙལ་ནས་བུ་མོ་སློབ་གྲྭར་མ་བསྐྱལ་ཚེ་ག་ལ་འགྲིག ད་སྐབས་བྱིས་པ་ཚོར་གཏོང་སྒོ་ཆེན་པོ་འདུག སང་ལོ་སློབ་ཆེན་ལ་རྒྱུགས་སྤྲད་ཚེ་གཏོང་སྒོ་དེ་བས་ཀྱང་ཆེ་བར་འདུག”ཅེས་སྨྲས།

“ང་ཉིན་བཞིན་དུ་ཁྱོད་ཚང་ལ་སྔོ་ཚོད་ཉོ་རུ་ཡོང་གིན་ཡོད་མོད།  ངས་ཁྱོད་ཚང་གི་བུ་མོ་ཐེངས་གཅིག་ལའང་མཐོང་མ་མྱོང་བ་དེ་རྒྱུ་མཚན་ཅི་ཡིན་ནམ།” དགྲ་ལྷ་བསོད་ཀྱིས་དེ་ལྟར་དྲིས།

“བུ་མོ་གནས་འདིར་ཁྲིད་ཡོང་ན་ག་ལ་འགྲིག  བུ་མོར་བསམ་པའི་འབག་བཙོག་ཐེབས་སུ་འཇུག་མི་རུང་།” ཀྲང་སན་གྱིས་དུས་ལས་ཡོལ་བའི་ཐ་སྙད་ཅིག་བཀོལ་བྱུང་སྟེ་ཕལ་ཆེར་ཁོའི་བུ་མོ་འདི་གར་འོང་ན་ལྡོག་ཕྱོགས་ཀྱི་བསམ་ཚུལ་འབྱུང་སྲིད་ཅེས་བརྗོད་འདོད་པ་རེད།

ཆུང་མས་ཁོ་ཚོར་སྒོར་ཁུག་ནང་མ་ཅན་ཞིག་བླངས་ནས་བསྟན་ཞིང་ནང་དུ་བུ་མོའི་འདྲ་པར་ཞིག་བཞག་ཡོད།  དགྲ་ལྷ་བསོད་ཀྱི་སེམས་སུ་པར་ངོས་ཀྱི་བུ་མོ་ནི་ཧ་ཅང་ལྷད་མེད་པ་དང་བཞིན་རས་མཛེས་ལ་སྤྲོ་སྐྱིད་ལྡན་པ་ཞིག་སྟེ་ལུས་ལ་གོས་སྟོད་སྨད་འབྱར་མ་དཀར་པོ་ཞིག་གྱོན་ནས་ཡིད་སྤྲོ་བའི་ངང་ནས་འཛུམ་དམུལ་ལེར་ཡོད།

“གོས་ལྭ་འདི་ལ་དངུལ་སུམ་སྟོང་སྤྲད་པ་ཡིན།  ཉོ་བའི་དུས་སུ་ངས་མིག་འཛུམ་ཙམ་ཡང་མ་བྱས།” ཀྲང་སན་གྱིས་ཁེངས་དྲེགས་ཀྱི་སྒོ་ནས་དེ་ལྟར་སྨྲས།

དེའི་རྗེས་སུ། ཆར་པའང་འབབ་མཚམས་བཞག་འདུག དགྲ་ལྷ་བསོད་དང་དབང་རྒྱལ་ལྷ་གཉིས་ཕྱིར་སྡེ་ཁུལ་དུ་ལོག་པའི་ལམ་སྐབས་སུ་འགྲོ་བཞིན་ཡོད་ཅིང་། མཁའ་དབུགས་གསལ་ཞིང་དྭངས་ལ་ཁྲོམ་ལམ་གཞོགས་གཉིས་ཀྱི་ཐོག་ཁང་དང་ཤིང་སྡོང་ཚང་མ་ཡང་ཆར་ཆུས་གཙང་མར་བཀྲུས་ཡོད། དགྲ་ལྷ་བསོད་ཀྱི་བསམ་པར་གྲོང་ཁྱེར་དུའང་སྐྱིད་པོ་འདུག་སྙམ།

ཉིན་དེའི་ཕྱི་དྲོར་དགྲ་ལྷ་བསོད་ཀྱིས་རྒྱ་སྲང་དུ་འཆམ་འཆམ་བྱེད་སྐབས་ཀྲང་སན་གྱི་བུ་མོ་མཐོང་བྱུང་།  སྐབས་དེར།  ཁོས་ཀྲང་སན་བཟའ་མི་གསུམ་པོ་མདུན་གྱི་ཤིང་སྡོང་འོག་གི་རྐུབ་སྟེགས་རིང་པོ་ཞིག་ཏུ་བསྡད་ཡོད་པ་མཐོང་ཞིང་།  བུ་མོ་དཀྱིལ་དུ་ཙོག་ཡོད་ལ་བཟའ་མི་གཉི་ག་བུ་མོའི་གཡས་གཡོན་གཉིས་སུ་བསྡད་ཡོད།    བུ་མོས་གྱོན་པའི་ལྭ་གོས་དཀར་པོ་དེ་པར་ངོས་ནས་མཐོང་བ་དང་གཅིག་འདྲ་ཡིན་ཏེ། གདོང་ལ་འཛུམ་ཆུང་གིས་ཁེངས་ནས་འོ་དར་ཟ་བཞིན་བསྡད་ཡོད། ཀྲང་སན་གྱི་ཆུང་མས་སྐབས་འགར་བུ་མོའི་མགོ་ལ་བྱིལ་བྱིལ་བྱེད་ཅིང་།  ཀྲང་སན་གྱིས་འཛུམ་དམུལ་དམུལ་སྒོས་ཁྲོམ་སྲང་གི་མཛེས་ལྗོངས་ལ་ལྟ་བཞིན་ཡོད།

ཅི་འདྲའི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་ཡིན་པ་ལ་ཨང་།

མིག་མདུན་གྱི་སྣང་བརྙན་དེས་དགྲ་ལྷ་བསོད་ཀྱི་ཡིད་དབང་ཅིག་ཅར་འཕྲོག་སྟེ། ཁོས་ལོ་དེར་བུས་སློབ་ཆེན་ལ་རྒྱུགས་སྤྲད་པའི་རྣམ་པ་དེ་དྲན་ཞིང་། ད་དུང་བུ་ཉིད་བསྐྱལ་ནས་རླངས་འཁོར་ནང་དུ་འཇོག་དུས་ཀྱི་སེམས་ཁམས་ཀྱང་དྲན་འོངས། དེ་ནི་རྩྭ་ཐང་སྟེང་གི་གཞུང་ལམ་གྱི་ལོགས་སུ་ཡོད་པའི་རླངས་འཁོར་ས་ཚིགས་ཤིག་ཡིན་ལ། རྒྱང་སྐྱོད་རླངས་འཁོར་གྱིས་བུ་ཉིད་ཁྱེར་རྗེས་བུས་དགའ་ལྷང་ལྷང་རླངས་འཁོར་གྱི་སྒེའུ་ཁུང་ལས་མགོ་བོ་ཕྱིར་ཕུད་ནས་ཁོ་ལ་ལག་པས་གཡུག་གཡུག་བྱེད།   ཁོའི་བསམ་པར་རྩྭ་ཐང་གློ་བུར་དུ་དབེན་འཇགས་དང་སྟོང་སང་ངེར་གྱུར།  བུ་ཆུང་ནི་བྱེའུ་ཞིག་དང་འདྲ་བར་ཧ་ཅང་རྒྱང་ཐག་རིང་པོ་ཞིག་ཏུ་འཕུར་ངེས་ལ། ཀྲང་སན་གྱི་བུ་མོ་ཡང་མི་འགྱང་བར་འཕུར་འགྲོ……

ཁོས་གློ་བུར་དུ་བུ་མོ་དེར་ལེགས་སྐྱེས་ཤིག་ཉོ་དགོས་བསམ་པའི་ངར་ཤུགས་ཤིག་སྐྱེས་བྱུང་། དཔེར་ན། བུ་མོར་ལྭ་གོས་ཤིག་གམ་ཡང་ན་ད་སྐབས་བྱིས་པ་རྣམས་རྩེད་རྒྱུར་དགའ་བའི་གློག་རྡུལ་གྱི་རྩེད་ཆས་གང་རུང་ལྟ་བུ་སྟེ་ཉོ་འདོད་འགོག་ཏུ་མེད་པ་ཞིག་བྱུང་། བུ་མོ་དེ་ནི་བདེ་སྐྱིད་ལྡན་པའི་བྱིས་པ་ཞིག་རེད། མོ་ལ་བརྩེ་བ་གཏན་ནས་མི་དཀོན་ཡང་། བརྩེ་བ་མང་ཙམ་སྦྱིན་ན་དེ་ཡང་མང་བའི་ཚད་དུ་ག་ལ་སྲིད།

ཁོ་ཕར་སོང་བ་ན། ཀྲང་སན་བཟའ་ཟླ་གཉི་གས་དགྲ་ལྷ་བསོད་སླེབས་བཞིན་པ་མཐོང་བས་གདོང་ལ་འཛུམ་མདངས་ཤིག་རྒྱས་ཏེ། བཟའ་མི་གསུམ་པོ་བཙིར་ཙམ་བྱས་ནས་ཁོ་ལ་སྡོད་ས་ཤིག་སྤྲོད་རྩིས་བྱས་ཀྱང་། ཁོ་ཙོག་ནས་མི་འདུག་པར་འགྲེང་བཞིན་དུ་ཁོ་ཚོར་ཁ་བརྡ་བྱས།

