ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཡིག་གི་ལམ་ནས་བརྩམས་པའི་ཁྱི་སྒྲུང་དེབ་ཐོག་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : འབྲོང་ཕྲུག་ལྷ་ཆེན་རྒྱལ།   སྤེལ་དུས། : 2019-04-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res07_attpic_brief.jpg

《ཁྱི་རྒན》ནི་སྟག་འབུམ་རྒྱལ་གྱིས་བོད་ཡིག་གི་ལམ་ནས་པར་དུ་བཏབ་པའི་སྒྲུང་གཏམ་དེབ་བདུན་པ་ཡིན་པ་དང་། དེབ་འདིའི་ནང་དུ། 《སྒོ་ཁྱི》དང《ཧཱ་པ་གསོས་པའི་ཟིན་བྲིས》《ཁྱི་རྒན་ཆང་གིས་བཟི་སོང》《རྨི་ལམ་ནང་གི་ཁྱི་མོ》《ཁྱི་དང་བདག་པོ། གཉེན་ཚན་དག》《དོམ་བུ》སོགས་ཁྱི་སྒྲུང་བཅུ་ཁ་ཞིག་བསྡུས་ཡོད། དེ་ནི་ཁོང་གི་ཁྱིའི་སྐོར་གྱི་སྒྲུང་གཏམ་ཕྱོགས་བསྒྲིགས་དེབ་ཐོག་མ་ཡིན་པར་མ་ཟད། བོད་ཡིག་གི་ལམ་ནས་བརྩམས་གྲུབ་བྱུང་བའི་ཁྱི་སྒྲུང་དེབ་ཐོག་མ་དེའང་ཆགས་ཡོད་འདུག

དེབ་དེའི་འོས་སྦྱོར་པ་སྟེ། དེང་རབས་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལྟར་ན། སྟག་འབུམ་རྒྱལ་ནི་དེང་རབས་བོད་ཀྱི་འཐུས་ཚབ་རང་བཞིན་གྱི་རྩོམ་པ་པོ་ཞིག་ཡིན་ལ། ཁོང་གིས་ད་ལྟའི་བར་སྒྲུང་གཏམ་བརྒྱ་ཕྲག་ཅིག་སྤེལ་བ་ལས། ཁྱིའི་སྐོར་གྱི་སྒྲུང་གཏམ་ནི་ཀློག་མཁན་ཀུན་གྱིས་དགའ་བསུ་དང་གདེང་འཇོག་ཆེན་པོ་གནང་བཞིན་པའི་བརྩམས་ཆོས་ཕུལ་བྱུང་གི་སྐོར་རེད་དེ། ངས་སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་རྒྱ་ཡིག་ཏུ་བསྒྱུར་པའི་དུས་སུ། སྐབས་རེར། སེམས་ལ་ལྟས་ངན་འདིས་ཁྱི་བྲིས་པ་འདི་འདྲའི་སྤྲོ་མཚར་ཆེ་ཞིང་གསོན་ཉམས་ལྡན་ལ་གཏིང་ཟབ་མོ་འདུག་པས། ཁོ་སྐྱེ་བ་སྔོན་མར་ཁྱི་ཞིག་ཨེ་ཡིན་བསམ་ཡོང་ཟེར།

