ཨ་མ།

ད་ལོའི་དབྱར་གནང་སྐབས་སུ་ཕ་ཡུལ་ནས་ཕྱིར་ལོག་དུས། ཨ་ཕས་ང་ལ་རྒྱུན་དུ་ཁོམ་སྐབས་རེ་བྱུང་དུས་ཡུལ་ལ་ཁ་པར་རེ་གཏོང་གིན་སྡོད། ཁྱོད་རང་འགྲོ་ཐེངས་རེར་ཨ་མའི་གདོང་གི་མིག་ཆུ་ཇེ་མང་ནས་ཇེ་མང་རེད་ཟེར། དེ་དུས་ངས་ད་གཟོད་རང་ཉིད་ཀྱིས་སློབ་སྐབས་གཅིག་གི་རིང་ལ་ཕ་ཡུལ་ལ་ཁ་པར་གཏོང་ཐེངས་དེ་མཛུབ་མོ་བཀུག་ནས་བགྲང་རིན་ཞིག་ཀྱང་མེད་པ་དྲན་པས་ངོ་ཚ་བ་དང་ཡིད་སྨྲེང་དགོས་པ་ཞིག་བྱུང་།

འཇིག་རྟེན་གྱི་བྱམས་དང་བརྩེ་བའི་བདག་ཉིད་ནི་ཨ་མ་ཡིན་ལ། ཨ་མ་ཡོད་པས་ད་གཟོད་ང་ཚོའི་ཁྱིམ་གཞིས་ལ་འོད་སྣང་ལྡན་ཞིང་འཚོ་བ་ལ་དྲོད་སྐྱིད་འཛོམས།

ངའི་ཨ་མ་ནི་འབྲོག་མོ་ཕལ་པ་ཞིག་ཡིན། ཁོ་མོའང་རྩྭ་ཐང་གི་བྱིས་པ་ཕལ་མོ་ཆེ་དང་འདྲ་བར་སྦྲ་ནག་གི་འདབས་འོག་ནས་དྲིན་ཕ་མའི་བྱམས་སྐྱོང་དང་ནང་ཕུ་ནུའི་ལག་རྡང་གི་བར་ནས་ནར་སོན་ཞིང་མིང་སྲིང་བདུན་ཡོད་པའི་བཞི་པ་ཡིན། ཆུང་དུས་སུ་བེའུ་རྫི་དང་ལུག་རྫི། ལྕི་བ་འཕུད་པ། ཨོང་བ་འཐུ་བ། ཆུ་ལེན་པ། བཞོན་མ་བཞོ་བ་སོགས་འབྲོག་པའི་བྱིས་པ་ཞིག་ནར་སོན་པའི་གོ་རིམ་ཁྲོད་བརྒྱུད་སྲིད་པའི་རི་ཡུལ་གཉིས་ཀའི་ལས་ཀ་ཙག་ཙིག་གང་མང་ཞིག་ལས་མྱོང་ལ། གཞུང་རྒྱུད་དྲང་ཞིང་གང་བརྩམས་ཀྱི་ལས་ལ་འཇོན་པོ་ཞིག་ཀྱང་ཡིན་ཚོད་འདུག དེ་ལྟར་ཁོ་མོའི་མེ་ཏོག་ལྟར་བཞད་མྱོང་བའི་བྱིས་དུས་ཀྱི་འཚོ་བ་དེ་སྦྲ་མཐའ་དང་རྨིག་རྗེས་ནས་ཟད་ཅིང་། ནམ་རྒྱུན་ཁོ་མོའི་རང་ཉིད་ཀྱི་བྱིས་དུས་ལ་ཕྱིར་དྲན་བྱེད་དུས་ཆེས་འགྱོད་པ་ཆེ་ཤོས་ནི་སློབ་གྲྭར་མ་སོང་བ་དེ་རེད་ཟེར། སྤྱིར་ཁྱིམ་ན་ཨ་ཅེ་དང་ཕུ་བོ་ཡོད་པའི་དྲིན་གྱིས་སློབ་གྲྭར་འགྲོ་བའི་གོ་སྐབས་བྱུང་མོད། གཅིག་ནས་ཕ་མས་ནན་ཏན་གྱིས་སྐུལ་ལྕག་མ་བྱས་པ་དང་གཉིས་ནས་རང་ཉིད་ལའང་དཔེ་ཆ་འདོན་པའི་འདུན་པ་ཆེར་མེད་པས། ཁོ་མོའི་སློབ་རའི་འཚོ་བ་དེ་ཟླ་ཁ་ཤས་ལས་རྒྱུན་བསྐྱངས་ཡོད་པ་མ་རེད། དེ་བས་རང་ཉིད་ཀྱི་སྐྱོ་གར་དེ་ཡང་བསྐྱར་མི་འཁྲབ་པ་དང་རང་ཉིད་ཀྱི་མི་ཚེའི་ཆད་ལྷག་ལ་ཁ་སྐོང་ཞིག་གི་ཚབ་ཏུ། ང་རང་སློབ་གྲྭར་སྐྱེལ་བའི་ཕྱོགས་ལ་ཉིན་གཅིག་ལའང་ཐེ་ཚོམ་ཟ་མ་མྱོང་ལ།བུ་ཡིས་ཡི་གེ་ཤེས་པ་ནི་ཁོ་མོར་མཚོན་ན་མི་ཚེ་འདིའི་གཟི་བརྗིད་ཆེ་བའི་བྱ་བ་ཞིག་ཡིན།