“ཁྱོད་ཚང་གི་བུ་མོ་འདི་ཡིན་ནམ།” ཁོས་བུ་མོར་ལྟ་བཞིན་དེ་ལྟར་དྲིས།

ཀྲང་སན་དགོད་ཞོར་དུ་བུ་མོར་ན་རེ། “ཨ་ཁུ་ཞེས་འབོད་རོགས།   རེམ”ཞེས་སྨྲས།

“ཨ་ཁུ……”  ཅུང་ཟད་འཚེར་སྣང་སྐྱེ་བའི་སྐད་ངག་ཞིག་དགྲ་ལྷ་བསོད་ཀྱི་རྣ་བར་བརྒྱུད་བྱུང་བས། ཁོ་ལ་སྨྲ་བསམ་བརྗོད་ལས་འདས་པའི་མཛའ་བརྩེའི་ཚོར་བ་ཞིག་སྐྱེས།

ལོ་འདི་འགར། ཁོ་རང་བསྡད་ཀྱིན་བསྡད་ཀྱིན་བྱིས་པ་ལ་དགའ་བ་ཞིག་བྱུང་། ཕ་ཡུལ་རྩྭ་ཐང་དུ་ཡོད་དུས་ཁྱིམ་མཚེས་ཚང་གི་མནའ་མས་བྱིས་པ་ཞིག་བཙས་པས། ཉིན་འགའི་རྗེས་ནས་ཁོ་རང་ཐེངས་རེར་ལྟ་རུ་སོང་ཞིང་། གལ་ཏེ་བྱིས་པ་དེ་སྒྲིལ་གཟན་ནང་དགོད་ཀྱིན་པ་མཐོང་ཚེ་ཁོ་ཡང་དགོད་ཞོར་དུ་ཕྱིར་ལོག་ངེས། གལ་ཏེ་བྱིས་པ་དེ་ལ་ཆམ་པ་ཕོག་ནས་ཚ་རྒྱས་ཡོད་པར་ཐུག་ཚེ་ཁོས་ཀྱང་དེ་ལ་སེམས་ཁྲལ་ཆེན་པོ་བྱེད་ངེས། བཤད་པ་ལྟར་ན།   མི་ནི་ལོ་ན་རྒས་ཚེ་ཀུན་ཀྱང་དེ་འདྲ་ཞིག་ཡིན་ངེས་རེད་ཟེར།     གྲོང་ཁྱེར་དུ་སླེབས་རྗེས་ཁོ་ཡང་རྒྱུན་པར་ཉི་ཁྱམས་སུ་འགྲེང་སྟེ་སྡེ་ཁུལ་ར་བའི་ནང་གི་བྱིས་པ་རྣམས་ལ་ལྟ་བར་མ་ཟད། བལྟས་ཀྱིན་བལྟས་ཀྱིན་ད་དུང་ལྟ་འདོད་པའི་སྣང་བ་སྐྱེ། རྒན་པ་ཞིག་གིས་སྐྱེས་ནས་རིང་པོ་ལོན་མེད་པའི་ཕྲུ་གུ་ཞིག་འདེད་འཁོར་ཆུང་བ་ཞིག་ཏུ་གཉིད་འདུག་པ་འདེད་ཀྱིན་ཡོད་ཅིང་། ཁོས་བྱིས་པ་དེ་གཉིད་དུ་ཡུར་བའི་རྣམ་པ་ལས་བློ་བདེ་ཞིང་འཆིང་རྒྱར་མི་ཚུད་པའི་ཚུལ་དཔག་ཏུ་མེད་པ་ཞིག་ཀྱང་དྲན་སྲིད་དེ། སྤྱི་ཚོགས་ཀྱི་རྩོད་པ་དང་འཚོ་བའི་དཀའ་སྡུག་ནི་བྱིས་པ་དེ་ལ་འབྲེལ་བ་སྤུ་ཙམ་ཡང་མེད། ད་དུང་གོམ་བགྲོད་ཁྱར་ཁྱོར་སློབ་བཞིན་པའི་བྱིས་པ་དེ་དག་སྟེ་མིག་གིས་ཅི་ཞིག་ལ་བལྟས་ནའང་ཡ་མཚན་སྐྱེ་འོང་ཞིང་། ཅི་ཞིག་མཐོང་ནའང་ལག་ཏུ་འཛིན་འདོད་འདུག བྱིས་པ་ཚོའི་མཐོང་སྣང་གི་འཇིག་རྟེན་ནི་ཅི་འདྲ་ཞིག་ཡིན་ནམ། ད་དུང་ལོ་ན་དེ་ལས་ཀྱང་ཆེ་བའི་བྱིས་པ་སྐོར་ཞིག་སྟེ་རླུང་འཁྱིལ་ཞིག་དང་འདྲ་བར་ཁོའི་མིག་ལམ་ནས་འབོད་སྐད་ལྷང་ལྷང་གིས་བརྒྱུགས་ཕྱིན་སོང……

བུ་མོ་འདི་བྱིས་པ་གཞན་དག་ལས་ལོ་ན་ཆེ་ཞིང་མི་འགྱངས་པར་མཐོ་རྒྱུགས་ལ་ཞུགས་དགོས། ཁོས་བྱིས་པ་འདི་ཚོའི་དཀའ་སྡུག་ཀྱང་ཤེས་ཏེ། སྡེ་ཁུལ་ནང་དུ་བྱིས་པ་འདི་ཚོ་ལྟ་བུ་ཡིན་ན་སྔ་མོ་རེ་མལ་ལས་ལངས་པ་མི་གཞན་ལས་ཀྱང་སྔ་བ་གདོན་མི་ཟ་སྟེ། དཔུང་ཐག་གཉིས་ཅན་གྱི་རྒྱབ་ཁུག་རེ་ཁུར་ནས་སློབ་གྲྭའི་ཕྱོགས་སུ་བྲེལ་བྲེལ་འཚུབ་འཚུབ་སྐྱོད་པར་བྱེད། ཁོས་ནམ་རྒྱུན་མཚན་མོར་ཧ་ཅང་འཕྱི་བའི་དུས་སུའང་ཁ་གཏད་ཐོག་ཁང་གི་སྒེའུ་ཁུང་ནང་དུ་བྱིས་པ་ཞིག་གིས་ཅོག་ཙེའི་ཐོག་ཏུ་ཡི་གེ་གང་རུང་ཞིག་འབྲི་བཞིན་པ་མཐོང་ཐུབ། བུ་དང་མནའ་མ་གཉིས་ཀྱིས་བཤད་པ་ལྟར་ན། ད་སྐབས་ཀྱི་བྱིས་པ་ཚོར་ལས་བྱ་ཧ་ཅང་མང་པོ་འབྲི་རྒྱུ་ཡོད་ཅིང་། སྐབས་ལན་རེར་ནམ་ཕྱེད་ཀྱི་དུས་སུ་ད་གཟོད་བྲིས་ཚར་ཐུབ་ཟེར་བས། ཁོས་གནས་ཚུལ་དེ་ཐོས་རྗེས་བློས་མི་ཆོད་པ་ཞིག་བྱུང་།

“ལས་བྱ་མང་པོ་འབྲི་རྒྱུ་ཡོད་དམ།”  ཁོས་ཀྲང་སན་གྱི་བུ་མོར་དེ་ལྟར་དྲིས།

“དེ་ཙམ་མང་པོ་མི་འདུག”

ཀྲང་སན་གྱིས“ཁྱོད་ཀྱི་ཕ་མ་གཉིས་ཀྱིས་ཆུང་དུས་སུ་ལས་བྱ་མང་པོ་ཞིག་འབྲི་འདོད་ན་ཡང་དེའི་གོ་སྐབས་མེད། ང་ཚོར་སློབ་གྲྭ་འགྲིམས་པའི་ཆ་རྐྱེན་མེད”ཟེར།

