ཀྲུང་གོ་བོད་ཀྱི་དྲ་བ།

མཛའ་གཞས་ཀྱི་ལྷག་རོ།༼ཁག་དྲུག་པ༽

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ༼མཚོ་ལྷོ༽སྒྲོལ་མ་འཚོ།   སྤེལ་དུས། : 2017-10-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩིག་ལྡེབས་ཕྱི་མའི་ངོས་སུ།།

དགའ་འཁྱིལ་རི་མོ་བྲིས་ཀྱང་།།

ཁྲུང་ཁྲུང་ཚང་འཁོར་རི་མོ།།

མིག་གི་དགའ་སྟོན་ཡིན་སོང་།།


པདྨ་རྩ་འཁོར་ཁྱེད་བྱོས།།

པདྨ་བཅད་ལྡན་ང་བྱ།།

སྩག་པའི་ཁ་ཆོན་ཨེ་ཡོང་།།

ང་གཉིས་མཉམ་དུ་བལྟས་ཆོག།


རྫ་ཆུ་འབྲི་ཆུ་གཉི་ག།

ཆུ་ཆེན་བཞི་ཡི་ཡ་གྱལ།།

ང་རང་དྲིན་གྱིས་བསྐྱངས་པ།།

རྫ་རིའི་འོག་གི་ཆུ་རེད།།


གདུགས་དཀར་བསླངས་པ་ལྟ་བུའི།།

བ་ཞོའི་མདངས་མདོག་ཅན་དེ།།

རྒྱལ་བ་དམ་པའི་གསུངས་སུ།།

ཐར་བའི་གནས་ཡིན་གསུངས་འདུག།


ང་རང་དབུས་སུ་ཕྱིན་ཏེ།།

ཀ་བར་དཀྲིས་གསུམ་བརྒྱབ་པ།།

ཀ་བ་བསམས་པ་མིན་ཏེ།།

གདུང་མ་བསམས་པ་ཡིན་སོང་།།


དགུང་གི་ཁྲི་གདུགས་ཉི་མ།།

ཁྱད་མེད་གླིང་བཞིར་འཕྲོས་འདུག།

གོལ་ཁུང་ནང་གི་མེ་ལྕེ།།

ང་ཡི་ཕྱོགས་སུ་མཆེད་ཡོད།།


ཆར་དེ་ཆུ་མོའི་བགྲོད་རོགས།།

ཡིན་འགྲོ་བསམས་ན་དགའ་བ།།

ཆར་དེ་སེར་བའི་སྣ་འདྲེན།།

ཡིན་འགྲོ་བསམས་པ་ཨེ་གནང་།།


དཀར་ཡོལ་རྒྱལ་སྲིད་སྣ་བདུན།།

ལྷ་ཁང་ནང་དུ་བཞུགས་ཚེ།།

ང་རང་ཕྱེ་མར་ཆས་ཏེ།།

མཆོད་པའི་རྫས་སུ་ཕེབས་ཆོག།


དུངས་པའི་མིག་གི་མཐའ་ལ།།

བརྩེ་བའི་མཆི་མ་ཤམ་ཤམ།།

དྲན་པས་གདུངས་པ་མིན་ཚེ།།

མགོ་རུས་བངས་དགོས་མི་འདུག།


བྱམས་པས་བྱབས་བྱབས་བཏང་བ།།

འཇམ་པ་བལ་ལས་འཇམ་སོང་།།

གླིང་ཆེན་མཚོ་རུ་འཇུས་པའི།།

བདེ་བ་དེ་དང་འདྲ་བྱུང་།།


རི་ལ་རི་ཆེན་རི་ཆུང་།།

རི་ཆེན་གཡང་ཆགས་རི་ཡིན།།

རི་ཆུང་བཀྲ་ཤིས་ལྷ་སྒང་།།

རི་ཆེན་བསྐོར་ཏེ་ཆགས་ཡོད།།


ཆུ་ལ་ཆུ་ཆེན་ཆུ་ཆུང་།།

ཆུ་ཆེན་རྨ་ཆུ་འབྲི་ཆུ།།

རི་བོའི་ཤོད་དུ་བབས་ཀྱང་།།

ཆུ་མགོ་གངས་ཀྱིས་བཟུང་ཡོད།།


མཚོ་དེ་ཡར་འབྲོག་གཡུ་མཚོ།།

ཉ་དེ་གསེར་མིག་ཉ་མོ།།

མཚོ་མོ་དྭངས་ཤིང་བསིལ་བ།།

ཉ་མོར་འཁྱུག་རྩལ་རྫོགས་པ།།


ཁྱེད་ནི་ངང་བའི་རྒྱལ་བོ།།

མཚོ་མཐའ་འདི་རུ་འཁོར་ཤོག།

