གཉན་པོ་གཡུ་རྩེར་ལྟ་སྐོར་དུ་བསྐྱོད་པའི་རེག་ཟིག

ལོ་ན་གཞོན་པའི་དུས་སུ་ང་དང་ན་ཚོད་མཉམ་པའི་བྱིས་པ་ཚོས་སྡེ་བའི་གློག་བརྙན་ཁང་དུ་རྒྱལ་ཁབ་ཕྱི་ནང་གི་གློག་བརྙན་གང་མང་ལ་བལྟས་ཏེ་ནར་སོན་གྱི་ལོ་ཟླ་རིམ་བཞིན་འཚར་བ་ཡིན། ཐེངས་ཤིག་ལ་ལོ་སར་དགོང་ཚོགས་ཤིག་རྒྱ་ཆེའི་མང་ཚོགས་ལ་བསྟན་ཅིང་། རེབ་དེའི་དགོང་ཚོགས་ཁྲོད་དུ་ན་གཞོན་གླུ་བ་ཤེར་བསྟན་གྱིས《གཉན་པོ་གཡུ་རྩེའི་བུ་རྒྱུད》ཅེས་པའི་རྡུང་ལེན་སྙན་མོ་ཞིག་བླངས་པར་སྐད་ངག་ཁུ་བྱུག་འདྲ་བའི་གདངས་ཀྱིས་ངའི་ཡིད་ཀྱི་དང་བ་ཅིག་ཅར་དུ་དྲངས། སྐབས་ཐོག་དེར་ངས་གཉན་པོ་གཡུ་རྩེའི་མཛེས་ལྗོངས་ནི་ཅི་འདྲའི་ངོ་མཚར་ཞིང་ལྟ་ན་སྡུག་པ་ཞིག་ཡིན་ཚུལ་ཀུན་རྟོག་ཡིད་ཀྱིས་འཆར་ཡན་ཕྱེས་མ་མྱོང་མོད། རྡུང་ལེན་སྙན་མོ་དེས་ང་ཚོ་ན་གཞོན་ཚོར་བག་ཆགས་ཟབ་མོ་ཞིག་བཞག་པས། ཕྱི་ཉིན་ནས་བཟུང་ན་གཞོན་ཚོའི་ངག་སྒོ་རུ་ཡང་ལེན་བསྐྱར་ལེན་སྒོས《གཉན་པོ་གཡུ་རྩེའི་བུ་རྒྱུད》ཅེས་པའི་རྡུང་ལེན་དེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར། སྟབས་ལེགས་པ་ཞིག་ལ། 2017ལོའི་དབྱར་གནང་སྐབས་ཀྱི་དུས་ཚོད་བེད་སྤྱད་དེ་ངེད་དགེ་གྲོགས་སྐོར་ཞིག་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་ཁོངས་ཀྱི་གཉན་པོ་གཡུ་རྩེའི་ཡུལ་སྐོར་ལྗོངས་ཁུལ་དུ་ཐེངས་ཤིག་འགྲོ་བའི་སྐལ་བ་ལྡན།

གཉན་པོ་གཡུ་རྩེ་ནི་ཟལ་མོ་སྒང་རྒྱུད་ཀྱི་ཆེས་མཐོ་བའི་རི་རྒྱུད་གཙོ་བོ་ཡིན་ལ། གནས་རི་དེ་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་ཅིང་གཙོ་བོ་མཚོ་སྔོན་གཅིག་སྒྲིལ་རྫོང་གི་ཁོངས་སུ་གཏོགས། གཉན་པོ་གཡུ་རྩེའི་ཞེང་གི་རིང་ཚད་ལ་སྤྱི་ལེ40དང་། དཀྱུས་ཀྱི་རིང་ཚད་ལ་སྤྱི་ལེ25ཡོད་ལ། དབུ་རྩེའི་མཐོ་ཚད་ནི་མཚོ་ངོས་ལས་སྨི5369ཡས་མས་ཡིན། གཉན་པོ་གཡུ་རྩེ་ཡི་རི་རྩེ་མཐོ་ཞིང་གཟར་ལ་རི་ཚོགས་ཀྱི་ཕྲེང་བ་མང་པོས་ཀུན་ནས་བསྐོར་ཡོད།