ངའི་ཨ་མ་ནི་མཛེས་མ་ཞིག་ཡིན། འཚར་ལོངས་ཀྱི་ལོ་ཟླའི་ཁྲོད་རིམ་གྱིས་ལང་ཚོའི་མཛེས་སྡུག་གི་རི་མོ་ལྷང་ངེར་མངོན་ཞིང་། ལུས་ཀྱི་སྟངས་སྟབས་དང་ལང་ཚོའི་འཇོ་སྒེག ཁྲེལ་བག་གི་འཛུམ་ཀོང་བཅས་ཀྱིས་བརྒྱན་པའི་གཞོན་ནུ་མ་ཞིག་གི་སྣང་བརྙན་སྟག་ཤར་གང་མང་ཞིག་གི་མིག་ལ་འཐོག་མྱོང་། དེ་དུས་ཤིག་ལ་ཆུ་འགྲམ་ཞིག་གམ་རྫ་སྐེད་ཅིག ཡང་ན་སྤང་ཁུད་ཅིག་ནས་རང་དང་ན་ཚོད་མཉམ་པའི་སྐྱེས་པ་ཞིག་ངོ་ཤེས་ཤིང་། དུས་དེ་ནས་བཟུང་མཚན་མོའི་རྨི་ལམ་དང་ཉིན་མོའི་ཟས་ཐུན་བར་ཡང་ཡང་ཡིད་ལ་འཁོར་ཞིང་། གཏན་གྱི་འདུན་མ་བཅོལ་བའི་དམ་ཚིག་ཀྱང་རང་སེམས་ལ་བརྟན་པོར་བཅས། ལོ་ངོ་ཉི་ཤུར་བུད་མ་ཐག་པའི་ཁོ་མོས་རང་དབང་རང་འཐད་ཀྱི་གནས་ཡུལ་ཅིག་རྙེད་པ་ནི་སྐབས་དེའི་གཞོན་ནུ་མ་ཞིག་ལ་མཚོན་ན་གཞན་གྱིས་ཡིད་སྨོན་འཆོར་དགོས་ས་ཞིག་ཡིན་ལ། སྐྱིད་ལ་སྡུག་པའི་འཚོ་བའི་ལམ་ཁ་རུ་གོམ་པ་ལེགས་པོ་ཞིག་སྤོ་བའི་སྟ་གོན་དང་བསུ་མའང་ཅི་ལ་མིན། རང་ཁྱིམ་གྱི་གཅེས་ཕྲུག་ནས་གཞན་ཁྱིམ་གྱི་མནའ་མར་གྱུར་པ་ནས་བཟུང་། ཁོ་མོ་ནི་ལངས་ཀྱི་སྔོན་མ་དང་ཉལ་བའི་འཕྱི་མ་ཡིན་ལ། ལག་ལས་ཀའི་བར་ནས་བྲེལ་བྲེལ་དང་ཁ་ཟ་འཐུང་བར་ནས་གཟབ་གཟབ་བྱེད་དགོས་པར་གྱུར་མོད། ཁོ་མོས་རང་གི་ལས་དབང་ལ་འཁང་ར་དང་ལེ་བདའ་མེད་པར་ཡོད་ཚད་དང་དུ་བླངས་པས་ཁྱིམ་གཞིས་ཤིག་གི་དྲོད་ཁོལ་དང་འོད་སྣང་གི་རྟེན་མར་གྱུར།