དགྲ་ལྷ་བསོད་ཀྱིས། “ཁྱོད་ཀྱི་སྐྱེས་སྐར་ནམ་ཡིན”ཞེས་དྲིས།

“ཟླ་རྗེས་མའི་ཚེས་ཉེར་གསུམ་གྱི་ཉིན་མོ་ཡིན།”  ཀྲང་སན་གྱིས་བུ་མོའི་ཚབ་ཏུ་ལན་བཏབ།

“སྐབས་དེར། ངས་ཁྱོད་ལ་ལེགས་སྐྱེས་ཤིག་དབུལ་འོང་།” དགྲ་ལྷ་བསོད་ཀྱིས་དེ་ལྟར་སྨྲས།

བཞི།

དགྲ་ལྷ་བསོད་བསྡད་ཀྱིན་བསྡད་ཀྱིན་སྔོ་ཚོད་ཚོང་ར་ལ་ཆ་རྒྱུས་ཡོད་པར་གྱུར། སྔོ་ཚོད་ཚོང་ར་དེ་ནངས་མོའི་དུས་སུ་ནམ་རྒྱུན་འཚང་ཁ་ཤིག་ཤིག་འཁྲུག་ཟིང་ཆེ་བ་ཞིག་ཡིན་ན་ཡང་།   དེ་ལས་ཉོ་མཁན་མང་པོ་ཞིག་ནི་གཏན་འཇགས་སུ་གྱུར་ཡོད་པར་མ་ཟད་ཕལ་མོ་ཆེ་ནི་བུད་མེད་དང་བགྲེས་སོང་ཡིན། ཉིན་བཅུ་ལྷག་ཙམ་འགོར་རྗེས། ཁོ་རང་དེའི་ཁྲོད་ལས་མི་མང་པོ་ཞིག་ལ་ཆ་མེད་རྒྱུས་མེད་ཀྱི་སྣང་བ་མེད་མོད།  ཁོས་དེ་ཚོའི་མིང་ལ་ཅི་ཟེར་བ་མི་ཤེས་ལ་ཁོ་ཚོར་ཁ་བརྡ་ཡང་གློད་མ་མྱོང་བར་སྨོས་ཅི་དགོས། དཔེར་ན།  ཧ་ལམ་སྔོ་ཚོད་ཉོ་ཐེངས་རེར་ནམ་རྒྱུན་འཚོང་མཁན་ལ་ཁ་འཛིང་བྱེད་པའི་བུད་མེད་ཤ་རྒྱགས་པ་དེ་ལྟ་བུ་སྟེ། ཁོ་མོས་མི་ཚེ་གང་པོར་འཕྲད་པའི་ཡིད་མི་ཚིམ་པའི་རྣམ་འགྱུར་ཡོད་ཚད་དེ་སྔོ་ཚོད་འཚོང་མཁན་ལ་སྟོན་བཞིན་པ་དང་འདྲ།    ཡང་དཔེར་ན། དྲག་རྩལ་སྦྱོང་བའི་ལྭ་བ་གྱོན་པའི་བུད་མེད་དེ་དག་ལྟ་བུ་སྟེ་ཕལ་ཆེར་ཚང་མ་ལོ་ལྔ་བཅུ་དྲུག་ཅུར་སོན་ཡོད་པ་འདྲ། ཁོ་ཅག་རོགས་ཟླ་དང་འགྲོགས་ནས་སླེབས་འོང་ཞིང་སྔོ་ཚོད་འདེམ་སྐབས་ཀྱང་ཧ་ཅང་ནན་ཏན་ཆེ་བས་མཇུག་མཐའི་ཟས་ཟ་ཐེངས་དེ་ལ་གྲ་སྒྲིག་བྱེད་པ་དང་འདྲ། ད་དུང་རྒན་པོ་དེ་ཡང་ནམ་རྒྱུན་ཁྲོ་འཚུབ་ལངས་ཡོད་པ་བཞིན་ཏོག་ཙམ་མ་འགྲིག་པ་བྱུང་ན“ལོ་དེར་ང་མགོ་ཁྲིད་ཡིན་དུས……ད་སྐབས་ཀྱི་དོན་དག་རྙོག་འཁྲུལ་ལུང་པ་གང་པོ་འདི་དག་གཏན་ནས་མེད”ཅེས་བརྗོད་འོང་ལ། སྤྱི་ཚོགས་ཀྱི་དར་སྲོལ་སྡུག་ཏུ་སོང་བ་དེ་ནི་ཁོ་རང་སྲིད་སྟེགས་ནས་མར་བབས་པའི་མཇུག་འབྲས་ཡིན་པ་དང་འདྲ།

ཉིན་འདིར། ཀྲང་སན་གྱིས་དགྲ་ལྷ་བསོད་ལ་ཐུག་རྗེས་ན་རེ། “ཉིན་འགའི་རྗེས་སུ་ངས་རུལ་སུངས་པ་ཞིག་མགྲོན་དུ་བོས་ནས་གསོལ་ཚིགས་དབུལ་དགོས། ཁྱོད་ཀྱང་དེ་དུས་སླེབས་རོགས་ཞུ”ཞེས་ཟེར། དགྲ་ལྷ་བསོད་ཀྱིས་ཐོས་མ་ཐག་དགོད་ཅིག་ཤོར་ཏེ། “ཁྱོད་ཀྱིས་དེ་ལ་རུལ་སུངས་པ་ཞེས་སྡིགས་དམོད་བྱེད་འདོད་ན། ད་དུང་དེ་ལ་གསོལ་ཚིགས་དབུལ་དགོས་དོན་ཅི་ཡིན་ནམ”ཞེས་དྲིས།

“དེར་བྱ་ཐབས་མི་འདུག ཁོ་ནི་བཟོ་ཚོང་སྡེ་ཁག་གི་མགོ་པ་ཆུང་ཆུང་ཞིག་རེད།”

“ཁྱོད་ཀྱང་བཟོ་ཚོང་ལ་སྐྲག་གམ།”

ཀྲང་སན་དགོད་ཞོར་དུ། “ལྟས་ངན་དེ་སྔོ་ཚོད་ཚོང་ར་འདི་ལ་ལྟ་རྟོག་བྱེད་པའི་བཟོ་ཚོང་སུའོ་ཡི་སུའོ་ཀྲང་རེད། ཁྱོད་ཀྱིས་ཁོ་སུ་ཡིན་པ་ཤེས་སམ།”

“སུ་རེད།”

“ཁྱོད་ཚོའི་ཕ་ཡུལ་གྱི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་དེའི་བུ་རེད……”

“དཔལ་ཐོག་ལྷའི་བུ་རེད་དམ། གཞོན་ནུ་དེའི་མིང་ལ་དཔལ་རྡོར་ཟེར།”

“རེད་ཡ།  མིང་ལ་དཔལ་རྡོར་ཟེར། དེ་བས་ངས་ཁྱོད་རང་ཁོའི་མགྲོན་རོགས་སུ་བོས་པ་ཡིན།”  ཀྲང་སན་ལྐོག་ལྐོག་སུད་སུད་ཀྱི་ངང་ནས་དགོད་ཀྱིན་དུ“དོན་གྱིས་ངས་ཁོ་རང་ཁྱོད་ཀྱི་མིང་ཐོག་ནས་མགྲོན་འབོད་བྱས་པ་ཡིན། དེ་ལྟར་མ་བྱས་ན།   ཁོ་སླེབས་མི་སྲིད”ཟེར།

“ཁྱོད་འདི་འདྲའི་ལྟས་ངན་ཞིག བློ་ཡུལ་དུ་ཤར་བ་ཡོད་ཚད་ཐབས་ངན་ཏག་ཏག་ཡིན།” དགྲ་ལྷ་བསོད་ཀྱིས་དེ་ལྟར་སྨྲས། “ས་གནས་གང་དུ་མགྲོན་འབོད་བྱེད་ཀྱིན་ཡོད་དམ།  ནམ་ཡིན།”

“གནངས་ཉིན་དགོང་མོ་ཡིན། དེ་ལ་ཅི་ཟེར་རམ……འོ། གཡུ་མདོག་ལྡན་པའི་སྒྲོ་ནོལ་གཙང་པོའི་ཉིས་ཐོག་གི203ཡིན།”

“གནས་དེ་འདྲ་ཞིག་ལ་འགྲོ་དགོས་དོན་ཅི་ཡིན་ནམ།”

“དེ་ང་ཚོར་དོ་དམ་བྱེད་མཁན་གྱི་བཟོ་ཚོང་སུའོ་ཡིས་གཏན་ཁེལ་བྱས་པའི་ཟ་ཁང་རེད། ཁོ་ཚོར་གསོལ་ཚིགས་འབུལ་ན་གནས་དེར་འགྲོ་དགོས།”

ཉིན་གཉིས་ཀྱི་རྗེས་ནས། དགྲ་ལྷ་བསོད་ཀྱང་དུས་ལྟར“སྒྲོ་ནོལ་གཙང་པོའི་གསོལ་ཁང”ཞེས་པའི་གནས་དེར་ཕྱིན། དེ་དུས་སྐུ་མགྲོན་ད་དུང་སླེབས་མེད་ཅིང་། ཀྲང་སན་བཟའ་ཟླ་གཉི་ག་སླེབས་ཟིན་ནས་དེ་གར་སྒུག་བསྡད་ཡོད་ལ། ཀྲང་སན་གྱི་ཆུང་མས་རང་ཉིད་གཟབ་གོས་རྒྱན་གྱིས་སྤྲས་ཡོད་ཅིང་ཀྲང་སན་ཁོས་ཀྱང་སྐྲ་དང་སྨ་ར་སོགས་གཙང་མར་གཞར་ནས་ལྭ་གོས་གསར་པ་གྱོན་འདུག

དགྲ་ལྷ་བསོད་ཀྱིས།   “སྐུ་མགྲོན་སླེབས་རྗེས།  ད་ཁྱོད་རྐུབ་སྟེགས་སྟེང་ཙོག་པུར་འདུག་མི་རུང”ཞེས་བཤད།

“ངས་ཁོ་ལ་དྲན་སྐུལ་བྱས་ཡོད།” ཆུང་མས་དགོད་ཞོར་དུ་དེ་ལྟར་སྨྲས། དགྲ་ལྷ་བསོད་ཀྱིས་ཀྲང་སན་གྱི་ཆུང་མས་མཛེས་འཆོས་བྱུག་རྫས་ཅི་འདྲའི་མང་པོ་ཞིག་བཀོལ་ཡོད་པ་མི་ཤེས་མོད། མཛེས་ཆས་སྤྲས་པ་ཧ་ཅང་ཐལ་དྲགས་འདུག་སྙམ།

