ཀྲུང་གོ་བོད་ཀྱི་དྲ་བ།

ཞོགས་པའི་ལམ་འགྲོ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མགར་ཐང་དཀར།   སྤེལ་དུས། : 2018-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

                    དང་པོ།

ཉི་རྩེ་ཡིས་རི་ཀླུང་གི་མུན་པ་ཐོལ་གྱིས་གསོས་པ་དང་མཉམ་དུ་ཁྱོད་ཀྱང་ཨ་མའི་མངལ་ནས་རྒྱལ་ཁམས་ཀྱི་ལྗོངས་རྣམས་ལ་ཕེབས་འོངས། ཁྱོད་ཀྱི་དང་པོར་མཐོང་བའི་ཁམས་ཆེན་པོ་དེ་ཕལ་ཆེར་འུ་ཚང་གི་ཁང་བའི་དྲ་ཡོལ་ནས་འཕྲོས་པའི་ཉི་འོད་འོག་གི་རི་བོ་ཆུང་ཆུང་དེ་ཡིན་སྲིད་ལ། ད་དུང་རི་འདབས་ན་བེའུ་འཚོ་བའི་བྱིས་པ་པྲ་ཆལ་དེ་ཚོ་ཡིན་ཀྱང་སྲིད། དུས་དེ་ནི་ཕལ་ཆེར་ཁྱོད་འཇིག་རྟེན་དཀར་ངོགས་ལ་ཐོན་པའི་ཉིན་དང་པོ་ཡིན་འདུག

                    གཉིས་པ།

ལོ་ཟླ་ཡི་འགྲོས་དང་བསྡོངས་ནས་ཁྱོད་ཀྱང་ནར་སོན་ཏེ་ལྗོངས་རྣམ་གཞན་པ་ཞིག་ལ་ཆས་བར་བརྩམས། དུས་རབས་ཀྱི་འཕེལ་ཕྱོགས་ཞིག་གིས། ན་ཆུང་གི་དུས་ནས་ཤེས་རིག་གི་ས་བོན་ཆེས་རྒྱུས་ཆེ་བའི་རང་ཉིད་ཀྱི་དྲན་པར་འདེབས་པ་ནི་ལྡོག་དུ་མེད་པའི་གོ་སྐབས་བཟང་བོ་ཞིག་ཏུ་གྱུར་ཡོད། དེ་བས་སློབ་མ་ཅེས་པའི་མིང་ཚིག་སྣུམ་པོ་དེའང་རིམ་བཞིན་ཁྱོད་དང་འབྱར་ཅིང་། ཁྱོད་ཀྱང་མིང་ཚིག་དེར་ཞེ་སེམས་གཏིང་ནས་ཆགས་ཏེ་ཨ་ཕའི་སྒོར་ཁུག་དང་ཨ་མའི་རྩམ་ཁུག་ནས་ཡིད་ཚིམས་