གནས་འདིར་ཆུ་མགོ་སྟོང་དང་དགུ་བརྒྱ་ཡོད་པར་བཤད་ཅིང་མཚེའུ160ལྷག་ཡོད་པ་མིག་མངས་ལྟར་བཀྲ་བ་ངོ་མཚར་བའི་ནགས་ལྗོངས་ཀྱིས་ཁོར་ཡུག་ཐམས་ཅད་མཛེས་པར་བརྒྱན་པར་མ་ཟད། ཚན་རིག་པས་ད་ལྟའང་དཔག་དཀའ་བར་གྱུར་པའི་རང་བྱུང་གི་གསང་རྒྱ་དམ་པོ་ཞིག་རི་རྩེའི་སྤྲིན་རུམ་ན་མཆིས་པ་ནི་ཀུན་གྱིས་ངོ་མཚར་བའི་ཡུལ་དུ་བྱེད་པ་ཡིན། བྱང་ངོས་ནས་འབབ་པའི་ཆུ་དང་ཆུ་ཕྲན་རྣམས་རྨ་ཀླུང་སྔོན་མོ་དང་ལྷོ་ངོས་ནས་འབབ་པའི་ཆུ་རྒྱུན་རྣམས་ཤར་རྒྱལ་མོ་རྔུལ་ཆུའི་ཆུ་མགོ་ཐེ་བའི་ཤར་ལྷོ་ནུབ་གསུམ་ནས་འབབ་པའི་ཆུ་ཕྲན་རྣམས་འབྲི་ཆུར་འབབ་ཀྱིན་ཡོད། གནས་དེ་དག་ནི་རྒྱལ་ཁབ་ས་གཤིས་སྤྱི་གླིང་དང་མཚོ་སྔོན་ཞིང་ཆེན་གྱི་ཁ་ཆར་འབབ་ཚད་ཆེས་མཐོ་བའི་ས་ཁུལ་ཞིག་རེད།

གཉན་པོ་གཡུ་རྩེ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུའི་ཡ་གྱལ་གཉན་ཆེན་ཐང་ལྷའི་ཞང་བོ་གཉན་ཆེན་ཐོད་པ་རྩལ་གྱི་གནས་དང་། མགོ་ལོག་འབུམ་པ་ཁག་གསུམ་གྱི་དཔོན་རྒྱུད་མཆེད་ཁུངས་ཀྱང་རེད། ངག་རྒྱུན་དུ། གཉན་པོ་གཡུ་རྩེས་རང་གི་དྲིན་ལན་འཇལ་ཕྱིར། རང་གི་སྲས་མོ་རྔོན་པ་མདའ་རྩལ་རྫོགས་པ་ཞིག་ལ་ཆུང་མར་བྱིན་པ་ལས་སྲས་གསུམ་འཁྲུངས་པ་སྟེ། དབང་ཆེན་འབུམ་དང་། ཨ་སྐྱོང་འབུམ། པདྨ་འབུམ་བཅས་ཡིན་ལ། དེ་དག་གི་རྒྱུད་འཕེལ་བ་ལས་མགོ་ལོག་འབུམ་པ་ཁག་གསུམ་བྱུང་བར་གྲགས། ཡང་ངག་རྒྱུན་དུ་རི་བོ་དེའི་ཤར་ལྷོ་ནུབ་བྱང་དང་མདུན་སྒོའི་གཡས་གཡོན་སོགས་ན་གནས་སྲུང་རེ་ཡོད་ཅིང་། མདུན་སྒོའི་གཡོན་ཕྱོགས་ནི་ལྷ་གཡག་དཀར་པོ་དང་། གཡས་ནི་རྒྱ་སྟག་དམར་པོ། གཞན་རྣམས་རེ་རེ་ལ་མིང་རེ་ཡོད་པ་དང་། རི་བོ་དེ་ནི་མགོ་ལོག་ས་ཁུལ་གྱིས་བསྙེན་བཀུར་མཛད་པའི་གཞི་བདག་གཉན་པོ་གཡུ་རྩེའི་གནས་རི་རེད།

