ཀྲུང་གོ་བོད་ཀྱི་དྲ་བ།

རྒུ་རུ་བ་རྡོའི་སྙན་ངག་བདམས་བཀོད།

ཡོང་ཁུངས། : གངས་རྒྱན་མེ་ཏོག   རྩོམ་པ་པོ། : རྒུ་རུ་བ་རྡོ།   སྤེལ་དུས། : 2016-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

822083472018043602.jpg

     རྒུ་རུ་བ་རྡོ། ལོ་རབས་བརྒྱད་ཅུའི་སྟོད་ཙམ་ལ་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་འབྲོག་སྡེ་ཞིག་ཏུ་སྐྱེས། ཆུང་དུས་ནས་གླིང་སྒྲུང་དང་གླུ་ལ་གཞས། གནའ་གཏམ་སོགས་ལ་བག་ཆགས་བཞག སློབ་གྲྭ་ཆུང་འབྲིང་རིམ་པར་འགྲིམ་ནས་ཉིས་སྟོང་བཅུ་གསུམ་ལོར་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་ཤེས་རམ་ཞིབ་འཇུག་སློབ་མའི་མིང་རྟགས་བླངས། 《བོད་ལྗོངས་ཞིབ་འཇུག》དང《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》《རྩེར་སྙེག》《གངས་རྒྱན་མེ་ཏོག》《ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།》《ཟླ་ཟེར》གཙོའི་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ། སྙན་ངག་སོགས་དུ་མ་བཀོད་མྱོང་།


ཉིས་སྟོང་བཅུ་གཅིག་ལ་ཕ་ཡུལ་དུ་ལོ་སར་བ། (སྙན་ཚོམ)


གླེང་གཞི།


འཇིགས་སྐྲག་རྐྱང་རྐྱང་གིས་ཕར་བསྐྱལ་བའི་ཉིས་སྟོང་བརྒྱད

གདུངས་སེམས་ཁོ་ནས་ཕར་བསྐྱལ་བའི་ཉིས་སྟོང་དགུ

མིག་ཆུ་དང་ངུ་ངག་གི་ཁྲོད་བུད་སོང་བའི་ཉིས་སྟོང་བཅུ

མདོར་ན་མིའི་རིགས་ལ་མི་འོས་པའི་གོད་ཆག་སྦྱིན་མྱོང་བའི་ལོ་ངོ་གསུམ་པོ

 

ཉིས་སྟོང་བཅུ་གཅིག

ད་ནི་མིའི་རིགས་ཀྱིས་མ་མྱང་བའི་སྡུག་བསྔལ་མེད་པས

ཁྱོད་ཀྱིས་དགོད་སྒྲ་དང་འཛུམ་མདངས་རྣལ་མ་ཞིག་སྣམ་འོང་དགོས་ཡ

ཨ   གཡང་ལོ་ཁ་དྲོན་པོ

 

གཅིག ལོ་གསར་ལ་རོལ་པ།

 

ལྷ་ས་ན   ལྷ་ས་ནི་རང་ཉིད་ཀྱི་མཐའ་མཇུག་གི་ལོག་མལ་དུ་བརྩི་ཞིང

ལྷ་ས་ན   དབྱངས་གསལ་སོ་བཞི་ཚེ་སྲོག་གི་རྨུ་ཐག་ཏུ་རློམ་ཞིང

ལྷ་ས་ན  ཆོལ་ག་གསུམ་པོ་མ་གཅིག་གི་སྤུན་དུ་ལྟ་བའི་ཨ་མདོའི⑴“པ་འགོ”ང

ད་ལྟ་ཕ་ཡུལ་གྱི་པང་དུ་ལོག་ཡོད

མ་ཡུམ་ལྟ་བུའི་ཕ་ཡུལ་གྱི་པང་ན་ལོ་གསར་ལ་རོལ་གྱིན་ཡོད

 

