ལོ་ཟླའི་གཙང་པོ་བཞུར་ནས་དུས་འདིར་སླེབས། །
ལོ་རྒྱུས་འཕེལ་འགྲིབ་བརྒྱུད་ནས་དེང་འདིར་ཐོན། །
དུས་རབས་ཉེར་གཅིག་དྲ་རྒྱའི་གཡུལ་ངོ་སྟེ། །
ལྷ་སྲིན་སྡེ་བརྒྱད་འཛོམས་སའི་འདུ་ར་རེད། །
ལྷ་དང་ཀླུ་དང་ལྷ་མ་ཡིན་གྱི་སྐད། །
གནོད་སྦྱིན་སྲིན་པོའི་སྐད་དང་དྲི་ཟའི་སྐད། །
འབྱུང་པོ་ཤ་ཟ་མི་དང་གྲུལ་བུམ་སྐད། །
སྐད་རིགས་སྣ་མང་མང་ཞིག་ཉན་དགོས་ཡོད། །
དྲ་ཚིགས་རེ་ན་གླུ་ཡི་མཆོད་པ་ཡོད། །
འཕྲིན་སྟེགས་རེ་ན་གཏམ་གྱི་རྫོངས་པ་ཡོད། །
སྐུད་སྣེ་རེ་ན་ཚིག་གི་དྲན་རྟེན་ཡོད། །
ཕྱི་ཡི་སྒྲ་ཙམ་ཉན་པ་ཚུལ་འཆོས་ཡིན། །
སྐད་ཀྱི་འདེགས་འཇོག་ཡར་འགུག་མར་ལེན་ཡོད། །
ཚིག་གི་བརྗོད་པ་མཐོ་རྒྱག་དམའ་བཤད་ཡོད། །
དོན་གྱི་སྙིང་པོ་གཡས་དཀྱུ་གཡོན་དཀྱོག་ཡོད། །
རྣ་ཉན་ངར་ལེ་མ་གཅིག་མེད་ཐབས་མེད། །
དགུང་གི་སྐར་ཚོམ་སྤྱན་གྱིས་མི་གཟིགས་ཏེ། །
གནམ་རིག་རྒྱང་མཐོང་སྤྱད་ཚེ་ས་ལེར་རིག །
ལུས་ཀྱི་ཕྲ་སྲིན་མིག་གིས་མི་མཐོང་མོད། །
ཕྲ་མཐོང་ཆེ་ཤེལ་བཀོལ་ན་སོག་སོག་གདུ། །
རྒྱ་མཚོ་ཕར་ཁའི་ཀི་རྒྱངས་ཐོས་པ་མིན། །
ཁ་པར་ལམ་ནས་ཤུབ་བུར་སྨྲས་ཀྱང་གོ། །
རི་བོའི་རྒྱབ་ཀྱི་ངུ་འབོད་ཇི་ལྟར་གསན། །
དྲ་བའི་སྐུད་སྒོ་ཕྱེས་དང་ལྷང་ལྷང་སྒྲོག །
དེའི་ཕྱིར་ཚན་རྩལ་སྟོབས་ལ་མ་བརྟེན་ན། །
ལྷན་སྐྱེས་དབང་པོ་རྣམ་ལྔ་གསལ་ན་ཡང་། །
ཁྲ་ཆུང་ཆུ་བུར་མིག་གིས་ག་ཙམ་མཐོང་། །
མགོ་ཟུར་རྣ་འབྱོག་སྐྱི་མོས་ཅི་ཞིག་ཐོས། །
དབྱངས་ལ་དྲུག་སྐྱེས་བར་མ་དྲང་སྲོང་དང་། །
ས་འཛིན་ལྔ་པ་བློ་གསལ་འཁོར་ཉན་སོགས། །
གནའ་བོའི་བོད་ཀྱི་དབྱེ་བ་དགར་སྟངས་འདིས། །
རྗེས་རབས་གཞོན་པར་བློ་བསྐྱེད་མི་སྟེར་ཨང་། །
ང་རོ་བཀུག་བསྒྲེང་བསྟོད་སྨད་དྲང་བ་སྟེ། །
ཡར་ལ་འཕྱོ་ཞིང་མར་ལ་འཇགས་པ་དང་། །
སྣ་ནས་འབྱིན་ཞིང་ཁོང་དུ་རྔུབ་པའི་གདངས། །