གཉན་པོ་གཡུ་རྩེའི་ས་དེར《གེ་སར་སྒྲུང》དང་འབྲེལ་བའི་རྗེས་ཤུལ་མང་པོ་ཡོད་པས། མགོ་ལོག་མི་དམངས་ཀྱི་ལྷ་སྒྲུང་དང་། གཏམ་རྒྱུད། དམངས་གླུའི་འབྱུང་ཁུངས་གཙོ་བོ་ཞིག་རེད། ལོ་འདི་འགའི་རིང་ལ་གཉན་པོ་གཡུ་རྩེ་ནི་ཡུལ་སྐོར་པ་མང་པོའི་སེམས་ཁོང་གི་སྙེག་འདུན་ཞིག་ཏུ་གྱུར་ཡོད་ཅིང་། ཡུལ་སྐོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ནས། ཞིང་ཆེན་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་སྣེ་ཁྲིད་དང་རྒྱབ་སྐྱོར་འོག གཅིག་སྒྲིལ་རྫོང་གིས་ཤུགས་ཆེན་པོས་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་དང་ལམ་འགྲམ་གཡས་གཡོན་གྱི་གད་སྙིགས་གཙང་དག་བྱས་ནས་ཞབས་ཞུའི་ནུས་པ་མུ་མཐུད་ནས་འཐུས་ཚང་དུ་བཏང་བའི་ཁར། གཉན་པོ་གཡུ་རྩེའི་ལྗོངས་ཁུལ་སྲུང་སྐྱོབ་དང་ཡུལ་སྐོར་ཁྱབ་སྒྲོག་བྱས་ཏེ། ཡུལ་སྐོར་རྨང་གཞིའི་འཛུགས་སྐྲུན་གྱི་བྱ་བ་དེ་ཆེས་གལ་ཆེ་བའི་གྲས་སུ་བཞག་ཅིང་། ས་གནས་ཀྱི་ཡུལ་སྐོར་ཐོན་ལས་འཕེལ་བ་མགྱོགས་ཤིང་སྐྱེ་ཁམས་ཀྱི་རང་སྲུང་ནུས་པ་ཆེ་ལ་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་རྣམ་པ་གསར་བ་ཞིག་ཏུ་གྲུབ་འདུག

དེང་རབས་འཕྲུལ་གྱི་རླངས་འཁོར་ལ་བསྡད་དེ་སྦྲུལ་གཟུགས་གྱ་གྱུའི་སྣུམ་ལམ་བརྟོལ་ནས་གཉན་པོ་གཡུ་རྩེའི་ཉེ་འདབས་སུ་ཐོན་དུས། ཚ་གདུགས་ཉི་མ་ང་ཚོའི་མགོ་ཐོག་ནས་དྲང་ཐད་དུ་འཆར་ཞིང་། ཕལ་ཆེར་ཉིན་གུང་གི་དུས་ཚོད་གཅིག་ཙམ་ལ་འཁེལ་བ་འདྲ། ང་ཚོ་གཉན་པོ་གཡུ་རྩེའི་ལྗོངས་ཁུལ་དུ་རླངས་འཁོར་གྱི་དཔུང་བསྒྲིགས་ཡོད་པའི་ས་ཚིགས་དེར་ཐོན་མ་ཐག ལུང་བའི་ཕུ་ན་སྟོབས་ཀྱིས་འགྱིང་བའི་ཆུ་ཤེལ་ཕོ་བྲང་འདྲ་བའི་གངས་རིའི་གཟི་མདངས་མིག་གི་དགའ་ཚལ་དུ་བྱོན་ཞིང་། གཡའ་མ་སྔོན་མོའི་བྲག་རིའི་འཛིང་ཁ་འཁྲིགས་ཏེ་ཀེར་རེར་བསླངས་པ་གཞི་བདག་གི་ཟོལ་གྱིས་དམ་བཀྱིག་གེར་ཆགས་པ། རྫ་སྐེད་དུ་ཚང་ཚིང་གཡུ་ལོ་བཀོད་པའི་ལྗང་མདོག་གོས་ཀྱི་ལྭ་བ་ཧྲིལ་གྱིས་གཡོགས་པས་དབྱར་གྱི་དཔལ་ཡོན་འཚེར་བའི་མཛེས་སྡུག་གི་རྣམ་པ་ཅིག་ཅར་མངོན་ནོ། །

ང་ཚོ་ཡུལ་སྐོར་པ་རྣམས་རླངས་འཁོར་ལས་ཐོལ་གྱིས་བབས་ཏེ་དེའུ་འབུར་སྟེང་དུ་བུད་པ་ན། ད་གཟོད་རྫ་འདབས་སུ་ལྟེམས་མེར་འཁྱིལ་ཞིང་ཨན་ད་རྙིལ་གྱི་མདོག་ལྟར་སྔོ་བའི་གཡུ་མཚོ་སྔོན་མོ་མེ་ལོང་རང་བྱོན་དུ་ཆགས་ནས་རབ་བརྗིད་ལྷུན་པོའི་རང་གཟུགས་གསལ་དྭངས་དྭངས་སུ་འཆར་བ་འདྲེན་བྱེད་ཀྱི་དཀྱིལ་ལ་ལྷུང་འོངས། དེ་མུར་ཚང་མས་ཧ་ལས་ཤིང་ཡ་མཚན་པའི་མིག་ཟུང་གིས་སོ་སོའི་པར་ཆས་དང་ཁ་པར་བླངས་ཏེ་གཉན་པོ་གཡུ་རྩེའི་རྒྱང་རིང་གི་ཡུལ་ལྗོངས་རེ་རེ་ཟུར་མི་འདྲ་བའི་སྒོ་ནས་པར་མིག་ཏུ་འདྲེན་བཞིན་མཆིས།

