ཀྲུང་གོ་བོད་ཀྱི་དྲ་བ།

འགྲམ་ལྕག་ཚ་བོ།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་ཚང་སྨྱུག་རྩེན།   སྤེལ་དུས། : 2016-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀླུ་ཚང་སྨྱུག་རྩེན།


མདང་ནུབ་ངས་རྨི་ལམ་ཞིག་རྨིས་བྱུང་།

གཉལ་ནས་ཡིན་ཟེར། ཐོན་མི་ཡིན་ཟེར།

མགྲོན་པོ་རྒྱུས་མེད་ཅིག་ངའི་ཁང་མིག་དུ་འཛུལ་ཡོང་།

 

ངས་ཁོང་འབོལ་ཁྲིར་བསུས་རྗེས་ཆུ་ཁོལ་ཚ་བོ་ཞིག་དྲངས།

ཁོང་གིས་ཕྱག་ཟུང་ཐལ་སྦྱར་གྱིས་ཐུགས་རྗེ་ཆེ་གསུངས་བྱུང་།

ངེད་གཉིས་ཀྱིས་ཁ་བརྡ་གང་འཚམ་ཞིག་བྱས།

ཁོང་གིས་མང་པོ་ཞིག་ཧ་གོ་མ་སོང་གསུང་བྱུང་།

 

ཁོང་གིས་ཡུད་ཙམ་ལ་ཐུགས་བསམ་བཞེས་རྗེས།

གློ་བུར་དུ་ཡར་བཞེངས་ཏེ་ཕར་འགྲོ་ཚུར་ཡོང་འགའ་བྱས།

ང་ལ་འགྲམ་ལྕག་ཅིག་གཞུས།

 

ཁོང་ན་རེ། སུམ་རྟགས་བོར་འདུག

བརྡ་སྤྲོད་ཉོག་རེད།

བོད་སྐད་གང་རེད།

 

ངས་མགོ་བོ་བསྒུར་ཏེ།

རང་གི་རྡོག་སྣེ་རུ།

གྲོག་མ་མགྱོགས་མོ་ཞིག་རྒྱུགས་བཞིན་པ་དེ་ལ་བལྟས་ནས་བསྡད།


དོགས་སྣང་ཕྲན་བུ་ཞིག


1

མི་ཞིག་གིས་ཕལ་ཆེར་ང་རང་འབོད་ཀྱིན་འདུག

ཡིན་ནའང་ང་རང་མ་སོང་།

དེ་ཕལ་ཆེར་ང་རང་འགྲོ་ས་ཞིག་མིན་པ་འདྲ།

2

མདང་ནུབ་ངས་ཕལ་ཆེར་རྨི་ལམ་ཞིག་ཀྱང་རྨིས་སོང་།

རྨི་ལམ་དུའང་ཕལ་ཆེར་ང་རང་འབོད་ཀྱིན་པ་འདྲ།

ཏག་ཏག་དེ་དུས་ཕལ་ཆེར་ང་རང་སད་བསྡད་ཡོད།

3

དོ་ནུབ་ང་ལ་གཉིད་ཉལ་བའི་འཆར་གཞི་ཡེ་ནས་མེད།

གལ་ཏེ་གཉིད་ལོག་ཚེ།

སུ་ཞིག་གིས་ཕལ་ཆེར་ང་རང་ཤུགས་ཀྱིས་འབོད་སྲིད།

2015.11.29ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།