དངོས་གནས་དེ་འདྲ་ཞིག་སྟེ། ད་ལྟའི་བར་དུ། སྟག་འབུམ་རྒྱལ་གྱིས《མི་རབས་གསུམ་གྱི་རྨི་ལམ》དང《ཁ་བ་མེད་པའི་དགུན་ཁ》ལྟ་བུའི་སྒྲུང་ཐུང་དང་སྒྲུང་འབྲིང་དེབ། 《ལྷིང་འཇགས་ཀྱི་རྩྭ་ཐང》དང《རྒུད》ལྟ་བུའི་སྒྲུང་རིང་དེབ་མང་པོ་པར་དུ་བཏབ་ཡོད་མོད། ཁོའི་བརྩམས་ཆོས་དག་ལས་ཀློག་པ་པོར་ཤུགས་རྐྱེན་ཟབ་མོ་བཞག་ཡོད་པ་ནི། སྔར་བཞིན《སྒོ་ཁྱི》དང《ཧཱ་པ་གསོས་པའི་ཟིན་བྲིས》ལྟ་བུའི་ཁྱི་ཡི་སྐོར་རེད་ལ། ཁྱི་ནི་མིའི་རིགས་དང་ཆེས་ཐག་ཉེ་ཞིང་ཆེས་འདྲིས་ཆེ་བའི་སྲོག་ཆགས་ཤིག་ཡིན་པར་མ་ཟད། རྩོམ་པ་པོ་ནར་སོན་སའི་འབྲོག་ཕྱོགས་ས་ཁུལ་དུ་དམིགས་བསལ་དུ་དར་ཁྱབ་ཆེ་བའི་སྲོག་ཆགས་ཤིག་ཡིན་པས། དེ་ནི་ཁོ་རང་གི་དངོས་ཡོད་འཚོ་བའི་ནང་གི་ཆེས་ཆ་རྒྱུས་ལྡན་པ་དེ་ཡང་ཡིན་ངེས་ཏེ། ཁོང་གིས་བཅར་འདྲི་ཞིག་དང་ལེན་བྱེད་དུས་སུ། ངའི་སྒྲུང་གཏམ་ནང་དུ་ཁྱི་རེ་འགའ་ཡོད་པ་ནི། ཆུང་དུས་ནས་ཁྱི་ལ་དགའ་བའི་ཡིན་ཟེར་ལ། ང་ནི་སྐྱེ་བ་སྔོན་མ་ཁྱི་ཞིག་ཡིན་ཡང་སྲིད་ཅེས་པདྨ་ཚེ་བརྟན་ལ་ཀུ་རེའང་བརྩེས་མྱོང་བས་མཚོན།