ང་ཚོ་གནས་འདིར་འབྱོར་དུས། ཡུན་རིང་གྲོང་ཁྱེར་གྱི་སྣེ་འཛིང་གི་ཟང་ཟིང་དང་འཁྲུག་ཆ་དོད་པའི་འཕྲུལ་ཆས་ཀྱི་འདུ་འགོད་ལས་འཕྱུར་བའི་འཛེར་སྒྲ་དེ་ཐོས་འཛིན་དུ་བོར་ཚར་ལ། གྲོང་ཁྱེར་ནང་བཞིན་སེང་རས་ཀྱིས་བསྒྲིབས་པ་ལྟ་བུའི་རྫས་དུག་གི་ར་རིའི་དྲི་ངན་སྣོམ་བྱེད་དུ་ཡལ་ཚར། ལྷག་པར་མཐོང་ལམ་བསྒྲིབས་ལ་ཁད་ཀྱི་གཅིག་ལས་གཅིག་མཐོའི་ཁང་བརྩེགས་ཀྱི་འཕག་འཚག་ཀྱང་གདོད་ནས་བསྣུབས་ཚར་བས། གནས་འདིར་ཐོག་མར་སླེབས་དུས་གོ་ལ་གཞན་ཞིག་ཏུ་གནས་ཚང་གཡར་བར་ཕེབས་པའམ་མི་ཡུལ་གྱི་ཆེས་དྭངས་གཙང་གི་དག་ཞིང་འབའ་ཞིག་ཡིན་སྙམ་པའི་ངེས་ཤེས་རྙེད།

ང་ཚོ་དགེ་གྲོགས་རྣམས་རིམ་བཞིན་གོམ་ཟུང་གི་བགྲོད་པ་གཉན་པོ་གཡུ་རྩེ་དང་ཐག་ཇེ་ཉེར་བཏུད་དུས། མཐའ་ཡས་སྤང་ཐང་གི་གཞི་རུ་སེར་ལམ་མེར་བཞད་པའི་མེ་ཏོག་སེར་ཆེན་ནི་ལྷ་དབང་སུ་ཞིག་གིས་འཇིག་རྟེན་ལ་ཕུན་ཚོགས་སྣོན་ཆེད་ལྷ་ཡུལ་ནས་སྦྲང་ཆར་གྱི་ཟོལ་གྱིས་མི་ཡུལ་ལ་གཏོར་ཏེ་གསེར་ཞུན་ཁུ་བས་ལན་བརྒྱར་བྱུགས་པ་ལྟར་མིག་ལ་འཁྱུག་འོངས།

སྤང་ཐང་དུ་ཆམ་མེར་བརྡལ་བའི་སེར་ཆེན་མེ་ཏོག་ལས་གཞན་འཇའ་ཚོན་སྣ་ལྔའི་མདོག་ལ་འཁུ་བའི་མིང་མི་ཐོགས་པའི་མེ་ཏོག་ཆུང་ངུ་ཚོམ་བུ་ཚོམ་བུ་སྡུག་གུར་བཞད་པ་གོས་ལྭ་ཁྲ་ཁྲ་སྤང་ལ་བཀྲམ་པའམ། འཇའ་སྣེ་སྤང་ལ་ཟུག་པ་ལྟར་ཁྲ་ཆིལ་དགུ་ཆིལ་དུ་མངོན་པས་དངོས་གནས་སྨྲ་མི་ཤེས་པའི་ཚོར་སྣང་སྤྲོ་བོ་ཞིག་གནང་འོངས།