མེ་ལོང་འདྲ་བའི་བསིལ་ཆུས།།

ཁྲུས་ཤིག་ཁྱེད་ལ་གསོལ་ཆོག།།


མ་ཐོབ་ཆུང་འདྲིས་བྱམས་པ།།

ཡ་གའི་དབང་བོའི་གཞུ་རིས།།

བསྙབས་འདོད་བློ་རུ་སྐྱེས་ཀྱང་།།

ལག་ལ་ཟིན་རྒྱུ་མ་བྱུང་།།


ཉི་རྩེ་དབུས་སུ་ཕོག་པས།།

དབུས་ཁུལ་གསེར་གྱི་གླིང་ཕྲན།།

གླིང་འདི་བསྐལ་བརྒྱར་བརྟན་ཚེ།།

གསེར་དབྱུགས་ང་ཡིས་བརྒྱབ་ཆོག།


དབྱར་གསུམ་ཆར་ཆུ་མོད་དེ།།

ལུས་ཀྱིི་གོས་ལྭ་བངས་ཀྱང་།།

གནམ་ལ་ལེ་ཁག་མ་དཀྲི།

ཀླུ་རྒྱལ་ཐུགས་སེམས་བཞེང་འགྲོ།


སྤྲིན་པ་ཁ་དཀར་གཏིང་གནག།

ལྷོ་ནས་བྱང་དུ་ལྡང་སྟེ།།

གླིང་བཞི་བསྒྲིབས་གྲབས་མཛད་པས།།

ཉི་མའི་དགྲ་རུ་ལངས་སོང་།།


གནས་མཆོག་མཚེ་མ་གྲོང་དེ།།

བསོད་ནམས་ཅན་གྱི་ཡུལ་རེད།།

རྒྱལ་དབང་བདུན་པའི་རྗེས་སུ།།

རྡོ་རིང་མཆོག་སྤྲུལ་འཁྲུངས་པ།།


འདུ་ཁང་ཕོ་བྲང་དཀར་དམར།།

ལི་ཐང་ཡུལ་དུ་མཛེས་པ།།

དགེ་བཤེས་དོན་གྲུབ་རྒྱ་མཚོའི།།

མཛད་རྣམ་ཡིད་ལ་འཁོར་བྱུང་།།


ལི་ཐང་ཡུལ་གྱི་ཇོ་བོ།།

ཇོ་བོ་མི་འགྲོ་གསུང་བྱོན།།

ལན་གཅིག་མཇལ་རྒྱུ་བྱུང་བས།།

ལུས་ཀྱི་སྡིག་གྲིབ་དག་སོང་།།


བྱང་གི་རྨ་ཆེན་འབུམ་ར།།

ཆོས་བསོད་ཅན་གྱི་ཡུལ་ཡིན།།

དེ་ལ་དཀྲིས་གསུམ་རྒྱོབ་དང་།།

ལུས་ཀྱི་སྡིག་གྲིབ་དག་ཡོང་།།


གནས་ཆེན་དགེ་བསྙེན་གནས་རི།།

དཀར་བོ་དུང་ལས་དཀར་བ།།

གནས་མཇལ་ཕྱིན་པའི་མི་དེའི།།

སེམས་དང་བསམ་པ་དཀར་བ།།


ལི་ཐང་བྱམས་ཆེན་ཆོས་འཁོར།།

ཕྱོགས་ལས་རྣམ་རྒྱལ་ཡིན་སོང་།།

རྒྱལ་དབང་སྐུ་ཕྲེང་གསུམ་པའི།།

བློ་དང་བཀོད་པ་མཚར་བ།།


ལི་ཆུའི་སྟོད་དུ་འཁྲུངས་པའི།།

ལི་ཐང་ཐང་ཆེན་མཛེས་པ།།

ལི་ཡི་མེ་ལོང་རང་བྱོན།།

བྱོན་པ་དེ་དང་འདྲ་བྱུང་།།


སྐེད་ཆབ་གསེར་ཆབ་དངུལ་ཆབ།།

ཆབ་རྒྱུན་ཆབ་མགོར་འཁྱུད་ཡོད།།

ཆབ་རྒྱུན་དམ་ལྷོད་རན་པ།།

ཆབ་མགོ་བསམས་པ་ལོས་ཡིན།།


འཛབ་ལ་གསེར་འཛབ་དངུལ་འཛབ།།

བྱུ་རུའི་རྒྱན་དུ་འཁྲུངས་ཡོད།།

བྱམས་པས་གནང་བའི་དངུལ་འཛབ།།

གསེར་ལས་འདང་རྩིས་ཆེ་བ།།


དངུལ་གྱི་གློ་ཟུངས་སྟེང་དུ།།

བྱུ་རུས་ཕྲ་རྒྱན་བཏབ་ཀྱང་།།

ནོོར་འཛིན་པ་ཏྲ་མེད་ན།།

རྒྱན་དུ་བརྩི་སྙིང་མི་འདུག།།


བྱ་འབྲུག་ཁ་སྤྲོད་རི་མོ།།

