ཀྲུང་གོ་བོད་ཀྱི་དྲ་བ།

ཉི་ཚེའི་སྙན་ངག་ཚན་པ་འགའ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཉི་ཚེ།   སྤེལ་དུས། : 2018-04-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180403150711.jpg

ཉི་ཚེ། དངོས་མིང་ལ་ཉི་མ་ཚེ་རིང་ཟེར། ༡༩༩༨ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་ལི་ཁོག་མ་སྡེ་བ་རུ་འབོད་པའི་འབྲོག་ཁྱིམ་དཀྱིལ་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་ཕུ་བོ་དང་མཉམ་དུ་རྩྭ་ཐང་གི་བྲང་གཞུང་ནས་ནོར་ནག་གི་རྨིག་རྗེས་ནས་དབྱངས་གསལ་སོ་བཞིའི་རང་མདངས་ཚོར་མྱོང་ལ། རིམ་བཞིན་སློབ་གྲྭ་འགྲིམ་པའི་སྐལ་བ་ལྡན། ད་ལྟ་རྩོམ་རིག་སྒྱུ་རྩལ་གྱི་ལམ་ཁ་ནས་གླུ་དབྱངས་ལེན་པར་བརྩོན་བཞིན་ཡོད་ལ། སྔ་གཞུག་དུ་སྙན་རྩོམ་མང་དག་ཞིག་«མཚོ་སྔོན་ཁྲིམས་ལུགས་ཚགས་པར་»དང«ཁམས་པའི་ཚགས་པར་»«རྨ་ཀླུང་རིག་གནས་དྲ་བ»སོགས་ཚགས་པར་དང་འཕྲིན་སྟེགས་དུ་མར་བཀོད་ཡོད།  