དལ་བུར་ལེན་པ་འདི་རྣམས་ཀུན་གྱིས་ཤེས། །
གཞན་ཡང་སྐྱེས་བུའི་སྒྲ་དང་དངོས་པོའི་སྒྲ། །
དབང་པོས་ཟིན་པའི་སྒྲ་དང་མ་ཟིན་སྒྲ། །
སྙན་དང་མི་སྙན་རིགས་དང་ཚོགས་སྤྱིའི་སྒྲ། །
དབྱངས་ཀྱི་རྟ་ལ་རྣམ་གྲངས་མཐའ་ལས་འདས། །
དབུས་གཙང་མངའ་རིས་སྒྲ་སྙན་བང་སེ་གྲག །
ཨ་མདོའི་རྒྱུད་དྲུག་པི་ཝང་སིང་སེ་གྲག །
ཁམས་པའི་དིང་གླིང་ཁེར་འབུད་ལྷང་སེ་གྲག །
མགོ་ལ་རྣ་ཉན་གོན་དང་ཤིན་ཏུ་གྲག །
རྒྱ་གར་སིལ་སྙན་སྡེར་མ་གཡུགས་ནས་གྲག །
རྒྱ་ནག་རྒྱུད་མངས་སྐུད་པ་འདར་ནས་གྲག །
ཧྥེ་གླིང་རོལ་རྔའི་རྡིག་སྒྲ་གཏིང་ནས་གྲག །
མགོ་ལ་རྣ་ཉན་གོན་དང་ལྷག་པར་གྲག །
སྒྲ་གདངས་ནང་ན་སྒྲ་ཡི་ཁྱད་ཆོས་ཡོད། །
དབྱངས་རྟའི་ཁྲོད་ན་དབྱངས་ཀྱི་ཧེ་བག་ཡོད། །
མགྲིན་པའི་ངག་ན་འགྱུར་ཁུགས་ཁ་ཁ་ཡོད། །
མགོ་ལ་རྣ་ཉན་གོན་དང་ཧ་ཅང་གསལ། །
སྒྲ་འགའ་སྤྲིན་དཀར་བཞིན་དུ་འཕྱོ་ཞིང་འགྲོ། །
སྒྲ་འགའ་རྦ་རླབས་ལྟར་དུ་འཁྱོམ་ཞིང་འགྲོ། །
སྒྲ་འགའ་བྲག་ཅ་ནང་བཞིན་འཁྱིལ་ཞིང་འགྲོ། །
སྒྲ་དང་རོལ་མོའི་བར་ཁྱད་ཉོན་དང་རྟོགས། །
སྒྱུ་རྩལ་མཁན་པོས་བསམ་བཞིན་བྱས་པ་དང་། །
ཆེད་ལས་མཁས་པས་ཆེད་དུ་བཟོས་པ་ཡི། །
སྒྲ་དང་རོལ་མོའི་གསེང་གི་ཞིབ་ཆ་དག །
རྣ་ཉན་བཟང་པོ་ཞིག་གིས་ད་གཟོད་ཚོར། །
ཁ་དབུགས་དབྱུང་རྔུབ་བྱས་པའི་སིད་སྒྲ་དང་། །
ལྷམ་མཐིལ་ཐང་ལ་དྲུད་པའི་སག་སྒྲ་དང་། །
གྱོན་གོས་གཙུབ་བརྡར་བྱས་པའི་ཤོག་སྒྲ་སོགས། །
རྣ་གཤོག་བསླངས་པ་ཙམ་གྱིས་ཐོས་རབས་མེད། །
གཏིང་གི་སྒྱུ་རྩལ་ཉམས་སུ་མི་ལེན་པར། །
དབྱངས་རྟའི་འར་འུར་ཙམ་ལ་གཡེང་བ་སྟེ། །
ད་ལྟའི་ཅོལ་ཆུང་ཞོགས་ལི་ཕལ་མོ་ཆེ།།
མགོ་འཁོར་ལོག་པའི་ལམ་ལ་འདི་ལྟར་གོལ། །
སྲོལ་གྱི་འགུགས་སྟངས་མཛེས་པའི་ལེན་ལུགས་དང་། །
དབུགས་ཀྱི་སྡུད་ཚད་ངག་གི་གྲིམ་ལྷོད་ནས། །
ཚིག་གི་གཅོད་མཚམས་སྨྲ་ལྕེའི་ལྡེམ་མྱུར་སོགས། །