སྐབས་འདིར།  གསོལ་ཁང་གི་ཞབས་ཞུ་བུ་མོའི་སྣེ་ཁྲིད་འོག་གཞོན་ནུ་ཞིག་ཁེར་ཤག་ནང་དུ་འཛུལ་ཐོན་བྱུང་།   ཁོས་དགྲ་ལྷ་བསོད་མཐོང་མ་ཐག་རྩྭ་ཐང་གི་ལུགས་སྲོལ་ལྟར་གཉའ་སྒུར་སྒུར་བྱས་ནས་མཚམས་འདྲི་ཞུ་ཞིང་།  གདོང་ལ་འཛུམ་མདངས་ཀྱིས་ཁེངས་བཞིན“ཨ་ཁུ་ཁྱོད་བདེ་མོ”ཞེས་ཁམས་བདེ་ཞུས།

“བདེ་མོ།   བདེ་མོ།  གཞོན་ནུ་ཁྱོད། ཡར་སྐྱེད་ཆེན་པོ་བྱུང་འདུག ངས་ཁྱོད་རང་གྲོང་ཁྱེར་དུ་མགོ་ཁྲིད་བྱས་འདུག་ཟེར་བས་དགའ་སྤྲོ་བྱུང་ཡོད།”  དགྲ་ལྷས་དེ་ལྟར་སྨྲས། ཁོས་ཀྱང་དེ་ལྟར་བྱ་རྒྱུའི་འོས་ལས་མེད་དེ། ཀྲང་སན་གྱི་བཤད་ཚུལ་ལྟར་ན་གསོལ་ཚིགས་འདི་ཁོས་དྲངས་པ་ཡིན།

དཔལ་རྡོར་གྱིས་བཤད་རྒྱུར། “ངས་ཁྱེད་ཉིད་གྲོང་ཁྱེར་དུ་སླེབས་ནས་འཚོ་བ་རོལ་བཞིན་པ་ཤེས་མ་སོང་། གལ་ཏེ་སྔ་མོ་ནས་ཤེས་ཚེ། ངས་རང་ཁྱིམ་དུ་མགྲོན་འབོད་བྱས་ཏེ་གསོལ་ཚིགས་དབུལ་ངེས་ཡིན”ཟེར་བཞིན། བསྟུད་མར་ཡང་ན་རེ། “ཨ་ཁུ་ཁྱོད་ལ་དོན་དག་ཞིག་ཡོད་པ་ཡིན་ནམ། ཡོད་ན་ཤོད་དང་ཆོག གསོལ་ཚིགས་འདི་འདྲ་བཤམས་ག་ལ་དགོས”ཟེར།

དགྲ་ལྷ་བསོད་ཀྱིས་སྐད་ཆ་དེ་ཐོས་མ་ཐག་ཡིད་དགའ་མ་སོང་སྟེ། བཤད་རྒྱུར། “ཁྱོད་ཀྱི་ཨ་ཕ་ནི་ལོ་འགའི་སྔོན་དུ་ང་ཚོའི་མགོ་ཁྲིད་ཡིན་ལ་ང་ནི་མི་སེར་ལེབ་སྐྲ་ཅན་དེ་ཡིན་མོད།  ངེད་གཉིས་ཆུང་དུས་ནས་མཉམ་དུ་ནར་སོན་པ་ཡིན། ཁྱོད་ཀྱི་ཨ་ཕ་ཏང་ཀྲི་པུའུ་ཧྲུའུ་ཅིར་བསྡད་པའི་རྗེས་སུའང་རྒྱུན་པར་ངེད་ཚང་ལ་མགྲོན་དུ་ཕེབས་འོང་ཞིང་།   ཁྱོད་ཀྱང་ངའི་མིག་ལམ་ནས་ནར་སོན་པ་ཡིན་པས། ངས་ཁྱོད་དང་ངའི་བུ་གཉིས་འདྲ་པོ་རེད་སྙམ། ངས་རང་གི་བུ་དྲན་འོང་ལ་ཁྱོད་ཀྱང་དྲན་འོང་། གོ་ཐོས་ཡིན་ན་ཁྱོད་རང་འདི་གར་འདུག་ཟེར་བས་མཉམ་འཛོམས་ཤིག་བྱུང་འདོད་པ་ཡིན……” དོན་གྱིས་གཤིས་རྒྱུད་རྩིང་པོ་ཅན་གྱི་ཁོ་སྔ་མོ་ནས་ཁོང་ཁྲོ་ལངས་ཡོད་པས།   “དོན་དག་ཡོད་ནའང་ངས་ཁྱོད་ལ་གསོལ་ཚིགས་དབུལ་ག་ལ་སྲིད། ཁྱོད་ཀྱིས་རང་ཉིད་སུ་ཞིག་ཡིན་སྙམ་ཡོད་དམ”ཞེས་བསྟུད་མར་དེ་ལྟར་བརྗོད་འདོད་མོད། སྐབས་འདིར། ཀྲང་སན་གྱིས་ཁོ་ལ་གྲུ་མོས་བསྣུན་ཙམ་བྱས་པས་བཤད་མཚམས་བཞག་བྱུང་། དེའི་རྒྱུ་མཚན་ནི་གསོལ་ཚིགས་འདི་ཀྲང་སན་གྱིས་ཕུལ་བ་ཡིན་པ་དྲན་བྱུང་བས་ཡིན།

དཔལ་རྡོར་གྱིས་ཚིག་དེ་དག་ཐོས་མ་ཐག་ཡང་ལངས་ནས་ཆང་ཕོར་གསུམ་བསྟུད་མར་བཞེས་ཏེ། སྐད་ཆ་བཤད་པ་ནོར་སོང་བ་ཡིན་པས། རང་ཉིད་ལ་ཆང་ཕོར་གསུམ་གྱིས་ཆད་པ་གཅོད་ངེས་ཡིན་ཟེར།   དེའི་འཕྲོར། ཡང་ཞབས་ཞུ་པ་ལ་གསོལ་ཁང་གི་སྤྱི་གཉེར་པ་འབོད་དུ་བཅུག་བྱུང་།

སྤྱི་གཉེར་པ་ཚུར་སླེབས་འོངས་པའི་རྗེས་སུ་མེ་ཏོག་ལྟ་བུའི་ཞབས་ཞུ་བུ་མོ་འགའ་ཡོད་པ་དེ་དག་ལག་གི་སྡེར་ནང་དུ་ཕྱི་ལུགས་ཀྱི་ཆང་དམ་བུ་གང་བཞག་ཡོད། སྤྱི་གཉེར་པས་དཔལ་རྡོར་མཐོང་མ་ཐག་གདོང་ལ་འཛུམ་མདངས་ཤིག་རྒྱས་ཏེ། “དཔལ་སུའོ་ཀྲང་། ཁྱེད་ཕེབས་དུས་སྔོན་ལ་བརྡ་ཞིག་ཀྱང་མི་གཏོང་བ་ཅི་ཡིན། དེ་ལྟར་བྱས་ན་ངས་ཀྱང་བཀོད་སྒྲིག་ཡག་པོ་ཞིག་བྱེད་ཐུབ།  ལྟོས་དང་། ཚོད་རིགས་འདི་དག་ཀྱང་བཟང་ཤོས་མ་རེད།  ངོ་མ……”

དཔལ་རྡོར་གྱིས་ན་རེ། “དེ་རིང་ཁྱོད་ཀྱིས་དཀའ་ལས་དེ་འདྲ་རྒྱག་མི་དགོས། ང་ཚོ་འདིར་འོངས་ནས་གང་བསམ་ཞིག་སྡོད་པ་དེ་ཡིན།”

“གང་བསམ་དུ་བསྡད་ན་ག་ལ་འགྲིག དཔལ་སུའོ་ཀྲང་གིས་ང་ཚོའི་ཆེད་དུ་སེམས་ཤུགས་མང་པོ་བཏོན་སོང……”  སྤྱི་གཉེར་པས་དེ་ལྟར་སྨྲ་ཞོར་དུ་བསིལ་ཚོད་སྡེར་གང་པོ་དེ་མཐོང་རྗེས། ཡང་བཤད་རྒྱུར། “ཚོད་རིགས་འདི་དག་མ་གཏོགས་མེད་དམ།   འདི་ཉུང་དྲགས་འདུག དེས་མི་ཆོག ངས་ད་དུང་ཚོད་མ་འགའ་ཁྱེར་འོངས”ཟེར།