༡. མཚན་མོའི་སྣང་བ།

ཟླ་བ་ཚང་ནས་ཚུར་ཚུར་འཚེར། །

སྤྲིན་པའི་སྣེ་མཐའ་དྲིལ་བཞིན་འོང་།།

འགྲམ་པ་ནམ་མཁའི་མཐའ་ལ་གླན།།

སྐར་མ་འཐུས་ཏེ་མགུལ་རྒྱན་བསླས།།


མུན་པ་འགམ་ནས་ལ་བརྒལ་རྗེས།།

ས་གཞིའི་གདོང་ཁེབས་ཡང་མོར་ཕུད།།

འཛུམ་མདངས་ཤ་ཚ་ངང་གིས་ཚོར།།

ཆགས་པས་ལུས་དྲོད་བོར་བ་ཤེས།།


ཨ་གསར་སྐོག་རྫུ་རྒྱུད་དང་བྲལ།།

མིག་ནང་བདེན་པའི་འོད་ལོ་འབར།།

སྙིང་གཏམ་སྙེ་ལོ་ཤུབ་ཤུབ་སྨྲ།།

ལྷིང་འཇགས་འཇིག་རྟེན་ཞིབ་མོར་འབྲི།།


ལས་ཀྱི་བར་ཐག་དྲན་པས་མདུད།།

སྐོམ་པའི་སྐད་ཆ་ཚོར་བས་སྤྲས།།

བཅོ་ལྔ་ཚེས་བར་དུས་གདབ་ཡིན།།

མཚན་ཐུན་གཅིག་གི་རྨི་ལམ་འོང་།།


ལོ་ཞག་མང་པོའི་བཞུད་ཤུལ་ན།།

ད་དུང་གསོན་པའི་བརྩེ་བ་ཡིས།།

ཁྲབ་རྨོག་སྤྲས་པར་གཡུལ་ར་ན།།

ལྷ་ཡིས་མགོན་བྱས་འདྲ་ལེ་གཅེས།།


༢. སྣང་བར་ཨུ་ཚུགས་ཀྱིས་སྦྱར་བའི་འབྲོག་མོ།

 ཨ་མ་མཛངས་མའི་མངལ་ལམ་དཀྲུགས་ཉིན་ནས།།

སྲིད་པའི་འཇིག་རྟེན་མིག་གིས་མཐོང་ཙ་ན།།

ངུ་ངག་དབྱངས་རྟས་སྲིད་གསུམ་བསྒུལ་རབས་ཡོད།།

ལ་ལའི་ཡིད་ལ་ཆགས་སྲེད་བསླངས་བར་བཤད།།


ཨམ་མཚེ་གོམ་མཚེས་རྩེད་རྡོ་བསྒྲིག་ཤེས་དུས།།

གདོང་གི་པད་མོ་ལྷུག་པར་གྲོལ་ལུགས་ཡག།

འབྲོག་ཐང་འདི་ཡི་ལྷ་མོར་འབོད་སྲོལ་ཡོད།།

རྩྭ་ཐང་གན་གི་མེ་ཏོག་ཡིན་ཞེས་ལབ།།


བཅུ་དྲུག་ལང་ཚོ་སྨིན་པའི་ན་མཉམ་གྲས།།

སྐྱེས་གཟུགས་མཛེས་ལ་གཅེས་བའི་རྣམ་རིག་བཀྲ།

གཡུ་ཡི་རྣ་ཏོག་སྙན་ལ་འདོག་པ་དང་།།

འཚོ་བའི་བལ་ཁ་འཇམ་པོས་ཡིད་དབང་འགུག།


གཡང་མོ་ལུག་གི་རྗེས་ནས་ནར་སོན་ཞིང་།།

དབྱར་གྱི་འཇའ་དང་སྤྲིན་གྱི་མེ་ཏོག་ཁྲོད།།

ལྷམ་ཆུང་ཕུད་དེ་རྐང་རྗེན་རྩྭ་འཇམ་སྟེང་།།

ལྷོད་ཀྱིས་འགྲོ་ལ་ཚོར་བ་བག་གིས་མྱོང་།།


ཆུ་མོའི་གཞུང་ནས་མེ་ཏོག་འཐུ་བར་གོམ།།

ལན་བུ་བསླས་ཏེ་མེ་ཏོག་རྒྱན་ལ་འཛེར།།

ཆུ་ནང་གཟུགས་བརྙན་ལྟ་བར་དགའ་ཚོར་ཆེ།།

མིག་མདངས་ཡོལ་ཙམ་སྐྱེ་བོ་འདོད་པས་བཟི།།


རང་ཡུལ་ལུང་པའི་མཆེད་ཀྱིས་སྨོན་པ་འཆོར།།

མཆུ་ཏོ་པད་འདབ་གཡོ་བར་བརྩེ་བ་ལྡང་།།

ཁ་དྲི་ཞིམ་པོའི་ཟིལ་གྱིས་མྱོས་པར་འགྱུར།།

ཡིད་ཀྱི་རྟ་ཕོ་མཐུར་གྱིས་མི་ཐུབ་ཤོར་འགྲོ་ཟེར།།