སྤྱིར་ཁྱི་ལ་རིགས་མང་བ་ནང་བཞིན་དགེ་རྒན་སྟག་འབུམ་རྒྱལ་གྱི་སྨྱུག་འོག་ནས་ཐོན་པའི་ཁྱི་ལ་ཡང་རིགས་མང་པོ་ཡོད་དེ། ངས་ནི་སྟག་འབུམ་རྒྱལ་གྱི་སྨྱུག་འོག་ཁྱི་རྣམས་རིགས་གསུམ་ལ་དབྱེ་བཞིན་ཡོད་དེ། དེ་གསུམ་པོ་ནི་སྒོ་ཁྱི་དང་ཁྱི་རྒན།ཧཱ་པ་གསུམ་རེད་འདོད། སྒོ་ཁྱི་ནི་མིའི་རིགས་ཀྱི་གྲོགས་པོའི་རིགས་སུ་འདུ་ཞིང་། འབྲོག་ཁུལ་དུ་སྒོ་ཁྱིའི་རིགས་ནི་མི་ལས་ཀྱང་མི་གཤིས་ལྡན་ཞིང་མི་ལས་གོ་ཆོད་ཅིག་ཡིན། སྒོ་ཁྱི་འདི་རིགས་ནི་དགོང་མོར་ཕྱུགས་ལྷས་སྲུང་མཁན་དང་ཉིན་དཀར་སྒོ་ཁྱིམ་སྲུང་མཁན་ཁོ་ན་ཙམ་མ་ཡིན་པས། འབྲོག་པ་རྣམས་ཀྱིས་རང་གི་སྒོ་ཁྱི་ནི་ཁྱིམ་ཚང་གི་ཆ་ཤས་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད། ཁྱི་རྒན་དང་ཧཱ་པ་ལྟ་བུར་མཚོན་ན། ཁྱི་དེ་གཉིས་སྒོ་ཁྱི་དང་འདྲ་བར་ཁྱི་ཡིན་པ་འདྲ་འདྲ་ཡིན་མོད། དེ་གཉིས་ཀྱིས་རང་འདོད་ཁེ་གྲགས་ཀྱི་ཆེད་དུ་ཁྱོད་ལ་ཁ་ཡག་ངོ་དགའ་བྱས་ནས་ཁྱི་ཚུགས་བཏོད་ཡོང་བ་དང་། གལ་ལ་ཐུག་དུས་ངོ་ཚ་ཁྲེལ་དང་བྲལ་ཞིང་དྲིན་ལན་ལོག་འཇལ་བྱེད་པའི་ཁྱི་གཤིས་ཤིག་ཡོད། ཏག་ཏག་ཁྱི་ཡི་རིགས་འདི་དག་སྟག་འབུམ་རྒྱལ་གྱི་བརྩམས་ཆོས་ཀྱི་གསེང་དུ་བསམ་བཞིན་དང་བསམ་གཞིན་མ་ཡིན་པར་འཐིམ་ཡོད་པས། སྔོན་ཆད་བྲིས་པའི《སྒོ་ཁྱི》དང《ཁྱི་རྒན》ལྟ་བུའི་བརྩམས་ཆོས་ཡིན་ཡང་ཆོག་ལ། ཉེ་ལམ་བྲིས་པའི《རྨི་ལམ་ནང་གི་ཁྱི་མོ》དང《ཁྱི་ལྡོམ》ལྟ་བུའི་བརྩམས་ཆོས་གང་ཡིན་རུང་། སྟག་འབུམ་རྒྱལ་གྱི་ཁྱི་ཡི་སྐོར་གྱི་བརྩམས་ཆོས་དག་ནི་མི་གཤིས་ཅན་གྱི་ཁྱི་འདི་དག་དང་ཁྱི་གཤིས་ཅན་གྱི་མི་འདི་དག་གི་གདོང་འབག་དམར་བཤུ་ཐེངས་གཅིག་བྱས་པ་རེད་བསམས་ཡོང་།དེ་ནི་ང་མི་སྒེར་གྱི་བསམ་ཚུལ་ཙམ་སྟེ། ཀློག་པ་པོ་ཁྱེད་ཀྱི་ལྟ་བ་དང་དྲན་ཚུལ་ནི་དཔེ་ཀློག་དངོས་ཀྱི་ཁྲོད་ནས་མངོན་དགོས་པས། ངས་ནི་ཐེངས་འདིའི་དཔེ་ཀློག་དུས་ཆེན་གྱི་གོ་སྐབས་དང་བསྟུན་ནས། སྙིང་ཉེ་བའི་ཀློག་པ་པོ་རྣམས་སྟག་འབུམ་རྒྱལ་གྱི་ཁྱི་སྒྲུང་གི་ཞིང་ཁམས་སུ་འཁྲིད་འདོད་པ་ཙམ་མོ། །

རྒྱུས་ལོན་བྱུང་བ་ལྟར། སྟག་འབུམ་རྒྱལ་གྱི་ཁྱི་ཡི་སྐོར་གྱི་སྒྲུང་གཏམ་དག་ནི། དེང་རབས་བོད་ཀྱི་རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་རྒྱ་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན་འཆར་འདུག་ལ། བོད་མིང་དུ་བདེ་སྦྱིན་དབང་མོ་བྱ་བས་ཧྥ་ཡིག་ཏུ་བསྒྱུར་ཚར་འདུག་སྐད། དེ་ནི་དགེ་རྒན་སྟག་འབུམ་རྒྱལ་གྱི་ཁྱིའི་སྐོར་གྱི་སྒྲུང་གཏམ་དག་ནི་བོད་ཁུལ་ནས་རྒྱལ་ནང་དང་། རྒྱལ་ནང་ནས་འཛམ་གླིང་དུ་སྤོས་པའི་གོམ་པ་དང་པོ་དེ་ཡིན་ཙ་ན། ང་ཚོར་རེ་སྒུག་ཅིས་མི་ཆེ་ཨང་། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།