དགའ་འོས་པ་ཞིག་ལ་གཅིག་སྒྲིལ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱིས་ལྟ་སྐོར་པ་མང་པོས་སྤང་ཐང་གོས་འདྲ་བའི་རྩྭ་སྔོན་རྡོག་པས་རྫི་བར་དོགས་པ་དང་། སྤང་ཐང་དུ་ལྷམ་མེར་གྲོལ་བའི་རབ་མཛེས་མེ་ཏོག་གི་བྱད་བཞིན་སྣོག་པར་བསམས་ཏེ་རྫ་འདབས་ཀྱི་སྤང་ཐང་ནས་མཚོ་མཐའ་རུ་ཤིང་སྐས་དང་ལྡིང་ཁང་བཟོས་ཏེ་ལྟ་སྐོར་པ་ཡོད་དོ་ཅོག་ལ་བགྲོད་ལམ་སྟབས་བདེ་བསྐྲུན་འདུག ཉིན་དེར་རླུང་བུ་གང་ཞིག་གིས་གནས་གང་ཞིག་ནས་ཧྲིལ་གྱིས་དེད་འོང་བ་ལྟར་རྒྱ་བོད་སོག་གསུམ་གྱི་ཡུལ་སྐོར་པ་ནི་ཁྱུ་དང་ཁྱུ་བྱས་ཏེ་སྣེ་ཤན་པའི་གསལ་དག་སྙན་གསུམ་གྱི་གནས་བཤད་ལ་འཁྱུད་དེ་རང་བྱུང་ཁམས་ཀྱི་ཕུན་ཚོགས་ལོངས་སྤྱོད་ལ་རོལ་བཞིན་མཆིས། ང་ཚོའི་དཔུང་ཁག་ཀྱང་སྔ་ཕྱི་ལྟར་ཤིང་སྐས་ལམ་ཕྲན་བརྒྱུད་དེ་དལ་བུར་མདུན་ཕྱོགས་སུ་བསྐྱོད་པ་ན། ལམ་འགྲམ་གཡས་གཡོན་གྱི་སྤང་ཐང་དུ་རབ་མཛེས་མེ་ཏོག་སྣ་ཚོགས་ཚང་ཚིང་དུ་བཞད་ཅིང་།སྤྲིན་དཀར་དུམ་བུ་བཞིན་རིགས་ཐ་དད་པའི་མེ་ཏོག་ཚོམ་བུར་གྲོལ་བའི་དབུས་སུ་རྐང་དྲུག་སྦྲང་ཆུང་གིས་གཤོག་རུ་བརྐྱངས་ཏེ་དར་དིར་གྱི་གླུ་དབྱངས་ལེན་བཞིན་ལྷད་མེད་པའི་མེ་ཏོག་གི་ཟེའུ་འབྲུའི་བཅུད་ལ་རོལ་བ་ནི་ལྔ་རིག་སློབ་རའི་དགའ་ཚལ་དུ་བསླབ་པ་དོན་ལ་གཉེར་བར་མོས་པའི་སློབ་བུ་དག་གིས་ཤེས་རིག་གི་བཅུད་ལ་རོལ་བ་དང་ཀུན་ནས་འཁྲུལ། མིག་ཟུང་ཕྲ་མོས་རྫ་འདབས་སྤང་ཐང་གི་མཁའ་དབྱིངས་སུ་རྣ་བ་གཡོར་དུས། གཉན་པོ་གཡུ་རྩེའི་བླ་བྱ་རུ་གྲགས་པའི་གཟུ་བྱིའུ་གཙོ་བྱས་པའི་བྱིའུ་འཇོལ་མོ་དང་བྱིའུ་སྐྱ་རིལ། ད་དུང་མིང་མི་ཐོགས་པའི་འདབ་ཆགས་སྣ་ཚོགས་ཀྱིས་ཀྱང་རྐང་དྲུག་བུང་བའི་སྙན་དབྱངས་ལ་རམ་འདེགས་ཀྱི་ཚུལ་གྱིས་རང་རང་གི་གྲེ་འགྱུར་ལས་བྱུང་བའི་སྙན་འཇེབས་ཀྱི་གླུ་ཆུང་གཏོང་བཞིན་དགའ་བདེའི་བག་ཡངས་སུ་རྒྱུ་བཞིན་འདུག ལྷག་པར་ང་ཚོ་དང་ཐག་ཅུང་མི་རིང་བའི་རྫ་སྐེད་དུ་ལྷ་བྱ་གོང་མོས་གཅིག་རྗེས་གཉིས་མཐུད་ཀྱིས་སྐད་སྙན་བསྟུད་མར་སྒྲོག་པ་ནི་ང་ཚོ་རྒྱང་རིང་གི་མགྲོན་པོར་བསུ་མ་བྱེད་པ་དང་ཀུན་ནས་མཚུངས། དེ་ལས་ཀྱང་ངོ་མཚར་བ་ནི་མགོ་བོ་ཡར་ལ་བཏེགས་ཏེ་རྒྱང་རིང་ལུང་བ་ཕུའི་གཡའ་རིའི་ཟོམ་ལ་ལྟ་དུས། རྒྱལ་ཁབ་སྲུང་སྐྱོབ་རིམ་པ་གཉིས་པར་ཐེ་བའི་རྒོད་ཐང་དཀར་ཐང་ནག་དང་ནེ་ལེ། རྒྱ་ཁྲ་ཧོར་བ་དང་འུག་པ་སོགས་བྱ་ཚོགས་ཀྱིས་ཀྱང་གཤོག་པ་བརྐྱངས་ཏེ་བར་སྣང་དུ་སུ་མཐོ་སུ་མྱུར་གྱི་འགྲན་སློང་བའི་ལྡིང་སྐོར་མཚམས་མེད་དུ་རྒྱག་བཞིན་གདའ། གོ་ཐོས་ལྟར་ན་གནས་འགངས་ཆེན་འདི་རུ་འདབ་ཆགས་སྣ་ཚོགས་ལས་གཞན། གསའ་དང་འཕར་བ། ཤ་བ། རྒོ་སྐྱ། གནའ་བ། དྲེད་མོང་སོགས་རྒྱལ་ཁབ་ཀྱི་སྲུང་སྐྱོབ་རིམ་པ་དང་པོ་དང་གཉིས་པ་ཡིན་པའི་གཅན་གཟན་ཡང་གང་མང་ཡོད་སྐད། ང་ཚོས་ངོ་མཚར་ཡིད་འགུག་གི་འདབ་ཆགས་ལ་མིག་དབང་གཡོར་བཞིན་གཡུ་མཚོའི་གམ་དུ་སླེབས་དུས། བསང་དུད་སྔོན་མོ་དགུང་ལ་འཐེན་པའི་བསང་ཁྲི་དང་དེའི་གམ་དུ་དར་ཚོན་སྣ་ལྔས་གདུགས་ལྟར་ཕུབ་པའི་མ་ཎི་ཡིག་དྲུག་གི་གཟུངས་སྔགས་མངོན་པའི་དར་ལྕོག་མང་པོ་བསིལ་རླུང་གི་རྒྱུ་བ་དང་ལྷན་དུ་ལྷབ་ལྷུབ་ཏུ་བསྐྱོད་པའི་ཁར།ཡུལ་སྐོར་པ་ལ་ཤས་ཀྱིས་སྟག་སེང་ཁྱུང་འབྲུག་གི་རླུང་རྟ་སྡེ་བཞི་བར་སྣང་དུ་སྤུར་བཞིན་པ་ནི་མེ་ཏོག་གི་ཚོགས་ལ་མཆུ་འདབ་སྦྱོར་མཁས་ཀྱི་ཕྱེ་ལེབ་ཁྲ་ཁྲ་ཁྱུ་དང་ཁྱུ་ལྟར་ལམ་ལམ་བསྐྱོད་མོད། རླུང་རྟ་མང་ཆེ་ཤོས་ཐང་ན་གཅལ་དུ་བཀྲམ་སྟེ། ཡུལ་སྐོར་པ་རེ་འགས་སྣང་དོགས་སྤུ་ཙམ་ཡང་མེད་པར་རླུང་རྟའི་གསེང་དུ་རྡོག་པས་བརྫིས་ནས་བསང་ཁྲིར་སྐོར་བ་རྒྱག་གིན་འདུག སྣང་ཚུལ་དེ་མིག་ལ་ཐོགས་དུས་སེམས་པའི་ག་ཤེད་ཅིག་ནས་ཆོས་ཀྱི་རྩ་བ་སེམས་དང་དད་པ་ཡིན་ཞེས་པའི་ལེགས་བཤད་དེའང་ཁད་ཀྱིས་དྲན་བྱུང་།