༣. རྡོ་ཡི་བུ་མོ།

སྐྲ་ནག་རྒྱ་ལྕང་ལོ་མའི་འཕྱང་འཕྲུལ་ཉུལ།།

སྨིན་རྫིབ་བར་ན་ཆགས་འདོད་བརྩེ་བ་ལྡང་།།

མིག་ཟུང་སྐར་རྗེན་མཐའ་ན་འཇའ་རིས་འཁྱུད།།

བཞིན་འཛུམ་དཀར་གསལ་ཟླ་འོད་ཡིད་ངོར་འཕགས།།


མཆུ་དོ་པད་འདབ་གཡོ་བའི་ངད་ཁ་འཐུལ།།

དགོད་ཙམ་ཚེམས་ཕྲེང་བར་གྱི་འཛུམ་དེ་མངར།།

སྨྲ་བ་ཚིག་གི་འདེགས་འགྲོའི་སྒྱུ་རྩལ་ཡངས།།

སྨྲ་བསམ་བརྗོད་པ་འདས་པའི་སྣང་ཚོར་བཞེངས།།


གཡོལ་ཚེ་བྲོ་བའི་དྲི་ལས་བཟི་བའི་ཤིང་།།

ལྡང་བའི་རླུང་དང་རྒྱུ་བའི་རླུང་གིས་དེད།།

དོག་ཙམ་དོད་པའི་འདོད་པའི་མྱོས་བུམ་འགུལ།།

བཅུ་དྲུག་ལང་ཚོ་སྨིན་པའི་མེ་ཏོག་མ།།


སེམས་ཀྱི་མཁའ་ལ་གཤེགས་པའི་གོམ་ཁ་ལྷོད།།

ལོ་ཟླའི་ཕྱི་ནང་སྒུལ་བའི་གཏམ་རྒྱུད་བཞག།

སྣང་བའི་ཐང་ལ་ཟེགས་པའི་ཟུར་མིག་རྗེ།།

སྒྱུ་མའི་ལམ་ལ་ཐོགས་པའི་སྨིན་ལེགས་མ།།


༤. དཔྱིད་ཀྱི་རང་མདངས།

ནོར་འཛིན་བུ་མོས་གོས་ལྗང་ལུས་སུ་མནབས།།

གཙང་ཆབ་བསིལ་མས་སྙན་པའི་མགུར་དབྱངས་འཐེན།།

འདབ་ཆགས་བྱ་ཡིས་ལྗོན་པའི་ཡལ་ག་བསླས།།

རང་བྱུང་སྐྱེད་མོའི་ཚལ་ལ་ལྟད་མོ་ཡག།


ཕྱུགས་རྫིའི་གདོང་གི་རེ་བའི་ཁ་དོག་དང་།།

སྦྲ་ནག་ཐང་ལ་བཀྲམ་པའི་ཚུལ་འདི་མཛེས།།

ནོར་ལུག་སྤང་ལ་འཚེར་བའི་ཉམས་རེ་སྐྱིད།།

འབྲོག་ཁྱིམ་སྦྲ་ནག་ཅན་ཚང་ནོར་གྱིས་ཕྱུག།


འབྲི་མོའི་ངུར་དབྱངས་ལྷས་རའི་པང་ནས་འཁྲུངས།།

བེའུའི་སྣང་བ་ཚིག་གི་མེ་ཏོག་ཡིན།།

འབྲི་མོ་ལྡང་ལ་འདོག་གི་གཞོན་ནུ་མ།།

དཀར་གསུམ་མཆོད་ཁ་ལེན་གི་དུས་ལ་བྲེལ།།


བར་སྣང་འཇའ་འོད་འཐེན་པའི་བང་རིམ་ན།།

སྤྲིན་གྱི་མེ་ཏོག་འཐོར་བའི་བསྐལ་བ་ལ།།

རྩྭ་དང་རྩི་ཤིང་སྐྱེ་ཡག་འཁྲུགས་ཡག་ཡིན།།

དཔྱིད་ཀྱི་དུས་འདི་འདོད་འཇོའི་བ་མོ་བཞིན།།


༥. ཡིད་བརྙན་མེ་ལོང་སྔོན་པོ།

མིག་ཤེལ་འོག་ཏུ་འགུལ་བའི་རྣམ་ཤེས་ལ།།

རླུང་གིས་བདས་པའི་ལས་ཀྱི་ས་རྡུལ་འགོས།།

དྲོད་ཀྱི་རླངས་པས་ཡང་ཡང་སྲོས་བར་བྱས།།

ཕྱི་ཐུམ་དམར་པོའི་རས་ཡོལ་གཙང་མ་འཐེན།།


ཞེ་སྦྱོར་མེ་ལྕེ་དྲན་འཛིན་བར་ན་འབར།།

བསགས་པའི་ཚིག་གི་ཡལ་གའི་ལོ་མ་བཏུས།།