བྱང་གདན་སྟེང་དུ་འཁོད་འཁོད།།

སེམས་པའི་ཉིན་སྲིབ་གཉིས་སུ།།

བྱམས་པའི་འཛུམ་རིས་འཁོར་ཡོད།།


རྟ་སྒ་སྦལ་སྒ་ཐོད་ལེབ།།

འཇའ་འགྲིགས་མཐའ་རྒྱན་སྤྲོས་ཀྱང་།།

རྟ་ཕོས་བྱང་ལམ་གཅོད་དུས།།

རྟ་སྒ་གཡུགས་གྲབས་མཛད་བྱུང་།།


རྫ་རིའི་རྫ་ཆུ་བསིལ་མ།།

ཆུ་ཟོམ་ཁ་རུ་ལྡེམ་ལྡེམ།།

ན་ཆུང་བུ་མོའི་མིག་ཟུང་།།

ལན་བུའི་འོག་ན་ཀེམ་ཀེམ།།


དཀར་སངས་འབྲུག་གཉིས་ཤིག་ལ།།

དངུལ་གྱི་རྐུབ་ཤན་བརྒྱབ་ཡོད།།

ཆུང་འདྲིས་ལོག་ཡོང་དུས་ལ།།

གསོལ་སྐྱེམས་དྲངས་ན་བསམས་ཡོད།།


ཞྭ་མོ་ཚེ་རིང་སྐྱིན་ཁེབ།།

ལྷ་སའི་ཁྲོམ་ན་མི་འདུག།།

མི་འདོད་གསང་གླིང་ཞྭ་མོ།།

ལྷ་སའི་ཁྲོམ་ན་ཤིག་ཤིག།


གསེར་རྐོང་མར་མེ་ཚེ་འབར།།

མར་མེའི་མདངས་སུ་འཐིམ་ཡོད།།

མར་ལོས་ཁ་གསོས་བཏང་བས།།

ངན་སོང་གནས་ལས་དྲངས་བྱུང་།།


ཨ་མས་བསུས་པའི་འོ་ཇར།།

ཇ་ལ་ཁ་ཞག་འཁོར་ཡོད།།

ཇ་མཆོད་ལྷ་ལ་འཕངས་པས།།

ཁ་ལས་རླུང་རྟ་དར་ཡོད།།


འདབ་དྲུག་ཁ་བའི་འདབ་ལོ།།

དགུན་གསུམ་ཙག་གིས་བཅུམས་ཀྱང་།།

ཙག་ལས་ཐར་བའི་སེམས་གཉིས།།

མ་ཤི་ལྷོག་ལྷོག་ལྡིང་ཡོད།།


ད་རེས་དེ་ཙམ་ཞུས་པ།།

རྣ་བའི་བུ་གར་བསྐྱིལ་ཡོད།།

ལོ་ན་རྒ་བའི་དུས་ལ།།

ཕངས་སེམས་བསྐྱེད་དགོས་མི་འདུག།


དགུན་ལ་ལྷགས་རླུང་ལྡང་བས།།

ས་ལ་སེར་ཁ་གས་པ།།

ད་ལོར་བྱམས་པས་གཡུགས་པས།།

མིག་ཟུང་མཆི་མས་བརྣངས་པ།།


བྱམས་པ་རི་ལ་ཕྱིན་པས།།

གོམ་པའི་འདེགས་འཇོག་འཁྱར་འཁྱོར།།

བརྩེ་དུངས་ཅན་གྱི་མི་ལ།།

འདི་འདྲ་གནང་དགོས་མི་འདུག།


ལ་གསུམ་གོམ་པས་འཇལ་ཏེ།།

མཇལ་འཛོམས་འཁྱུག་ཙམ་རེག་དུས།།

དྲན་དང་མ་དྲན་མ་འདྲི།།

མིག་གི་མཐའ་རུ་གཟིགས་རོགས།།


སྙན་འཇེབས་ཚིག་གི་མཆོད་པ།།

བྱམས་པས་ང་ལ་གཏོར་བས།།

ད་ནི་ང་ཡང་མི་སྡོད།།

དྲི་ཆབ་གཙང་མར་ཆས་འདོད།།


བྲག་རི་མཐོ་བ་མིན་ན།།

བྲག་ཅ་འཁོར་ཡུལ་མི་འདུག།

ཡིད་སེམས་སྨྲེང་བ་མིན་ན།།

སྤྱན་ཆབ་བསིལ་དགོས་མི་འདུག།


དུངས་པ་ཆུ་ལ་བསྐྱུར་པས།།

ཉ་སྲམ་ཆུ་ཁར་མངོན་པ།།

ང་ཡི་ཆུང་འདྲིས་བྱམས་པ།།

ཉ་ཞིག་ཡིན་ན་བསམས་བྱུང་།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།