འདྲ་འདྲ་བསམ་རུང་མི་འདྲ་མང་དུ་མཆིས། །
བགྲང་བྱའི་ཉག་མ་རེ་རེ་གཟད་གཟད་དེ། །
ཁྲག་དང་རྔུལ་ཆུས་བསྐྲུན་པའི་སྒྲ་ཡི་རྩལ། །
ཕལ་བས་ཁྲལ་ལས་བྱས་དང་མ་ཁྱད་ན། །
ཆེད་སྦྱོང་མི་སྣ་ཨ་ཐང་ལོས་ཀྱང་འཆད། །
གདིང་ན་སིར་སིར་གྲག་པ་རྒྱབ་ལྗོངས་ཡིན། །
མཚམས་ན་རྡིག་རྡིག་བྱེད་པ་རམ་འདེགས་ཡིན། །
ཞོར་ན་ཙིག་ཙིག་འབྲད་པ་ངལ་གསོ་ཡིན། །
ཐམས་ཅད་ཆེད་དོན་རོལ་མོའི་བཟོ་སྐྲུན་ཡིན། །
རྣ་ཉན་ཡོངས་རྫོགས་རྣ་ཉན་མ་ཡིན་ཏེ། །
རོལ་མོ་འབུར་གཟུགས་དོད་པ་རྣ་ཉན་ཡིན། །
ཉན་པ་ཐམས་ཅད་ཐོས་པ་ག་ལ་ཡིན། །
ཡུལ་དངོས་མངོན་སུམ་ཚོར་བ་ཐོས་པ་ཡིན། །
ཆར་སྒྲ་རླུང་སྒྲ་དུས་མ་ཡིན་པའི་སྒྲ། །
མི་སྒྲ་ཁྱི་སྒྲ་འུར་ཟིང་སྙོམས་ལས་སྒྲ། །
ཙིར་སྒྲ་འཛེར་སྒྲ་སྒྲིག་ཆས་ཞན་པའི་སྒྲ། །
དེ་ཀུན་མ་གཟབ་ལེ་ལོ་ལྷག་མའི་སྒྲ། །
ལག་སྣེའི་ཁ་པར་ནང་གི་མུག་སྒྲ་དང་། །
སྲང་མདོའི་སྒྲ་སྒམ་ནང་གི་ལྡིར་སྒྲ་རྣམས། །
དྭངས་ཤིང་གསལ་ལ་འཇམ་ཞིང་མཉེན་པའི་སྐད། །
རྣ་ཉན་མཆོག་རབ་ཅིག་དང་སྡུར་ཐབས་ཅི། །
འུ་ཚོས་སྒྲ་ཡི་སྒྲིག་སྦྱོར་མི་སློབ་ཀྱང་། །
སྒྲ་ལ་ཉན་པ་འཚོ་བའི་མྱོང་རོལ་ཏེ། །
འོ་སྐོལ་གློག་བརྙན་འཁྲབ་མཁན་མིན་ན་ཡང་། །
བརྙན་ལ་བལྟ་བ་གསོན་པོའི་དགོས་མཁོ་རེད། །
རྣ་ཉན་བཟང་པོ་རྣ་བའི་བུ་རམ་འདྲ། །
ངོ་མཚར་དབྱངས་ཀྱི་རོ་ཡིས་མྱོས་འགྱུར་ཞིང་། །
རྣ་ཉན་བཟང་པོ་རྣ་ཡི་བདུད་རྩི་ཉིད། །
སྔོན་ཆད་མ་ཐོས་པ་དག་ཐོས་ནས་བཟི། །
ཉོན་དང་སྤྲོ་བ་ལྷོག་ལྷོག་འཁོལ་གྱིན་འདུག །
ཉོན་དང་གདུང་བ་ཤམ་ཤམ་བཞུར་གྱིན་མཆིས། །
ཉོན་དང་སྒྱུ་མའི་རྒྱ་མཚོ་སྐྱོམ་གྱིན་གདའ། །
ཉོན་ཅིག་ཉོན་ཅིག་རྣ་ཉན་གོན་ཏེ་ཉོན། །
འདི་ལྟར་རྣ་ཉན་བཟང་པོ་འོས་སྦྱོར་བའི། །
རང་མྱོང་གཞན་ལ་བརྗོད་པ་དྲང་བོའི་ངག །
བོད་མི་རྒན་དར་གཞོན་པའི་སྙན་ལམ་དུ། །
རྣ་ཡིས་རྒྱལ་ཁམས་མྱུལ་བའི་རྒྱུ་རུ་བསྔོ། །