དགྲ་ལྷ་བསོད་ཀྱི་སེམས་སུ་བསྡད་ཀྱིན་བསྡད་ཀྱིན་རྙོག་སུན་ཞིག་སྐྱེས་འོངས་ཤིང་། ཁོ་ནི་སྐྱེས་པའི་ཐོག་མ་ཉིད་ནས་འདི་འདྲའི་འཛོམས་སྟོན་ལ་ཞུགས་པ་ཐོག་མ་ཡིན་མོད། འོན་ཀྱང་། འཛོམས་སྟོན་འདིའི་དགོས་གལ་ཁོས་ཀྱང་ཤེས་ཡོད་དེ། དེ་ནི་དཔལ་རྡོར་གྱི་ཕོ་བ་ལྟོགས་པའམ་ཡང་ན་ཟས་གང་ལེགས་ཤིག་ཟ་མ་ཐུབ་པས་ཀྱང་གཏན་ནས་མ་ཡིན་ཞིང་། ཀྲང་སན་གྱིས་དཔལ་རྡོར་ལ་མཛའ་བརྩེ་ཆེ་བ་མཚོན་པའམ་བཀའ་དྲིན་མཚོན་པར་བྱེད་དགོས་པས་ཀྱང་མིན་ཏེ། དོན་གྱིས་ཀྲང་སན་ནི་བཟོ་ཚོང་ལས་བྱེད་མི་སྣ་ལ་སྡང་སེམས་སྐྱེས་ཡོད་པས། འཛོམས་སྟོན་འདི་ནི་དོན་གྱིས་ཉོ་འཚོང་ཐེངས་ཤིག་སྟེ་སླད་ཕྱིན་བཟོ་ཚོང་སྡེ་ཁག་གི་ལས་བྱེད་མི་སྣ་དག་གིས་གཟིགས་སྐྱོང་རེ་གནང་བར་བརྗེ་ལེན་བྱས་པ་ཡིན། དགྲ་ལྷ་བསོད་ཀྱིས་གནད་འདི་ཧ་གོ་ཡོད་ནའང་། འདི་གའི་བཅོས་མའི་ངང་ཚུལ་དེས་ཁོ་རང་ཞེན་ལོག་དང་འཚིག་པ་གཏིང་ནས་སྐྱེས་བྱུང་། གསོལ་ཁང་གི་སྤྱི་གཉེར་པས་བཤད་པའི་སྐད་ཆ་མཐའ་དག་ཀྱང་རྫུན་གཏམ་ཡིན་ལ།  ཁོའི་གདོང་གི་འཛུམ་མདངས་ཀྱང་ཟོལ་འཛུམ་ཤ་སྟག་ཡིན།

ཁོས་སྤྱི་གཉེར་པའི་བཤད་མཚམས་བཅད་དེ། དཔལ་རྡོར་ལ་བརྗོད་རྒྱུར། “ཁོ་ནི་ངའི་ཕ་ཡུལ་གྱི་གཞོན་ནུ་ཞིག་ཡིན་ལ་ཁོས་ང་ལ་ཨ་ཁུ་ཞེས་འབོད་ཀྱིན་ཡོད། ངས་དེ་རིང་གཞོན་ནུ་འདི་བོས་ཏེ་མཉམ་དུ་ཟ་མ་ཟོས་ནས་ཁ་བརྡ་ཞིག་བྱེད་འདོད་པ་ཡིན། ང་ཚོ་ཡུན་རིང་ཞིག་ལ་མ་ཐུག”   ཁོའི་སྐད་ཆ་དེའི་དོན་ཧ་ཅང་གསལ་པོ་ཡིན་ཏེ།  ཡིན་རྒྱུ་ནི་སྤྱི་གཉེར་པ་མྱུར་དུ་སྒོར་འབུད་དུ་འཇུག་རྒྱུ་དེ་ཡིན།

“འོ། འོ། དེ་འདྲ་ཡིན་ནམ། དེས་ན་ཁྱེད་ཚོས་དལ་མོར་བཞེས་རོགས། དོན་དག་ཡོད་ན་ང་བོས་ཆོག……”     སྤྱི་གཉེར་པ་སྒོར་བུད་སོང་།

དཔལ་རྡོར་དགོད་ཀྱིན་དུ།  “ཡ། ད་ནི་འདུ་འཛི་མེད་པར་གྱུར་ཡོད།  ང་ཚོས་ཆང་བཞེས”ཟེར།

ཀྲང་སན་གྱི་ཆུང་མ་ཡར་ལངས་ནས་ཆང་ཕོར་ཞིག་བཏེགས་ཏེ། “གོ་ཐོས་ཡིན་ན། དཔལ་སུའོ་ཀྲང་དང་ཨ་ཁུ་དགྲ་ལྷ་གཉིས་ཕ་ཡུལ་གཅིག་པ་ཡིན་ཟེར། ངོ་མ་དགའ་འོས་པ་ཞིག་རེད། དོན་གྱིས་ངེད་བཟའ་ཟླ་གཉི་ག་ཁྱེད་ཚོ་དང་ལས་འབྲེལ་འདུག ངེད་གཉི་གས་ལོ་བཅུའི་སྔོན་ནས་དཔལ་སུའོ་ཀྲང་གི་ཨ་ཕ་ངོ་ཤེས་ཡོད། ཁོ་ནི་ངོ་མ་མི་བཟང་པོ་ཞིག་ཡིན་ལ། ང་ཚོར་གཟིགས་སྐྱོང་གང་ལེགས་གནང་ཡོད་པས། ངེད་བཟའ་མི་གཉིས་ཀྱིས་ད་སྐབས་ཀྱང་ཁོ་ནམ་རྒྱུན་གླེང་བཞིན་ཡོད། ད་ལྟ་དཔལ་སུའོ་ཀྲང་གིས་ཀྱང་ང་ཚོར་དེ་བཞིན་དུ་གཟིགས་སྐྱོང་ལེགས་པོ་གནང་ཡོད་པས།  སྔ་མོ་ནས་ཁྱེད་ཉིད་མགྲོན་འབོད་ཅིག་བྱེད་བསམས་ཡོད། ཡ་ཤོག་དང་། ང་ཚོས་མཉམ་དུ་ཆང་གང་རེ་བཞེས། ཁྱེད་ཅག་མི་རབས་གཉིས་ཀྱི་མགོ་ཁྲིད་ཀྱིས་ངེད་བཟའ་ཟླ་གཉིས་ལ་གཟིགས་སྐྱོང་གནང་བར……”ཞེས་ཟེར།

དཔལ་རྡོར་གྱིས་ཆང་ཕོར་པ་གང་པོ་དེ་མུར་འཐུངས་ཚར་རྗེས། “ཁྱོད་ཚོར་དམིགས་བསལ་གྱི་རེ་འདུན་ཅི་ཞིག་ཡོད་དམ། ཤོད་དང”ཟེར།

“ང་ཚོས་རེ་འདུན་ཞིག་ཞུ་ག་ལ་ཕོད། ང་ཚོར་དོ་དམ་བྱེད་པའི་ཁྱེད་ལས་ཁུངས(བཟོ་ཚོང་སུའོ)ཀྱི་བཟོ་ཚོང་ལས་བྱེད་མི་སྣ་སྐྱེས་པ་བུད་མེད་དེ་གཉིས་ནམ་རྒྱུན་སྔོ་ཚོད་ཚོང་རར་སླེབས་ཀྱིན་འདུག དེས་ན་རྗེས་ཕྱོགས་ཁོ་ཚོར་ཚོད་རིགས་ཅི་དགོས་ན། ངེད་ཚང་གི་སྔོ་ཚོད་བཤམས་ས་ནས་བྱིན་ཆོག”    ཀྲང་སན་གྱི་ཆུང་མས་དེ་ལྟར་སྨྲས།

དགྲ་ལྷ་བསོད་ཀྱིས་ཅུང་ཧ་ལས་པའི་སྒོ་ནས་ཀྲང་སན་གྱི་ཆུང་མར་བལྟས་ཏེ། ཁོས་སེམས་སུ་ཁ་བདེ་ལྕེ་མཁས་ཟེར་བ་དེ་འདི་ལ་ཟེར་བ་རེད་སྙམ།

ཀྲང་སན་ནི་སྐད་ཆ་བཤད་ན་ཆུང་མ་ལས་ཅུང་ཁ་རི་ཁ་ཐུག་ཡིན་ཏེ། ཁོས་བཤད་རྒྱུར། “ལྟས་ངན་གཉིས་རེད། སྐྱེས་པ་དེའི་རྣམ་འགྱུར་ད་དུང་ཅུང་བཟང་མོད། བུད་མེད་དེར་བུད་མེད་ཅིག་གི་ཚུགས་ཀ་ཡེ་ནས་མི་འདུག ང་ཚོ་འདྲ་བའི་མི་དག་ལ་དེ་འདྲའི་བཙན་བཀོལ་བས་ཅི་བྱེད་དམ”ཟེར།

དཔལ་རྡོར་དགོད་ཀྱིན་དུ་ན་རེ། “དྲང་མོར་བཤད་ན། ཁོ་ཚོར་ཡང་དཀའ་ཚེགས་འདུག”ཟེར།

“ཁོ་ཚོ་དངུལ་སྡུད་མཁན་དག་ལ་དཀའ་ཚེགས་ཆེ་མོད།  ང་ཚོ་དངུལ་སྤྲོད་མཁན་ལ་དཀའ་ཚེགས་དེ་བས་ཀྱང་ཆེ……” ཀྲང་སན་ལ་ཕལ་ཆེར་སྐད་ཆ་མང་པོ་ཞིག་བརྗོད་རྒྱུ་ཡོད་པ་འདྲ་མོད། ཁོས་དེ་རིང་གི་ཡུལ་དུས་འདིར་སྐད་ཆ་མང་དྲགས་ན་གནོད་སྐྱེལ་སྲིད་པ་ཚོར་རྗེས་བཤད་མཚམས་བཞག་བྱུང་།

