ཀྲུང་གོ་བོད་ཀྱི་དྲ་བ།

དུར་རྐང་གི་སྙན་ངག་ཚན་པ་གསུམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : དུར་རྐང་།༼དཀར་མཛེས།༽   སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རླུང་།

འཚོ་བའི་ལག་ནང་དུ་བཞག་བའི་ཁ་དོག

ཁྱོའི་ལུས་སྟེང་ནས་སྤྲིན་པར་གྱུར

ང་ཡི་སྐྱོ་བས་བསེད་པའི་མཚོ་ནང་གི་འཁྱག་པ

ཆགས་གས་སུ་སོང་བའི་ཤེལ་དམ་དུ་བླུགས

མུ་གེས་དྲོས་པའི་སྐད་ཅིག་མའི་ཁྲོད་དུ

འགྱུར་བ་རྒོད་པའི་རང་སེམས་བཞག


སྙིང་བོའི་ཟིན་ཏུ་མེད་པའི་དུས་ཚོད་ཁྲོད་དུ

མི་ལོ་མང་པོའི་རྗེས་ཀྱི་ཉི་འོད་འཚོས

རེ་སྒུག་བོར་བའི་ལས་འཕྲོའི་ནང་ནས

སྡུག་བསྔལ་མཚོན་པའི་རྡོ་བ་སྐམ

རླུང་གི་ངོ་བོ་རང་ལ་བསྲེས་ཐབས་མི་འདུག

མི་རྟག་པ།

ཕལ་བའི་མིག་ནང་དུ་སྐྲ་བཞད

ཡི་གེའི་མི་མཚོན་པ་དག་མ་རིག་པའི་ཁམས་ལ་བཞག

མི་ཚེའི་རེ་སྒུག་ཁྲོད་དུ་གངས་རི་ཞི

ཕྱིར་དྲན་ཀློང་དུ་གོམ་པ་བརྒྱབ་ནས་གཙང་བོ་ངུས

ཕྱི་དྲོ་མང་པོ་མི་རྟག་པའི་མཚོན་བྱེད་བྱས

ཁེར་རྐྱང་ནི་གཞན་ཡུལ་ན་མི་འདུག


མིང་མེད་པའི་རྨ་ཁ་རེ་རེ་རླུང་ལ་བསྐུར

རང་ཉིད་མཚོན་བྱེད་ཀྱི་གྲིབ་མའི་ངོས་སུ་ཁ་བ་བབས

དུས་ཚོད་ཡོལ་འདུག་པའི་གླུ

མིག་མདུན་གྱི་རྒྱབ་གཟུགས་སྟོང་བར་ལྷུང

གདུང་བ་ནི་མངོན་སུམ་ན་མི་འདུག


རླུང་ནང་གི་རི་མོ་འཁྱག་པ

སྤྲིན་འཁྲུགས་པས་ཆར་བས་གསུབ

གྲང་ངར་གྱི་ལག་པ་མང་པོ

ནངས་སེམས་ཀྱི་དཔྱིད་ཀར་ཆགས

རྡོ་ཐོག་ཏུ་ལྷུང་བའི་རྒྱང་རིང

སྐད་ཅིག་མའི་སྒྲ་བཞིན

འཆི་བ་ནི་ཐག་རིང་ན་མི་འདུག

དགུན།

ཉི་ནུབ་ཀྱི་གླིང་ཕྲན་ལས

དྲན་གདུང་གི་གྲིབ་མ་གས་བྱུང

ཚེ་མཇུག་གི་འཆི་བའི་ཡོལ་རས

བརྩེ་བའི་མིག་ཟུང་ལས་དཀལ་ཡོལ་ཁའི་ཟླ་བར་གྱུར


གྱང་ངོས་གྱི་རྒྱ་མཚོར་བལྟས་ན

དགུན་ཟླའི་མྱ་ངན་མཚོན་བྱེད་ཀྱི་ཐ་སྙད་ཅིག་མེད་པ་འདྲ


ལྷིང་འཇགས་མཚོན་བྱེད་ཀྱི་སྡོང་བོའི་ལོ་མ

གཡོར་གྲུ་ལན་བརྒྱུར་དཀྲུགས་པའི་གྲུ་ཁེམ་ལ་ཐོགས

མི་ཞིག་གི་འཕྲིན་པར་བྲིས་པའི་ཡི་གེ

རང་གི་གཟུགས་རས་ཀྱི་མཚན་མོར་གྱུར


ཐག་རིང་མཚོན་པའི་ཁྲག་རྒྱུན་ལས

ཁ་བའི་ནང་བཞན་པའི་མེ་ཏོག་རེ་རེ་རླུང་གིས་གསུབ


རྡོ་བཅལ་དུ་ལྷུང་བའི་ངལ་དུབ་རིགས་ཤིག

དགུང་གཞུང་འདིའི་ཁ་གཏད་དུ་ལུས

ཁྱོད་རང་དྲན་ཙམ་བྱས་མར་མིག་ཟུང་མུན་ནག་ལ་འབྱར


དགུན་ནི་གངས་འཁྱག་སྟེང་གི་རྡོ་བ་དེ་རེད

རྡོ་བའི་གསང་ནས་ཁེར་རྐྱང་མངོན་པའི་ས་མཐའ་དེ་རེད

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།