རུམ་ནང་བླུགས་པའི་གཡུ་ཡི་ཁ་དོག་མངར།།

ཡིད་བརྙན་མེ་ཏོག་རྫ་བུམ་ནང་དུ་འཐོར།།


མིག་གིས་མུན་པ་ཡོངས་སུ་ཟོས་རྗེས་སུ།།

དྲན་པའི་རི་མོ་འཇའ་ཡི་གདོང་ལ་འཕུར།།

ལས་ཀྱི་སྣེ་མོ་རླུང་བུས་དལ་གྱིས་ཁྱེར།།

ལོ་ཡི་འཁོར་མོ་སེམས་ཀྱི་སྤང་ནས་བཞུར།།


༦. བུ་མོ་ཨ་མའི་སེམས་ཡིན།

ཨ་མའི་དམངས་གླུ་ཡི་བར་གསེང་འཐིམ་པའི།། 

སྙིང་ཁའི་དྲོལ་ཁོལ་གྱི་ཁ་ལོ་བསྒྱུར་མཁན།།

སྙིང་རྗེའི་ལུ་གུ་བཞིན་མཆོང་ལྡིང་བྱེད་པའི།།

ངང་བཟང་བུ་མོ་དེ་ཨ་མའི་མ་ལོ།།


ཁ་བརྡའི་གྲུ་ཟུར་ལ་ལྷོད་དུ་བབས་པའི།།

མཚན་མོའི་རྨི་ལམ་ལ་འཇའ་འོད་འཐེན་མཁན།།

ཁ་ཆེའི་གུར་ཀུམ་བཞིན་འཛུམ་གྱིས་དགོད་པའི།།

གཤིས་འཇམ་མཁས་བཟང་མ་ཨ་མའི་ནོར་བུ།།


ཉིན་མོའི་ལས་ཀ་དང་ངང་རྒྱུད་ལེགས་པའི།།

གོ་ཁའི་དྲོད་ཁོལ་ནང་འཛུམ་ཆུང་འཁུར་བའི།།

ཕྱི་ནང་ཚ་འོད་ཀྱི་བདེ་སྐྱིད་རྩོལ་མཁན།།

མ་ལོའི་ཤ་ཁྲག་གི་རྣམ་ཤེས་གསོན་པོ།།


མཛེས་པའི་ལོ་ཟླ་ལ་བྲིས་པའི་མི་ཚེ།།

གཡང་དཀར་འཚེར་མོ་དང་མཉམ་ཏུ་དགོད་ལ།།

མགོ་ལ་མེ་ཏོག་གི་ཕྲ་ཚོམ་བཏགས་པའི།།

བྱམས་ལྡན་ཨ་མ་ཡི་མིག་འབྲས་ཆུང་ཆུང་།།


ཙན་དན་དམར་པོ་ཡི་བཞིན་མདངས་ཆགས་ལ།།

ལྷད་མེད་དྭངས་གཙང་གི་གཏན་ཚིགས་རུམ་པའི།།

ཁ་ཡག་སྐོར་ལོག་གི་གཡོ་ཟོར་དབེན་པའི།།

ཨ་མའི་དུས་གསུམ་གྱི་སྣང་བའི་འོད་ཐིག།


ལས་དབང་འབྲི་མོ་ཡི་ངུར་དབྱངས་ལྷན་དུ།།

ཤེས་མེད་ཅི་ཙམ་ཞིག་འདས་པ་མ་ཚོར།།

སེམས་པ་སེམས་པ་ལ་གླན་དེ་འགྲོ་མྱོང་།།

བུ་མོ་ཨ་མ་ཡི་སེམས་ཀྱི་ཕྱེད་ཀ།


སྦྲ་ནག་གྲུ་བཞི་ཡི་འཁྲིས་སུ་འཁྲུངས་ཞིང་།།

མཛེས་སྡུག་མེ་ཏོག་གི་སྒེག་ཉམས་འཆིང་བའི།།

དལ་འབྱོར་ལུས་རྟེན་ཀྱི་བསོད་ནམས་ཆེ་བ།།

ཨ་མ་མཛངས་མ་ཡི་སྙིང་གི་དཀྱིལ་མ།།


ཡར་ཀླུང་གཙང་བོ་ཡི་ངོས་ལ་ལྷུང་བའི།།

ཕྱི་ཐུམ་དམར་པོ་དེའི་སེམས་པ་དྲོན་མོ།།

ཕུ་ནུའི་ཚོགས་གྲལ་གྱི་བརྩེ་བ་རྣོན་པོ།།

དྲིན་བཟང་ཨ་མ་ཡི་སེམས་པའི་རྒྱབ་རི།།


རྩྭ་ཐང་ཡངས་པོ་ཡི་བྲང་གཞུང་སྦྲེས་པའི།།

ཉི་མའི་པང་ཁུག་གི་ཨ་ཅེ་འབྲོག་མོ།།

རེ་བའི་ཉི་ཟེར་གྱིས་གོས་ལྭ་ཀླུབ་པའི།།

གངས་དཀར་ཨ་མ་ཡི་སྙིང་གི་གཅེས་ལོ།།

 