ངའི་ཨ་མ་ནི་རླབས་ཆེན་གྱི་མ་ཡུམ་ཞིག་ཡིན། སྔ་རྗེས་སུ་བུ་བུ་མོ་གཉིས་ཀྱི་ཨ་མར་གྱུར་ལ། ཁོ་མོས་ཐེངས་དང་པོར་རང་གི་བྱིས་པའི་ངུ་སྐད་ཐོས་པའི་སྐབས་ཀྱི་དགའ་ཚོར་དེ་ནི་འཇིག་རྟེན་གྱི་ཨ་མར་གྱུར་མྱོང་བ་ཞིག་ལས་སུས་ཀྱང་བརྗོད་ཐབས་བྲལ་བ་ཞིག་ཡིན་སྲིད་ལ། རང་གི་བུ་ཕྲུག་གི་ཁ་ནས་ཐོག་དང་པོར་ཨ་མ་ཞེས་བོས་པ་ཐོས་པའི་སྐབས་དེའི་ཁོ་མོ་ནི་འཇིག་རྟེན་འདིའི་ཆེས་བདེ་སྐྱིད་ལྡན་པའི་མི་དེ་ཡིན་པ་བསྙོན་མི་དགོས། དེ་འདྲའི་ཚོར་བ་དེ་ཁོ་མོའི་མིག་ཆུ་དང་འགྲོགས་པའི་ཕྱིར་དྲན་ཁྲོད་ཡང་ཡང་གླེང་མྱོང་བ་བརྗེད་ཐབས་མི་འདུག ཡ་ཐོད་ཀྱི་མིག་དང་ཡ་ཁོག་གི་སྙིང་ལྟ་བུའི་གཅེས་ཕྲུག་གཉིས་ནི་ཁོ་མོའི་འཚོ་བའི་ཁ་དོག་ཡིན་ལ་སེམས་ཁུར་གྱི་སྣོན་མའང་ཡིན། བར་སྐབས་དེར་ཉིན་གྱི་ཟས་ཚ་མོ་དང་མཚན་གྱི་གཉིད་བདེ་མོའི་བྲོ་བ་དེ་ཁོ་མོ་དང་རིང་དུ་གྱེས་མོད། ཁོ་མོས་དེ་དག་ལོངས་སྤྱོད་ཅིག་ལས་མནར་གཅོད་ཅིག་ཏུ་ནམ་ཡང་བསམ་མི་སྲིད།

ངའི་ཨ་མ་ནི་ཆུང་མ་ཡ་རབས་ཤིག་ཡིན། ངའི་ཕ་མ་གཉིས་གཉེན་སྒྲིག་བྱས་ནས་མི་ལོ་ཉི་ཤུ་ལྷག་འདས་པའི་རིང་ལ། བཟའ་ཚང་གི་འཚོ་བའི་ཁྲོད་དུ་ལན་རེར་ཁ་འཛིང་དང་གདོང་མདོག་དཀར་ནག་ཏུ་བརྗེ་རེས་བྱེད་པ་ནི་བཟློག་ཏུ་མེད་པ་ཞིག་ཡིན་མོད། གནད་འགག་གི་སྐབས་སུ་ཁོ་མོས་སྨྲ་བ་བསྡམས་ནས་བཟོད་སྒོམ་བྱེད་སྲིད་ལ། ཁོ་མོས་ནམ་རྒྱུན་ངས་ནི་བུ་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ཕོད་པ་ཇི་བཞིན་ཁྱོ་གའི་ཆེད་དུའང་ཡོད་ཚད་བློས་གཏོང་ཕོད་ཟེར།འདི་ནི་བླ་མེད་ཀྱི་བྲང་ཁོག་ཅིག་ཡིན་ལ། འདི་འདྲའི་བྲང་ཁོག་དང་སེམས་རྒྱས་བསྐྱངས་པའི་ཁྱིམ་གཞིས་སུ་ང་ཡིས་འཇིག་རྟེན་གྱི་བདེ་བ་དང་དྲོད་ཁོལ་མ་ལུས་ཉམས་སུ་མྱངས།

འབྲི་མཚམས་འདིར་སླེབས་དུས། རང་ཉིད་ཀྱིས་ཡུན་རིང་ཞིག་ལ་ཕ་ཡུལ་དུ་ཁ་པར་མ་བཏང་བ་དྲན་ཞིང་། ཨ་ཕས་བཤད་པའི་སྐད་ཆ་དེ་རྣ་ལམ་དུ་ཅོང་བརྡ་བཞིན་གྲགས་འོང་བར་བསྟུན། དབང་མེད་དུ་ལག་རྒྱབ་ལ་སེན་བཏོག་དང་འགྲམ་པ་རུ་ཤ་གཅུས་འགའ་བརྒྱབ་ན་འདོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།