ང་ཚོ་མཚོ་མོའི་གམ་དུ་འབྱོར་བ་ན། ལྟ་སྐོར་པ་མང་པོ་འཚང་ཁ་རྒྱག་བཞིན་འཁྱུག་རྩལ་གང་དགར་བསྐྱོད་པའི་གཤོག་དྲུག་ཉ་མོ་ཁྲི་མ་འབུམ་གྱི་འདུ་ཚོགས་གསེང་ལ་གཟན་ཆས་སྟེར་བཞིན་འདུག ཉ་མོའི་ཚོགས་ལ་གཟན་ཆས་བྱིན་མ་ཐག ཉ་མོ་རྣམས་གཅིག་ཐོག་གཅིག་བརྩེགས་སུ་བྱུར་བུར་སྤུངས་ཏེ་མཆུ་སྒོར་སྒོར་གནམ་ལ་གཏད་དེ་གཟན་ཆས་འཕྲོག་རེས་བྱེད་པ་ནི་དགའ་སྤྲོའི་སྟོན་མོའི་སྐབས་སུ་བྱིས་པ་བསམ་མེད་ཀྱི་ཚོགས་ལ་ཀ་ར་གཅོལ་བ་ལྟར་འཁྲུག་ཆ་དོད་པོ་བཟོས་འོངས། དགོད་བྲོ་ཞིང་ངོ་མཚར་བའི་རྣམ་པ་དེ་ཡུལ་སྐོར་པ་ལ་ལས་མྱུར་མོར་པར་དུ་བླངས་བྱུང་། ཉ་མོའི་ཚོགས་ཀྱིས་གཟན་ཆས་ཟོས་ཚར་རྗེས་གཤོག་རུ་བརྐྱངས་ཏེ་ཕྱོགས་བཞིར་བག་ཡངས་སུ་རྐྱལ་རྩལ་ངོམ་དུ་འགྲོ་བ་རེད། སྣང་ཚུལ་དེ་ལས་མཚོ་སྔོན་པོའི་འགྲམ་གྱི་གསེར་ཉ་དང་རྨ་ཆུའི་འགྲམ་གྱི་ཉ་མོ་ནང་བཞིན་བག་འཁུམ་པ་དང་འཇིགས་སྐྲག་གི་རྣམ་པ་ཨེན་ཙམ་ཡང་མི་མཐོང་བར་གཞིགས་ཚེ། གནས་འདིའི་མི་རྣམས་ཀྱིས་ཉ་མོ་ལ་སྲུང་སྐྱོབ་དང་གཏོར་བརླག་བྱེད་ཀྱིན་མེད་པའི་གནས་ལུགས་གསལ་བོར་མཚོན། མཚོ་མོའི་སྟོད་ཕྱོགས་སུ་རྒྱང་ལྟ་བྱེད་དུས་ཀྱང་ངང་ངུར་དང་ཆུ་བྱའི་ཁྱུ་རྣམས་ཞི་འཇམ་དུ་མཚོ་ཁ་རུ་ལྷོད་ཀྱིས་རྐྱལ་བཞིན་པ་ཐག་རིང་ནས་རིག་ཐུབ་ལ། བག་ཡངས་ལྷོད་ཤ་ལྡན་པའི་འཚོ་སྟངས་དེས་ཡུལ་འདིའི་མི་རྣམས་ཀྱིས་རང་བྱུང་སྐྱེ་ཁམས་ལ་གནོད་འཚེ་ཁྱོན་ནས་མི་བྱེད་པའི་བརྩེ་བ་དྲོན་མོ་དེ་ངང་ངམ་ཤུགས་ཀྱིས་མཚོན་ཐུབ། ཡུལ་སྐོར་གྱི་དུས་ཚོད་ཀྱི་དབང་གིས་ང་ཚོས་གཉན་པོ་གཡུ་རྩེར་ཕྱི་སྐོར་རྒྱག་མ་ཐུབ་པའི་མི་ཚད། གཡུ་ཡི་མཚོ་མོར་བསྐོར་བ་ལན་གཅིག་རྒྱག་པའི་གོ་སྐབས་ཀྱང་ཟད། ཡིན་ཡང་གནས་དེའི་དོ་དམ་པས་བཤད་སྲོལ་ལྟར་ན། དུས་ཚིགས་ལ་དབྱེ་བ་མེད་པར་སྐྱ་སེར་རྣམས་ཁོམ་སྐབས་དང་བསྟུན་ནས་གཉན་པོ་གཡུ་རྩེར་གནས་སྐོར་རྒྱག་མཁན་དང་། གཡུ་མཚོ་སྔོན་མོར་ཕྱག་སྐོར་རྒྱག་མཁན་སོགས་རྒྱུན་པར་མཐོང་ཞེས་བཤད་མོད། ཉིན་དེར་ང་ཚོའི་མཐོང་སྐལ་དུ་མ་སྨིན།