པའི་བྲོ་ཁ་ཁྱེར་དེ་སློབ་ཆུང་ཅེས་པར་མི་ཚེ་ཡི་གོམ་པ་དང་པོ་སྤོས། ཁྱོད་ཀྱིས་དང་པོར་ཤེས་རིག་གི་ལྡིང་ག་ནས་དབྱངས་གསལ་སོ་བཞི་བྱིས་ཆུང་ཇོ་ཀའི་གྲེ་འགྱུར་དང་འགྲོགས་ནས་དབྱངས་སུ་གྱེར། ད་དུང་སྣ་མི་གཅིག་པའི་བསླབ་བྱ་གཞན་དག་ཀྱང་རང་ནུས་ཅི་ལྕོགས་ཀྱིས་སྤྱངས། སྐབས་དེ་རུ་དགེ་རྒན་གྱི་བརྩེ་བའི་དྲོད་ཁོལ་ཐོག་མ་འཛུམ་མདངས་དང་རྩེད་རའི་ཁྲོད་ནས་མྱངས། དབྱངས་གསལ་དང་དགུ་མཐའི་གོ་རིམ་བར་ནས་མྱངས། དེ་དུས་དགེ་རྒན་གྱི་བརྩེ་སེམས་ལས་མཆེད་པའི་བཀའ་དྲིན་མཐོང་མྱོང་མེད་ལ། ཕ་མ་ཡི་རྔུལ་ཆུ་ལས་ཕྱུངས་བའི་གཅེས་སེམས་ལྷག་དུ་རིག་ཐུབ་མེད། མི་ཚེ་རླུང་གིས་ཁུར་བ་ནང་བཞིན་སློབ་ཆུང་གི་འཚོ་བ་ནས་སློབ་འབྲིང་གི་འཚོ་བར་སྔ་ལྟོས་བྱེད་དབང་ཙམ་ཡང་མ་དྲན་པར་སྐད་ཅིག་ཡུན་ཙམ་ལ་ཤེས་རིག་གི་ལྡིང་ཁང་གཞན་ཞིག་ལ་སྟ་གོན་དང་བཅས་སྟེ་གོམ་པ་ལྷོད་ཀྱིས་སྤོས། སྐབས་དེ་དུས་དགེ་རྒན་གྱིས་ཁྱོད་དང་ང་ཡི་རྣ་ལམ་ལ་བརྩི་བཀུར་དང་ཕུགས་བསམ་ཞེས་པའི་ཐ་སྙད་གསར་བ་ཞིག་བཞག། འུ་ཚོས་ཀྱང་འོལ་ཚོད་ཀྱིས་རང་ཉིད་ལ་ཕུགས་བསམ་མང་པོ་ཞིག་བཞག་ནས་མ་འོངས་པར་སྨོན་ལམ་བརྒྱབ་མྱོང་། དམའ་འབྲིང་གི་མི་ལོ་གསུམ་ཁད་ཀྱི་འདས་ནས་མཐོ་འབྲིང་གི་ཐེམ་སྟེགས་བཙན་པོ་དེར་ལག་ཟུང་འཇུ་དུས། སྔོན་ཆད་རང་ཉིད་ལ་བཞག་པའི་ཕུགས་བསམ་ཇེ་ཉུང་དུ་སོང་འདུག