“དོན་གྱིས་འུ་ཚོ་ཚང་མར་དཀའ་ཚེགས་འདུག” ཆུང་མས་དེ་ལྟར་སྨྲས། “མི་ཟེར་བ་འདི་དེ་འདྲ་ཞིག་རེད། ཕན་ཚུན་ལ་གོ་བ་མ་ལོན་ཚེ་དགྲ་གཤེད་ཅིག་དང་འདྲ་མོད།  གོ་བ་ལོན་ཚེ་གྲོགས་སུ་འགྱུར་འོང་།”

དོན་གྱིས་དཔལ་རྡོར་གྱིས་ཟས་ཉུང་ཙམ་ལས་ཟ་ཐུབ་མེད་ཀྱང་། ཆང་འཐུང་ན་ཁ་རི་ཁ་ཐུག་ཅིག་ཡིན་པར་འདུག ཁོས་ནམ་ཉིན་མོ་ཞིག་ལ་ངེས་པར་དུ་དགྲ་ལྷ་བསོད་རང་ཁྱིམ་དུ་མགྲོན་འབོད་བྱ་རྒྱུ་ཡིན་ཞེས་བརྗོད།   མཇུག་ཏུ་དཔལ་རྡོར་གྱིས་ཀྲང་སན་བཟའ་ཟླ་གཉིས་ལ་ན་རེ། ཁོས་ངེས་པར་དུ་ཁག་བགོས་ནས་སྔོ་ཚོད་ཚོང་རར་ལྟ་རྟོག་བྱེད་མཁན་གྱི་བཟོ་ཚོང་ལས་བྱེད་མི་སྣ་དེ་གཉིས་ལ་གོ་བརྡ་སྤྲད་དེ། ཀྲང་སན་གྱི་སྔོ་ཚོད་བཤམས་ས་དེར་ཅི་ནུས་ཀྱིས་ལྟ་སྐྱོང་བྱེད་དགོས་ཟེར་བཞིན་བུད་སོང་། ཀྲང་སན་བཟའ་ཟླ་གཉི་ག་ཚོང་སྒྲོམ་མདུན་དུ་རྩིས་སྤྲོད་རྒྱག་ཏུ་སོང་ཞིང་། དགྲ་ལྷ་བསོད་སྒོ་ཚོམས་ཀྱི་འབོལ་ཁྲི་རུ་བསྡད་དེ་ཀྲང་སན་བཟའ་ཟླ་གཉིས་ལ་བསྒུགས་ནས་བསྡད།

དགྲ་ལྷ་བསོད་ལ་ཧ་ཅང་ཆད་སྣང་ཞིག་སྐྱེས་འོངས། འོན་ཀྱང་། ཁོས་ཀྲང་སན་བཟའ་ཟླ་གཉིས་དང་དཔལ་རྡོར་སོགས་སུ་ཡིན་རུང་། ཁོ་ཚོ་ཡང་ཧ་ལམ་ཁོ་བོ་རང་ལས་ཀྱང་ཆད་སྣང་སྐྱེས་ཡོད་སྙམ། སྤྱིར་ན་ཁོ་ཚོ་ཁྭ་ཏ་དང་འུག་པ་ལྟ་བུའི་མཐུན་ཐབས་མེད་པར་སོང་ཡོད་ཀྱང་།  ཕན་ཚུན་ཧ་ཅང་མཛའ་ཞིང་མཐུན་པ་ཞིག་ཡིན་ལུགས་བསྟན་ནས་རྫུན་གཏམ་ཡང་དེ་འདྲའི་མང་པོ་ཞིག་ལབ་ཡོད་པས། ཆད་སྣང་དེ་ལ་མི་སྐྱེས་གང་ལ་སྐྱེའམ། ད་དུང་ཟ་ཁང་གི་སྤྱི་གཉེར་པ་དེར་མཚོན་ན་ཡང་ཆད་སྣང་མི་སྐྱེ་བ་ག་ལ་སྲིད།

ཀྲང་སན་བཟའ་མི་གཉིས་ཀྱིས་རྩིས་བརྒྱབ་ཚར་རྗེས་ཁོ་ཚོ་ཟ་ཁང་གི་སྒོར་བུད། ཕྱི་རོལ་གྱི་མཁའ་དབུགས་འབག་བཙོག་གིས་བསླད་ནས་ལྟ་བཟོད་མེད་པར་གྱུར་ཡོད། ཀྲང་སན་གྱིས་དངུལ་ག་ཙམ་བཏང་བ་དགྲ་ལྷ་བསོད་ཀྱིས་ཤེས་མེད་ཅིང་། ཀྲང་སན་ལ་ཅི་ཞིག་འཐོབ་ཐུབ་པ་ཁོས་དེ་བས་ཀྱང་མི་ཤེས་ཏེ། ཁོས་བསམ་པར་ཀྲང་སན་བཟའ་ཟླ་གཉིས་ཀྱིས་དགོས་མེད་ཀྱི་ལས་ཤིག་སྒྲུབ་ཀྱིན་འདུག་སྙམ། བཟོ་ཚོང་སྡེ་ཁག་གིས་ཁྲལ་བསྡུ་དགོས་ན། དེ་ཁྱོད་ཀྱིས་ཐད་ཀར་སྤྲད་པས་ལན་ཆགས་འདྲ་ཅི་ཡང་མེད་པ་མིན་ནམ། འོན་ཀྱང་ཀྲང་སན་བཟའ་ཟླ་གཉིས་ཀྱི་རྣམ་འགྱུར་ལ་བལྟས་ན་ཧ་ཅང་བློ་ཡིད་ཚིམ་ཡོད་པ་འདྲ།

“ཁྱོད་གཉིས་དགའ་སྤྲོ་སྐྱེ་དོན་ཅི་ཡིན། ད་དུང་སྤྲོད་མི་དགོས་པའི་དངུལ་ཡང་སྟེར་དགོས་བྱུང་སོང་།”   ཁོས་དེ་ལྟར་སྨྲས།

ཀྲང་སན་གྱིས། “རྒན་པོ། ཁྱོད་ཀྱིས་ཤེས་ཀྱིན་མི་འདུག གྲོང་ཁྱེར་དུ་འཚོ་བ་རོལ་རྒྱུ་ལས་སླ་པོ་ག་ལ་ཡིན”ཟེར།

“བདེན་དྲང་ཟོལ་མེད་ཀྱི་སྒོ་ནས་རང་ཉིད་ཀྱི་འཚོ་བ་རོལ་ན།  གཞན་གྱིས་ཁྱོད་ལ་ཅི་ཞིག་བྱེད་སྲིད་དམ།”

སྐབས་འདིར།  ཆུང་མས་སྐད་ཆའི་བར་དུ་འཚང་སྟེ“དེ་ལྟར་བྱས་ན་གྱོང་ཁོ་ན་རག་རྒྱུའི་འོས་ལས་མེད”ཟེར།

“ཁྱོད་ཅག་གྲོང་ཁྱེར་ནང་གི་མིའི་འཚོ་བ་རོལ་སྟངས་དེ་ང་ཚོ་དང་འདྲ་བ་ཞིག་དངོས་གནས་མ་རེད”ཅེས་དགྲ་ལྷ་བསོད་ཀྱིས་དབུགས་རིང་ཞིག་གཏོང་བཞིན་དེ་ལྟར་སྨྲས།

ཡང་ཀྲང་སན་གྱི་ཆུང་མས་བཤད་རྒྱུར། “གྲོང་ཁྱེར་གྱི་མིའི་བརྗོད་ཚུལ་ལྟར་ན། རྒྱན་གཏོང་རྒྱུ་དེ་སྒྲིག་ལམ་ལྟར་འགྲོ་མི་རུང་བ་དེ་ཡིན”ཟེར།

“རྒྱན་གཏོང་ཟེར་བ་དེ་ཅི་ཞིག་ཡིན་ནམ།”

ཀྲང་སན་གྱིས“དེ་ནི་ཤོག་ཤོ་རྩེ་བ་བཞིན། ཁྱོད་ཀྱིས་ནམ་རྒྱུན་པར་ཤོ་བརྐུ་བ་དང་། སྦེད་པ། བརྗེ་བ་སོགས་བྱེད་དགོས་པ་ལས། བདེན་པ་བདེན་ཐུབ་སྒོས་བརྩེས་ན་གྱོང་རག་སྲིད”ཅེས་སྨྲས།

“ཡིན་ན་ཡང་། དེ་ལྟར་བརྩེས་ན་སྙིང་པོ་ཡོད་དམ།”

“མི་ཚང་མ་དེ་ལྟར་རྩེ་བཞིན་ཡོད་ཚེ།  ཁྱོད་རང་གཅིག་པུ་སྒྲིག་སྲོལ་ལྟར་བརྩེས་ན་གྱོང་རག་མི་སྲིད་དམ།”