༧. དྲན་པ་འཁྱགས་ཀྱིས་བཙིར་བ།

དགུན་འཁྱགས་འདིར

ངས་ཁ་བའི་ངོ་གདོང་འཐུ་ཞོར

ཁྱོད་ལ་ངང་སྒུག་བྱེད་དེ་བསྡད་པ་ཡིན


ངས་ཞོགས་པ་རེ་རེར

གངས་རི་དང་སྤྲིན་དཀར་གྱི་ཁྲོད་དུ

ཁ་བ་དང་བུ་ཡུག་གི་ཀློང་ནས

ཁྱེད་དང་ང་ཡི་རྨི་ལམ་རྡོག་རྡོག་དེ་འཚོལ་བཞིན

གཉིད་དུ་ཡུར་མ་མྱོང་བའི་གཏམ་རྒྱུད་ཅིག་ལ་དབུ་ཁྱུད་བྲིས


སྒོ་ཁྱིའི་ཟུག་སྐད་དང

སྤྱང་མོའི་ངུ་སྐད་རིང་དུ་འཐེན་པའི་མཚན་མོ་དེ

ཟླ་བ་དང་སྐར་མ་བོར་བའི་ནམ་མཁའ་ཐེད་པོ་ཞིག

མཚན་མོ་དེའི་སྐལ་དུ་བགོས་ཏེ་གྱོན་པར་བྱས

རླུང་བུ་ཆུང་ཆུང་ཞིག་གི་ལྡིང་ཕྱོགས་དང་དེད་ན

ཁྱོད་ཀྱི་རྒྱབ་གཟུགས་མཛེས་པོ་དེའི་གྲིབ་ཡོལ་འཐེན་འདུག

གྲིབ་ཡོལ་དེའི་ནང་ཁུག་ན་གླུ་གཞས་དལ་མོ་ཞིག་འཕུར་སྐྱོད་བྱེད

དེ་ནི་ཁྱེད་དང་ང་ཡི་ཁྱིམ་གཞིས་གསར་བ་དེའི་དྲན་ཤིང་ཡིན་ན་ཐང


༨. ཇོ་མོ་གླང་མ།

ཞོགས་པ་དེར

ཁྱེད་ཀྱིས་སུ་ཞིག་གི་དོན་དང

གང་ཞིག་གི་ཆེད་དུ


བྱ་གླག་གི་སྙིང་རྩ་བསྒུལ་བ་ཡིན་ལགས

དབྱིག་འཛིན་མས་བྱང་ལྭ་མ་ཕུད་གོང

ཁྱེད་ཀྱིས་རྟ་བདུན་དབང་བོའི་དབུ་ཞྭ་མནབས་ཏེ

སུ་ཚང་ལ་མག་པར་འགྲོ་རྩིས་ཡིན


སྲིད་པའི་ས་སྒང་འདིའི་རྒལ་གཞུང་ལ་བབས་ནས

རི་བོ་ཧི་མ་ལ་ཡི་ཕྲག་པར་ཁེན་ཏེ

ཡར་ཀླུང་གཙང་པོའི་བཞུར་རྒྱུན་ལ་ཉན་བཞིན

ཆུ་འཛིན་སྡུག་པོའི་སྐེད་འཆང་བཅངས་ཏེ

མགོན་པོ་སུ་ཞིག་གི་སྐུ་མགྲོན་ལ་འགྲོ་ཡི་ཡིན

མཛའ་བཤེས་ཅི་ཙམ་ཞིག་གི་ངག་བཅོལ་ཁྱེར་ཏེ་འགྲོ་བ་ཡིན


ད་དུང  དུས་རབས་གསར་བའི་མི་རབས་གསར་བ་ཁྱུ་གཅིག་ཁྲིད་ནས

ཞུམ་པ་མེད་པའི་སྙིང་སྟོབས་དང་ཉམས་པ་མེད་པའི་དཔའ་ངར་བསྐྱེད


འབྱུང་བཞིའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྡུ་གསོག་བརྒྱབ་སྟེ

ཞག་ལ་ཟླ་མཐུད

ཟླ་ལ་ལོ་མཐུད

མཐོན་པོ་གནམ་དང

དམའ་མོ་གཤོང

ཁ་བ་བུ་ཡུག་གི་ལམ་འགེག་བཅད་ནས

གོམ་ཆེན་རིང་པོ་ཞིག་མདུན་ཏུ་སྤོས་བཞིན་པ་ང་ཚོས་ལོས་ཤེས


ཡིན་ན་ཡང

ཁྱེད་ཀྱི་ཤ་གསེང་རུས་གསེང་དུ་འཐུམ་པའི་ལོ་རྒྱུས་མཐའ་དག

ད་དུང་དེ་ལྟར་ལགས