མིག་གི་དབང་བོས་རྒྱང་རིང་རི་ཚོགས་ཀྱི་ཁོང་གསེང་ལ་ལྟ་དུས་གངས་དང་འཁྱགས་རོམ་གྱི་ངོ་མཚར་མཛེས་པ་ཅུང་ཙམ་ལས་མི་རིག་མོད། གནས་འདིའི་བཀོད་པ་སྤྱི་ཡོངས་ནས་བལྟས་ཚེ། མཐོ་བ་རྫ་མགོར་དགུན་གྱི་རང་གཤིས་མངོན་ཞིང་། དམའ་བ་གཤོང་ལ་དབྱར་གྱི་ལང་ཚོ་མཛེས་པས་དངོས་གནས་ལྟ་ན་སྡུག བཤད་རྒྱུན་དུ་གཉན་པོ་གཡུ་རྩེའི་མཐའ་འཁོར་དང་རྫ་རི་དག་གི་བར་གསེང་རྣམས་སུ་མཚོ་སྨན་ཆེ་ཆུང་མང་པོ་ལྷོད་ཀྱིས་འཁྱིལ་ཡོད་ཅིང་། མཐོ་སྒང་གསོམ་སྡོང་གི་རྒྱལ་བོའང་རྫ་རིའི་སྟོད་ཕྱོགས་སུ་མང་པོ་སྐྱེས་ཡོད་སྐད། ང་ཚོ་དེ་རིང་བགྲོད་པ་ནི་གཉན་པོ་གཡུ་རྩེའི་ཕྱོགས་གཅིག་གི་མཛེས་པ་ཡིན་ལ། ད་དུང་གཉན་པོ་གཡུ་རྩེའི་ཕྱོགས་གཞན་དག་ཏུ་དེ་ལས་ཀྱང་ངོ་མཚར་བའི་རང་བྱུང་གི་བཀོད་པ་ལྟ་ན་སྡུག་པ་ཇི་སྙེད་ཅིག་མཆིས་པ་བློས་དཔོག་ཐུབ།