ལྔ།

དགྲ་ལྷ་བསོད་བསྡད་ཀྱིན་བསྡད་ཀྱིན་སྔོ་ཚོད་ཚོང་ར་ལ་ཆ་རྒྱུས་ཡོད་པར་གྱུར། ཁོས་འདི་གའི་དྲི་ངན་པ་ལ་བསྟུན་ཐུབ་ཅིང་འདི་གའི་འུར་སྒྲ་ཆེ་བ་དང་རྙོག་འཛིང་ཆེ་བ་ལ་ཡང་བསྟུན་ཐུབ་པར་གྱུར་འདུག་པས། ཉིན་རེ་བཞིན་དུ་སྔོ་ཚོད་ཚོང་རར་འགྲོ་རྒྱུ་ནི་གོམས་གཤིས་ཤིག་ཏུའང་གྱུར་ཡོད། ཁོ་དེ་རིང་འགྲོ་རྒྱུ་ཅུང་སྔ་འདུག་སྟེ་ཀྲང་སན་གྱིས་རྒན་པོ་ཞིག་ལ་རྡུང་རེས་རྒྱག་བཞིན་པར་འཕྲད་སོང་།  ཕར་བལྟས་པ་ན། ནམ་རྒྱུན་ཁ་ནས“ང་རང་མགོ་ཁྲིད་ཡིན་པའི་སྐབས་དེར… …”ཞེས་གླེང་བཞིན་པའི་རྒན་པོ་དེ་རེད། དྲག་རྩལ་སྦྱོང་བའི་ལྭ་བ་གྱོན་པའི་རྒན་མོ་ལོ་ལོན་དེ་ཚོས་དེ་གའི་སྔོ་ཚོད་བཤམས་སར་ཚལ་རིགས་འདེམ་གྱིན་ཡོད་ཅིང་། འདི་ཕྱོགས་སུ་ཡང་ཡང་ལྟ་ཙམ་བྱེད།

“ཁྱོད་ཀྱིས་སྔོ་ཚོད་འདི་ཙམ་ན་རྒྱ་མ་གསུམ་ཡོད་ཟེར་མོད།   འོན་ཀྱང་ངས་དྲང་སྙོམས་རྒྱ་མར་འཇལ་བས་རྒྱ་མ་དོ་དང་སྲང་བདུན་མ་གཏོགས་མི་འདུག”      རྒན་པོས་ཁྲོ་ངར་འཚུབ་འཚུབ་སྒོས་དེ་ལྟར་སྨྲས། སྔོ་ཚོད་ཚོང་རའི་འབུད་སྒོར་ཅོག་ཙེ་ཞིག་བཞག་ཡོད་པའི་སྟེང་དུ་གློག་རྡུལ་རྒྱ་མ་ཞིག་ཡོད་ལ། གམ་གྱི་ཤིང་གི་རྐུབ་སྟེགས་ཤིག་གི་ངོས་སུ“དྲང་སྙོམས་རྒྱ་མ”ཞེས་པའི་ཡིག་འབྲུ་གསུམ་བྲིས་ཡོད།  གོ་ཐོས་ལྟར་ན་བཟོ་ཚོང་སྡེ་ཁག་གིས་དེར་བཞག་པ་རེད་ཟེར།

“དྲང་སྙོམས་རྒྱ་མ་ཟེར་རམ། དྲང་སྙོམས་རྒྱ་མ་ཟེར་ན་ངེས་པར་དུ་དེ་འདྲའི་དྲང་སྙོམས་པ་ཞིག་ཡིན་དགོས་སམ།” ཀྲང་སན་གྱིས་གཞན་ལ་སྔོ་ཚོད་ལེན་ཞོར་དུ་དེ་ལྟར་སྨྲས།

རྒན་པོས“དེ་སྲིད་གཞུང་གིས་དེར་བཞག་པ་རེད”ཅེས་སྐད་ཆེན་པོས་སྨྲས།

“སྲིད་གཞུང་དུའང་ལྐོག་ཟ་རུལ་སུངས་པ་འབྱུང་བཞིན་འདུག”

“ཁྱོད་ཀྱིས་གནས་ལུགས་ལྟར་བཤད་ན་ཆོག་གམ།”

“ད་དུང་། སྔོ་ཚོད་ལ་མ་གཞི་ནས་ཟད་གྲོན་ཆེན་པོ་བྱུང་ཡོད་ལ། རླན་གཤེར་རླངས་པར་གྱུར་ཚེ་ལྗིད་ཚད་ཀྱང་ཇེ་ཉུང་དུ་སོང་ཡོད།”

“འདི་ཁྱོད་ཀྱིས་བདེན་མེད་ཧམ་བཤད་བྱས་པ་ཞིག་རེད།”

“གང་ལྟར།  ངས་ཁྱོད་ལ་བཙོང་བའི་སྔོ་ཚད་དེར་རྒྱ་མ་གསུམ་ཡོད། གཅིག་བྱས་ན། ཁྱོད་ཀྱིས་དེ་ལས་སྔོ་ཚད་ཁག་ཅིག་སྦས་ཏེ་ང་ལ་སྙད་བཏགས་པ་ཡིན།”   ཀྲང་སན་གྱིས་དེ་ལྟར་སྨྲས།

“ངས་ཁྱོད་རང་མ་གཏུག་ན་ཐབས་མེད”ཟེར་བཞིན། རྒན་པོ་ཁོང་ཁྲོ་ལངས་ནས་འདར་གྱིན་འདུག་ཅིང་།  “ང་མགོ་ཁྲིད་ཡིན་པའི་སྐབས་དེར… …”ཞེས་སླར་ཡང་སྨྲས་བྱུང་།

“དེ་འདྲའི་དཔེ་སྲིད་དམ། ཁྱོད་རང་མགོ་ཁྲིད་ཡིན་པའི་སྐབས་དེར་ངེད་ཅག་གི་ལྟོ་བ་ཡང་འགྲང་ཐུབ་ཀྱིན་མེད། ང་ཡང་ལོ་རབས་དེ་བརྒྱུད་མ་མྱོང་བ་ག་ལ་ཡིན།”

ཀྲང་སན་གྱིས་དེ་ལྟར་བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པར་རྒན་པོ་ཁོང་ཁྲོ་ལངས་ནས་འགྲོ་རུ་བཅུག་སྟེ།  སྔར་བཞིན་དེ་གར་རང་གཅིག་པུར་ཆིག་ལབ་རྫོགས་རྒྱུ་མེད་པ་བྱས། “ད་རུང་ཁོའི་སྐབས་དེར་ཟེར། ངོ་མ་བཤད་པ་ཡིན། ད་སྐབས་ཀྱང་འཚོ་བ་སྐྱེལ་རྒྱུ་དཀའ་མོ་རེད་མོད། འོན་ཀྱང་སྐབས་དེ་དང་བསྡུར་ན་བཟང་།”

ཡང་ཉིན་གཉིས་གསུམ་ཞིག་འགོར་སོང་། དགྲ་ལྷ་བསོད་སྔོ་ཚོད་ཉོ་རུ་ཕྱིན་པ་ན། ཀྲང་སན་བཟའ་ཟླ་གཉི་ག་མཐོང་རྒྱུ་མ་བྱུང་། སྔོ་ཚོད་བཤམས་སའི་གནས་དེ་སྔར་བཞིན་ཡོད་མོད། འོན་ཀྱང་སྟོང་པར་ལྷག་འདུག་ཅིང་སྔོ་ཚོད་གཅིག་ཀྱང་མེད་པས།   ཁོ་རང་ཅུང་ཅི་བྱ་གཏོལ་མེད་དུ་གྱུར། ཁོ་ཚོ་མཐོང་རྒྱུ་མེད་པ་འདི་ག་རེ་ཡིན་ནམ།  དོན་དག་བྲེལ་ཆེ་བ་ཞིག་བྱུང་བས་ཡུལ་ལ་ལོག་སོང་བ་ཡིན་ནམ། ལུས་ན་བྱུང་བ་ཡིན་ནམ། ཡང་ན་ཁོ་ཚོའི་གཅེས་ཕྲུག་མ་ལ་དོན་དག་ཅིག་བྱུང་སོང་བ་ཡིན་ནམ། སྔོ་ཚོད་ཚོང་རར་སྔར་བཞིན་ཟིང་ལོང་ཆེ་བར་འདུག་ཅིང་། ཀྲང་སན་བཟའ་ཟླ་གཉི་ག་གར་སོང་ཆ་མེད་དུ་གྱུར་པ་དེས་འདི་གར་ཤུགས་རྐྱེན་སྤུ་ཙམ་ཡང་འབྱུང་མི་སྲིད་དེ། ཆུ་ཐིགས་གཅིག་རླངས་པར་གྱུར་པ་ཙམ་གྱིས་རྒྱ་མཚོ་ལ་ཤུགས་རྐྱེན་མེད་པ་དང་མཚུངས། འོན་ཀྱང་། ཁོས་སེམས་སུ་སྔོ་ཚོད་ཚོང་ར་འདིར་གཞན་ཞིག་སྟོང་པར་གྱུར་འདུག་སྙམ།

དགྲ་ལྷ་བསོད་མུ་མཐུད་དུ་འཆམ་འཆམ་བྱས་པས་དབང་རྒྱལ་ལྷ་ལ་འཕྲད་ཅིང་། ཁོ་གཉིས་མཉམ་དུ་ལངས་ནས་ཁ་བརྡ་གློད།

“ཁྱོད་རང་ཀྲང་སན་ཡོད་སར་ཕྱིན་པ་ཡིན་ནམ།”  དབང་རྒྱལ་ལྷ་ཡིས་དེ་ལྟར་དྲིས།

“ཀྲང་སན་མི་འདུག”

དབང་རྒྱལ་ལྷས། “གོ་ཐོས་ཡིན་ན་འཛིན་བཟུང་བྱས་སོང”ཟེར།

“ཨ། འཛིན་བཟུང་བྱས་སོང་ངམ། རྒྱུ་མཚན་ག་རེ་ཡིན་ནམ།”