གྱེན་དུ་འཕྱོ་བའི་ཚན་རིག་གི་ཚ་རླབས་འཕྱུར་ཀྱང

ཕྱི་ནང་གཅོད་པའི་ཤེས་རབ་ཀྱི་རལ་གྲི་འཕྱར་ཡང

ཁྱེད་ཀྱི་ཤུན་ལྐོག་ཏུ་གྱུར་བའི་ནང་བློ་སྒམ་པོ་རྟོགས་པར་དཀའ


ཁྱེད་ཀྱི་འགྱུར་མེད་སྲ་བརྟན་གྱི་རང་གཤིས་རྒོད་པོ་དེ

དུས་རབས་བདུན་པའི་དུས་ཀྱི་སྐབས་ཤིག་ནས

སྲོང་བཙན་སྒམ་པོས་བསླབ་ནས་གོམས་པ་ཨེ་ཡིན་ལགས

ཡང་ན་རྒྱ་བཟའི་མིག་མདངས་མངར་མོས་བསླུས་དེ་བསྐྱངས་པ་ཨེ་ཡིན་ལགས

མདོར་ན   འདི་ནི་སྤྱིར་བཏང་གི་རང་གཤིས་དཀྱུས་མ་ཞིག་མ་ཡིན་ཏེ

མེས་པོ་གོང་མའི་རུས་རྐང་གི་དབྱངས་རྟ་རིང་མོ་ཞིག

ཡུལ་ཡར་ཀླུང་ཁོག་ནས་ཆད་མ་མྱོང་བའི་རུས་རྒྱུད་བཙན་པོ་ཞིག


༩. མིག་ལ་ཐོག་པའི་ཕ་ཡུལ།

ཆུ་མོའི་སྙན་པ

ནམ་མཁའི་སྤྲིན་པ

དབྱར་སྐྱེས་རྔ་སྒྲ


ལྷ་ཚོགས་དང་མི་ཚོགས་ཀྱི་གླུ་སྐད

ཤ་བ་དང་ཡུ་མོ་ཡི་སྣང་བ

ཁུ་བྱུག་དང་འཇོལ་མོ་ཡི་གནས་མལ


གཡང་དཀར་གྱི་འབའ་སྒྲའི་སེམས་བྱུང

རྟ་མཆོག་གི་རྨིག་འོག་གི་རླུང་བུ

འབྲི་མོའི་མཐུལ་འོག་གི་ནུ་འོ

འབྲོང་གཡག་གི་ར་བར་གྱི་ཉི་ཟླ

ངའི་འདས་མ་ད་གསུམ་གྱི་སྣང་ཚོར་གསོན་པོ


རི་བོའི་ཁ་དོག

ཤིང་ལོའི་འཕྱང་འཕྲུལ

ཞོགས་ཀའི་ཉི་ཟེར་དང་བསིལ་རླུང

དཀར་དམར་མེ་ཏོག་གི་དྲི་བསུང

བུ་མོའི་རེ་སྒུག་གི་ལང་ཚོ

རྫི་བོའི་ངོ་གདོང་གི་རེ་བ

བྱིས་པའི་རྨི་ལམ་གྱི་མལ་ས

མ་ཎིའི་མགུར་དབྱངས་ཀྱི་བར་སྣང

ཡོད་ཚད་ལ་དགྱེས་མཛུམ་གྱིས་ངད་ཁ་ལྡང་ཞིང

གུ་ཡངས་ཀྱི་བག་ལ་གཡེང་འདུག     

          

༡༠. འུ་ཚོ་ལངས་རན།

སྐྱ་རེངས་དང་པོར

མལ་ལས་ལོངས

ཉི་གཞོན་བསུ་བའི་སྟ་གོན་བྱོས

ཉིན་གཅིག་གནས་གཡོང་བྱེད་མི་ཉན

གནས་ལུགས་བརྒྱད་ཅུའི་མིག་ཤེལ་འདི

འོད་སྣང་མཐོང་བའི་དཔའ་བོ་ཡིན

འོས་པའི་འགན་ཁྲི་ཤེད་ཀྱིས་སྒྲུབས

ཉི་མ་ནུབ་ཚེ

མུན་ནག་ཡིན

འུག་པའི་གྲོགས་དང་ལོང་བར་འགྱུར

རིགས་གཅིག་ནང་མའི་ངོ་མི་ཤེས

སྐད་ཡིག་བདུད་རྩིའི་སྒྲ་མི་ཚོར

ཤར་ལ་འགྲོ་བར་ནུབ་ལ་འཁྲུལ

མུན་ནག་དབང་ཆེ་རང་དབང་མེད

རྩོམ་སྒྲིག་པ། : ཀླུ་མོ་མཚོ།