ཡུལ་སྐོར་པའི་སྡེ་ནི་སྤྲིན་གྱི་ཚོགས་བཞིན་ཕར་འགྲོ་ཚུར་འོང་གི་འདུ་འགོད་ཧ་ཅང་ཆེ་མོད། གང་འདོད་དུ་འབྱམས་ཀླས་སྤང་ཐང་དུ་གད་སྙིགས་སྟོར་བ་དང་རྩྭ་སྔོན་རྡོག་པས་གཅོག་པའི་སྤྱོད་ངན་སྒྲུབ་མཁན་ཧ་ཅང་ཉུང་བ་རེད། ཡིན་ན་ཡང་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ།གྲོང་ཁྱེར་གྱི་ཡུལ་སྐོར་ལྗོངས་ཁུལ་སོ་སོར་རྒྱུ་སྤུས་བཟང་ཞིང་མིག་ལ་མཛེས་པའི་སྒྲིག་ཆས་ཕུན་སུམ་ཚོགས་པ་སྤྲད་ཡོད་ཀྱང་།ཐ་ཤལ་མི་ངན་ལ་ལས་གཅོག་གཏུབ་འབྲེག་གསུམ་གྱི་སྦྱོར་བ་རྩུབ་པོས་གཏོར་བཤིག་མང་པོ་ཐེབས་རྐྱེན། ཡང་བསྐྱར་ཞིག་གསོ་བྱེད་པའི་རྒྱུན་མཐུད་ཀྱི་རྗེས་ཀྱང་ཆོད་གིན་མེད་པའི་ཚུལ་དུ་བདོག གང་ལྟར་ད་ལྟའི་སྤྱི་ཚོགས་གསར་པའི་འཕེལ་རྒྱས་ཀྱི་ལམ་ཁའི་ཁྲོད་ནས་ཕུན་སུམ་ཚོགས་པའི་དངོས་པོའི་དཔལ་ཡོན་གྱི་བགོ་སྐལ་འོག་ཏུ་རང་ཉིད་ནས་མགོ་བཟུང་སྟེ་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་དང་ཡུལ་སྐོར་ལྗོངས་ཁུལ་གྱི་གནས་ཡུལ་གྲགས་ཅན་སོ་སོའི་ཁོར་ཡུག་གཅེས་སྐྱོང་དང་ཆག་གྲུམ་གཏོར་སྐྱོན་མི་བཟོ་བའི་ངེས་ཤེས་བཟང་པོ་ཅིས་ཀྱང་རྒྱུད་ལ་སྐྱེས་དགོས་སྙམ།

ངོ་མཚར་ཡིད་འགུག་གི་རང་བྱུང་སྣོད་བཅུད་ལ་ལུས་སེམས་གཉིས་ཀས་ལོངས་སུ་སྤྱད་མཐར་དུས་ཚོད་ནི་སྟོད་ཀྱི་གཉན་པོ་གཡུ་རྩེའི་དཀན་གཟར་ནས་འབབ་པའི་ཆུ་ཕྲན་བཞིན་ཕྱི་དྲོའི་དུས་ཚོད་ལྔ་པ་ཇི་ལྟར་སླེབས་པའང་མ་ཤེས། གནས་མཆོག་འདི་དང་གྱེས་ཕྱག་ཕུལ་ལ་རན་དུས། རང་དབང་མེད་པར་གླུ་བ་ཤེར་བསྟན་གྱི《གཉན་པོ་གཡུ་རྩེའི་བུ་རྒྱུད》ཅེས་པའི་རྡུང་ལེན་དེ་ངའི་མགྲིན་ངག་ནས་ལྷོད་ཀྱིས་ཤོར་བཞིན་འབྲལ་མི་ཕོད་པའི་ཞེན་ཆགས་ལྕི་མོ་ཞིག་སེམས་ཀྱི་སྦུབས་སུ་ཉར་ཏེ་ཕྱིར་གཞུང་ལམ་བསྙེགས་ཏེ་གཅིག་སྒྲིལ་རྫོང་གི་ཕྱོགས་སུ་ཆས་སོ། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།