“བཤད་པ་ལྟར་ན། རྒྱུགས་ལེན་སྐབས་གཡོ་ལས་བྱེད་སྤྱད་ཀྱི་ཉན་ཆས་ཤིག་ཉོ་སྒྲུབ་བྱས་པས་སྐབས་ཐོག་དེར་བཟུང་སོང་ཟེར།”

“འོ།   འོ……”

དབང་རྒྱལ་ལྷས་བཤད་རྒྱུར།   ཁོའི་སློབ་མ་ཞིག་དགོང་དྲོའི་ཚགས་པར་ཁང་དུ་ཡོད་ལ་གྱོད་གཞི་དེ་ལ་བཅར་འདྲི་བྱས་མྱོང་བས། གནས་ཚུལ་དེ་ཅུང་བློ་གཏད་ཆོག་པ་ཞིག་ཡིན། གོ་ཐོས་ཡིན་ན་སྤྱི་བདེ་སྡེ་ཁག་གིས་མྱུལ་ཞིབ་བྱས་ནས་ཤེས་གསལ་བྱུང་བ་རེད་ཟེར། ཉེ་ལམ་ཚོགས་པ་ཞིག་གིས་ལྐོག་ཏུ་རྒྱུགས་ལེན་གཡོ་སྤྱོད་ཉན་ཆས་ཕྱིར་འཚོང་བྱེད་ཀྱིན་འདུག་ཅིང་།  གློག་རྡུལ་གྱི་རྫས་ཆས་ཆུང་བ་ཏག་ཏག་ཡིན་ཏེ། ཉན་ཆས་དང་། ལག་འདོགས་ཆུ་ཚོད། སྨྱུ་གུ་རྩེ་རིལ་སོགས་ཡོད་ལ། མ་གཞི་དེ་དག་ཚང་མ་བརྡ་རྟགས་བསྡུ་ལེན་བྱེད་པའི་ཡོ་ཆས་ཏག་ཏག་རེད། སྤྱི་བདེ་སྡེ་ཁག་གིས་ཐེངས་ཤིག་ལ་གཅིག་བསྡུས་ཀྱི་རྡུང་རྡེག་འགུལ་སྐྱོད་ཅིག་རྩ་འཛུགས་བྱས་ནས་མི་སྐོར་ཞིག་བཟུང་ཡོད་ཅིང་དེའི་ཁྲོད་དུ་ཀྲང་སན……

“ཁྲིམས་ཆད་བཅད་དམ།”

“གཅོད་མི་སྲིད།  ཉིན་འགར་བཀག་ཉར་བྱས་ནས་སློབ་གསོས་སྐྱོན་བརྗོད་བྱས་ཏེ།   དངུལ་ཆད་ཅུང་ཙམ་བཅད་རྗེས་སྐྱོན་མི་འོང་།”

“འོ་ན་ཁོའི་ཆུང་མ།   མོ་ཡང་བཟུང་སོང་ངམ།”

“ལན་ཆགས་དེ་ཁོ་མོའི་ངོས་ན་འདུག ཀྲང་སན་འཛིན་བཟུང་བྱས་རྗེས་མོ་རང་སྤྱི་བདེ་སྡེ་ཁག་ཏུ་མི་ལེན་དུ་ཕྱིན་ཏེ། ཁོ་མོས་ཉེན་རྟོག་པ་ལ་སྡིག་དམོད་བྱས་པར་མ་ཟད། ད་དུང་ཉེན་རྟོག་པ་ལ་ངོ་སློག་སྡེར་ཤད་བྱས་པས་བཀག་ཉར་བྱས་སོང་།”

“ཁོ་མོས་དེ་འདྲ་བྱེད་ག་ལ་རུང་།”

“འོན་ཀྱང་བྲེལ་བ་ལངས་མི་དགོས། ཁོ་མོར་ཡང་དངུལ་ཆད་ཅུང་ཙམ་གཅོད་པ་མ་གཏོགས་སྐྱོན་ནི་མི་འོང་།”

དགྲ་ལྷ་བསོད་བློ་ཕམ་ཡིད་ཆད་ངང་ནས་ཕྱིར་ལོག་བྱུང་། ཀྲང་སན་ཟེར་བ་འདི། དེ་འདྲ་ཉོས་ནས་ཅི་བྱེད་དམ། ཁོས་ཕལ་ཆེར་བུ་མོར་ཉོས་ནས་བཀོལ་སྤྱོད་བྱེད་དུ་འཇུག་འདོད་པ་ཡིན།  འོན་ཀྱང་།  རྒྱུགས་ལེན་གཡོ་ལས་བྱས་པ་ནི་བྱ་སྤྱོད་ག་འདྲ་ཞིག་ཡིན་པ་ཁོས་མི་ཤེས་སམ།  དེ་ཁོས་ཤེས་ན་འོས།  བུ་མོར་རང་གི་འཇོན་ནུས་ལ་བརྟེན་ནས་རྒྱུགས་ལེན་དུ་བཅུག་ན་མི་ཆོག་གམ། ད་རུང་ཁོའི་ཆུང་མ་ཚུའེ་ཧྭ་ཟེར་བ་འདི། ཁོ་མོས་ཀྱང་ཉེན་རྟོག་པ་ལ་ངོ་སློག་སྡེར་ཤད་བྱས་འདུག་པས། དེ་ལྟར་བྱས་ན་འབྲས་བུ་འཐོབ་ཐུབ་བམ། གླེན་པ་རེད་ཡ།

དེའི་ཕྱི་ཉིན་ཁོ་རང་སྔོ་ཚོད་ཚོང་རར་མ་སོང་མོད། འོན་ཀྱང་། ཀྲང་སན་བཟའ་ཟླ་གཉི་ག་ཁོའི་བསམ་ཡུལ་དུ་བསྟུད་མར་ཤར་འོངས་ཤིང་མིག་ལམ་དུ་གཡོ་བར་བྱེད། ཁོ་གཉིས་ཀྱི་སྤྱི་ཚོགས་ཀྱི་གོ་གནས་དམན་ཞིང་དཀའ་ཚེགས་ཆེན་པོའི་སྒོ་ནས་སྡུག་སྦྱོང་བྱེད་བཞིན་ཡོད། ཁོ་ཚོར་སྐྱོན་ཆ་ཡང་ཡོད་པར་སྨོས་ཅི་དགོས་ཏེ། ཁོ་ཚོའི་ཟེར་ལུགས་ལྟར་བཤད་ན“སྒྲིག་སྲོལ་ལྟར་ཤོ་མི་གཏོང་བ”དེ་རེད། དོན་གྱིས་ཁོ་ཚོར་ཐོབ་པ་ཧ་ཅང་ཉུང་བར་མ་ཟད། བཟའ་ཟླ་གཉིས་ཀྱི་སྤྱི་ཚོགས་ཀྱི་གོ་གནས་ཀྱང་དམན་ཡང་རེ་སྨོན་ནི་མཛེས་སྡུག་ལྡན་པ་ཞིག་ཡོད་དེ། བཟའ་ཟླ་གཉིས་ཀྱིས་གཅེས་ཕྲུག་བུ་མོས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་ཐུབ་པའི་རེ་བ་བཅངས་ཡོད་ཅིང་། ཀྲང་སན་གྱི་ཆུང་མས་ད་དུང་གཟབ་འཆོར་སྤྲས་ནས་རང་ཉིད་ཡིད་དུ་འོང་བ་ཞིག་ཏུ་གཏོང་རྒྱུའང་མི་བརྗེད་པར……

ཉིན་བཅུ་ཙམ་གྱི་རྗེས་ནས། དབང་རྒྱལ་ལྷས་ཁོ་ལ་ཁ་པར་བཏང་སྟེ་ཀྲང་སན་བཟའ་ཟླ་གཉི་ག་སྒོར་བཏང་ནས་ཕྱིར་སྔོ་ཚོད་བཤམས་སར་ལོག་འདུག་པས།   ལྟ་རུ་འགྲོ་འདོད་དམ་དྲིས་པ་ན་ཁོ་ཡང་སྒུག་ལོང་མེད་པར་སྒོར་བུད་སོང་།

སྔོ་ཚོད་ཚོང་རའི་ནང་དུ་སླེབས་རྗེས།   ཁོས་རྒྱང་ཐག་རིང་པོའི་ས་ནས་ཀྲང་སན་བཟའ་ཟླ་གཉི་ག་མཐོང་བྱུང་།   སྐབས་འདིར་ནི་སྔོ་ཚོད་ཚོང་རར་མི་ཆེས་མང་བའི་དུས་ཤིག་ཡིན།  ཁོས་བཟའ་ཟླ་གཉིས་ཀྱིས་སྔོ་ཚོད་ལེན་པ་དང་།  དངུལ་བསྡུ་བ།   ཉོ་མཁན་ལ་ཁ་རྩོད་རྒྱག་པ་སོགས་ཀྱིས་ཁོམ་ལོང་མེད་པར་བྲེལ་ཆེ་བ་མཐོང་ཞིང་། ད་དུང་བཟའ་ཟླ་གཉི་གའི་ངོ་མདངས་ཧ་ཅང་བཟང་བ་ཡང་རྟོགས་བྱུང་།

ཀྲང་སན་གྱིས་ཁོ་མཐོང་རྗེས་བསམ་གཟས་ཏེ་ཁོ་ལ་འཛུམ་དགོད་ཅིག་བྱས……

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།