དཔའ་ཚེ་རིང་།(ཡུས་ཧྲུའུ)
ཡུས་ཧྲུའུ། མི་མེད་ལུང་སྟོང་ཡིན་པར་སྣང་བའི་ཐ་སྙད་འདི་ནི
རྒྱལ་རབས་གང་ཞིག་འཇིག་པའི་རྗེས་ཀྱི་ཡུལ་གྲུ་སྟོང་བ་དེའི་སྤྱི་མིང་ཞིག་ཨེ་ཡིན་བསམས
དེ་ནི་ག་ལ་ཡིན་ཏེ ཡིན་མི་སྲིད
ཡུས་ཧྲུའུ་ལགས ཁྱེད་ནི་རྐང་འགྲོས་ཀྱི་མཇལ་བ་དེས་དད་སེམས་ཀྱིས་འཐེན་པའི་གནའ་བོའི་དབུས་ལམ་དེ་ཡིན་འདུག
1
རྒྱུས་མངའ་ཆེ་བའི་གཏམ་རྒྱུད་ཅིག་གི་བག་ཆགས་ལས
ཆུང་དུས་ཀྱི་བདག་གི་བློ་ངོར
ཁྱེད་ནི་འགྲོ་མགོན་འཕགས་པས་བྱིན་རླབས་ཀྱིས་བཀྱགས་པའི་ཆོས་ལྡན་གྱི་གདུལ་ཞིང་སྟེ
ཁྱེད་ནི་ཀོང་ཇོའི་ཕྱི་མིག་གི་ཁྲོད་ན་ལུས་པའི་གསེར་མདོག་གི་གནས་ལམ་དེ་དང
ཡང་ན་རྒྱ་ནག་རྡོ་འབུམ་གྱི་གསང་བ་ན་འགྲེང་ཞིང་རྣམ་ཐར་མེ་ལོང་ན་གསལ་བའི་ཁམས་སྟོད་མི་ཡི་ཆོལ་ཁ་སྟེ
མདོར་དེད་ན ཁྱེད་ནི་མངོན་སུམ་དང་ལྐོག་གྱུར་གཉིས་ཀྱི་སྲིབ་ན་ཡིབས་པའི་ལྷ་སྒྲུང་གི་འཇིག་རྟེན་ཞིག
2
ཡུས་ཧྲུའུ། ངས་ཟང་ཟིང་གི་སྤྱི་ཚོགས་ཀྱི་གྲུ་ཁ་འདི་ནས
དུས་ནམ་ཡང་ཁྱེད་ཀྱི་དྭངས་གཙང་གི་མཁའ་དབུགས་དེ་བརྔུབས་ན་འདོད
ངས་ཁྱེད་ཀྱི་དྭངས་གཙང་གི་རྫ་ཆུ་ལས་ཚེ་སྲོག་གི་སྙིང་ཁུ་དེ་འཚོས་ན་འདོད
གང་ལྟར་ཀྱང ཁྱེད་ནི་ས་ཆེན་སྐ་རགས་བཞིན་བཅིངས་པའི་རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་ཏེ
ཁྱེད་ནི་ཨ་སྔོན་གདན་དུ་གྲུབ་པའི་རྨི་ལམ་གྱི་དག་ཞིང་དེ་ཡིན་འདུག
3
ཞོགས་པའི་འབྲི་མོའི་གཡང་གི་ངུར་སྒྲའི་ཁྲོད་ནས
ཨ་ཅེ་འབྲོག་མོས་རང་ཁྱིམ་གྱི་ལས་ལ་བྲེལ་ཞིང་ཞིམ་མངར་གྱི་འོ་ཇ་སྐོལ་དུས
ཟད་མེད་ཟས་ཀྱི་མཆོད་པ་དང་པོ་སྦྲ་ཁྱིམ་ནས་ཕུལ་ཅིང
དུང་ཞེན་གྱི་འོ་ཞོ་མཛེས་མའི་མིག་ཀོང་ན་ཆལ་ཆིལ་གྱིས་འཁྱིལ་བས
རྨིག་བཞི་རྟ་མཆོག་གི་བང་འགྲོས་སྐྱེན་པོ་དེ
ངའི་ཡབ་ཆེན་གྱི་རུས་རྐང་དུ་འཐིམ་ཞིང་ཀི་བསྭོ་ལྷ་རྒྱལ་གྱི་བསང་དུད་ཀྱ་ཀྱུ
སྤྲིན་དཀར་དང་འགྲོགས་ནས་བསྔོ་སྨོན་གྱིས་འཕྱུར་གྱིན་འདུག
4
མཚན་མོ་ལས་ཀྱང་གནག་པའི་དུས་ཚིགས་ཤིག་ལ
དྲན་སླ་ཞིང་བརྗེད་དཀའ་བའི་ཁ་བ་ཐེངས་ཤིག་གིས
ངའི་སྙིང་ཉེ་བའི་ཕུ་ནུའི་ངོ་གདོང་དང་ངའི་བག་ཡངས་ཀྱིས་རྒྱུ་བའི་ལུག་ཁྱུ་དེ་དག
འཆི་བདག་གིས་ཞགས་པས་ཟིན་ནས་འཇིག་རྟེན་འདིའི་ཕ་རོལ་ཏུ་ཕྱིན་ནའང
གདོང་དམར་བོད་པའི་དཔའ་སྤོབས་ཀྱི་ཀ་ཆེན་དེ་ཆག་མི་སྲིད་ལ
རི་བོ་ཧི་མ་ལ་ཡའི་གཏམ་རྒྱུད་རིང་མོ་དེ
ས་སྒང་རིལ་མོའི་རྩེ་ན་ཇི་སྲིད་བར་དུ་སྐྱོད་ཀྱིན་འདུག
5
ཡུས་ཧྲུའུ་ཨ ངའི་རྫ་ལུང་སྐྱེ་དགུ་མདོ
དེ་རིང ངའི་སྨྲ་སྒོ་འགག་པའི་སྐད་ཆ་འདི་དག
ཁྱེད་ཀྱི་འདས་མ་ད་གསུམ་གྱི་སྐྱིད་སྡུག་ཏུ་བརྗོད་འདོད་ཅིང
དེ་རིང ངས་བོར་བརླག་ཏུ་གྱུར་པའི་བླ་སྲོག་ཅིག་གི་སླད་དུ
དབྱངས་གསལ་གྱི་མགྲིན་གླུ་སྙན་མོ་དེའང
ཁྱེད་ཅག་དང་མཇལ་བའི་དགའ་འཛོམས་ཀྱི་ལེགས་སྐྱེས་སུ་ཕུལ་ན་འདོད