                    གསུམ་པ།

མཐོ་འབྲིང་ལ་འཛོམས་པའི་ཉིན་དང་པོར་འུ་ཚོ་རང་རང་གི་སེམས་ལ་ང་ནར་སོན་འདུག། ངའི་རང་མགོ་ཐོན་སོང་སྙམ་པའི་བག་ཆགས་ཟབ་མོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བྱུང་། མཐོ་འབྲིང་གི་དགེ་རྒན་རྣམས་ཀྱིས་ཀྱང་ད་ནི་ཁྱོད་ཚོ་ནར་སོན་སོང་། སྔོན་ཆད་ཀྱི་སློབ་ཆུང་དང་སློབ་འབྲིང་གི་སྐབས་དང་མི་འདྲ་བར་ཁྱོད་ཚོ་དེ་རིང་ནས་བཟུང་སློབ་གསོ་དང་བརྩི་བཀུར་ཟུངས་ལྡན་གྱི་སློབ་བུ་ཡ་རབས་ཤིག་བྱེད་དགོས་ལ། མ་འོངས་པར་སློབ་ཆེན་གྱི་ཐེམ་སྐས་ལས་གྲོལ་རྗེས་སྤྱི་ཚོགས་ཀྱི་སྤྱི་མི་རྣམ་དག་ཟོལ་མེད་ཞིག་བྱེད་དགོས་ཚུལ་སོགས་ཁ་ལྕེ་ཝུ་བ་དང་ཀླད་པ་ད་ར་བྱས་ནས་ཡང་དང་ཡང་དུ་ལབ། ཙག་ཙིག་དང་དགའ་སྐྱོ་ཡི་མི་ཚེའི་ངུ་དགོད་ཀྱི་སློབ་ཁྲིད་རེ་རེའི་བརྒྱུད་རིམ་བར་ནས་མི་ལོ་བཅུ་གཉིས་ལ་དེ་ལྟར་དངངས་འཚུབ་ཀྱི་ངང་ནས་དབུ་ཁྱུད་བྲིས། མི་ལོ་བཅུ་གཉིས་དེ་རང་བཞིན་གྱི་ལོ་ཚིག་ཤིག་མིན་ཏེ། མི་ལོ་དེ་དག་ལ་དྲིན་ཆེན་ཕ་མར་འཛུམ་མདངས་བསྩོལ་མྱོང་ལ་འཁང་ར་ཡང་འཇོག་མྱོང་། དགེ་རྒན་དམ་པར་ཡིད་ཆེས་ཕྱིན་མྱོང་ལ་ལས་བདའ་ཡང་བསྐྱུར་མྱོང་། དེ་ལྟར་སློབ་ཕྲུག་འཚོ་བ་བདེན་བདེན་ཅོག་ཅོག་གིས་ཟིན་ཐོར་བཀོད། ད་ནི་ང་ཚོ་སློབ་ཆེན་ལ་དབུ་བཙུགས་ཟིན། སློབ་ཆེན་གྱི་སློབ་རའི་མཁའ་དབུགས་རང་དབང་གི་བཅིངས་ཡོད་ནའང་། ང་ཚོའི་རང་དབང་དེའི་ཁྲོད་ན་རང་ཉིད་འབོར་ཀྱིན་པ་སུ་ཡིས་གསལ་འདེབ་བྱེད། ང་ཚོའི་རང་དབང་དེའི་ཁྲོད་ནས་སློབ་གྲོགས་ཕན་ཚུན་གྱི་བརྩེ་བ་བཙོང་བཞིན་པ་སུ་ཡིས་བཤད། སློབ་གྲོགས་ཚོ། སྤྱི་ཚོགས་ཀྱི་ཟང་ཟིང་འུ་ཚོ་དང་ཐག་ཉེ་རུ་ཕྱིན་སོང་།སྤྱི་ཚོགས་ཀྱི་གདོང་འབག་སྲ་མོ་དེ་འུ་ཚོ་དང་འབྱར་ལ་ཉེ། མདུན་ལ་ལྟོས་དང་སློབ་གྲོགས་ཚོ། འཆར་ཡན་གྱི་སྒོ་མོ་རིང་དུ་ཕྱེས་དང་སློབ་གྲོགས་ཚོ།

                    བཞི་བ།

སློབ་གྲོགས་ཚོ། ད་ནི་སྙིང་ལ་ཉེ་བའི་དྲིན་ཆེན་དེ་ཚོ་སེམས་པའི་བང་རིམ་ལ་ཆོངས་དང་། ང་ཚོས་རྒྱལ་ཕམ་གྱི་ཟམ་ཆེན་ལ་རྐང་བ་མཉམ་དུ་སྤོ། ད་ནི་མིག་ཟུང་ཅེར་བའི་གཉེན་ཉེ་ཚོ་སྣང་བའི་གཤོག་སྟེང་དུ་ཞོག་དང་། འགྲན་རྒྱུག་གི་གོམ་པ་ལྷན་དུ་རྐྱོང་། སློབ་གྲོགས་ཚོ། ང་ཚོ་ནམ་ཡང་རང་ཉིད་ངོ་མ་མི་འབོར་བའི་རང་ཉིད་དེ་བྱེད་ལགས། ང་ཚོ་ནམ་ཡང་ཕུགས་བསམ་དང་དགའ་ཕྱོགས་ལ་ཞེན་པའི་རང་ཉིད་ངོ་མ་དེ་བྱེད་ལགས།། །།

2018ལོའི་ཟླ12པའི་ཚེས༥ཉིན་མཚོ་ནུབ་སློབ་གླིང་ནས།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།