ཕ་ཡུལ་ནས་ཨ་ཕ་ལྟ་བུའི་པོ་ཏ་ལ་དྲན་ཞིང

དྲན་ནས་རྨི་ལམ་དུ་འཁོར་མྱོང་མཁན

ལྷ་ས་ནས་པོ་ཏ་ལ་ལྟ་བུའི་ཨ་ཕ་དྲན་ཞིང

དྲན་ནས་མཆི་མ་སྙན་ངག་ཏུ་བཞུར་མྱོང་མཁན་གྱི་གངས་འདབས་ལྡོམས་པོ

ད་ལྟ་ཕ་ཡུལ་གྱི་ཐུ་འོག་ལ་ཐོན་ཡོད

ཕ་ལོ་ལྟ་བུའི་ཕ་ཡུལ་གྱི་ཐུ་འོག་ན་ལོ་གསར་ལ་རོལ་གྱིན་ཡོད

ཨ་ཕས་གྲལ་མགོ་སྲུང་ཞིང

ཨ་མས་ཐབ་ཆ་སྒྲིག་པའི་ལོ་གསར་ཞིག་ངས་མི་ལོ་མང་པོ་ཞིག་ལ་རོལ་མ་མྱོང

དེ་རིང་ཨ་ཕའི་འཛུམ་མདངས་ཀྱི་མངར་ཁའི་ངོགས་ན

དེ་རིང་ཨ་མའི་དགོད་སྒྲ་ཡི་བཞུར་རྒྱུན་ཁྲོད་ན

ངས་ལོ་གསར་ལ་རོལ་གྱིན་ཡོད

དགའ་སྐྱོའི་ཚོར་འདུ་བྱིས་པ་བསམ་མེད་ཅིག་ལས་ཀྱང་སྐྱེན་པའི་ང

དགའ་འོས་སམ་སྐྱོ་འོས

ཡང་ན་དགའ་སྐྱོ་གཉིས་ཀའི་ཉིང་བཅུད་དུ་བརྩིས་ཆོག་པའི་ཆང་ཞིག་བཏུང་ངམ

 

ད་ལྟའི་ཕ་ཡུལ་གྱི་ལོ་གསར་ནི་ཧ་ཅང་སྟབས་བདེ་ཞིག་ཏུ་གྱུར་ཡོད

ལྷག་པར་ངའི་ཕ་ཡུལ་ལྟ་བུར་མཚོན་ན

⑵དགུ་སྦྲུག་དང་དགུ་ཐིག་མེད

གཞོན་པ་ཚོས་རྒན་པ་ཚོར་ཕྱག་མི་འཚལ་ལ

རྒན་པ་ཚོས་གཞོན་པ་ཚོར་ཁ་གཡང་ཡང་མི་འབོད

ཐ་ན་ཡབ་མེས་ནས་བརྒྱུད་འོང་བའི⑶“སྒ་འབོག”ཀྱང་མི་བྱེད་ལ

ལོ་ལྷ་དང་ལོ་དགྲར་དེ་བས་ཀྱང་ཁ་ཡ་མི་བྱེད

ལྷ་བསང་སྟབས་བདེ་ཞིག་ཕུལ་ཅིང་ཤོག་སྦག་ཁ་ཤས་བཀལ་རྗེས

འཕྲུལ་རྟའི་སྣུམ་སྒོ་ཆེ་རུ་ཕྱེས་ནས

སྐ་རག་བཅིངས་མི་དགོས་པའི་ལྭ་བ་སྟབས་བདེ་རེ་གྱོན་ནས་ལོ་གསར་ལ་བུད་འགྲོ

 

གཉིས། ལོ་གསར་གྱི་དགུང་མོར་ཕྱི་རོལ་ཏུ་འཆམ་འཆམ་དུ་སོང་བ།

 

སྤྱིར་ང་ལ་མཚན་མོར་འཆམ་འཆམ་དུ་འགྲོ་བའི་གོམས་སྲོལ་དེ་འདྲ་མེད

འཆམ་འཆམ་བྱེད་པ་ནི་རྟོགས་རྟག་གི་སྙན་ངག་རིང་མོ་ཞིག་བློས་བསླང་བྱ་བའམ

ཤ་ཁྲག་གཉིས་ཀའི་བར་གསེང་ན་འཚེར་བའི་མཛའ་མོ་གང་དེ་དྲན་འབོད་བྱ་བ་ཡིན་པར་འོས་མོད

འོན་ཀྱང

ངས་ཡུན་རིང་ལ་མཇལ་མ་མྱོང་བའི་རི་ཚོགས་ཀྱི་བརྗིད་ཉམས་དྲན་ནས

ལྷག་པར་དུ་ང་ཡུལ་གང་དུ་སོང་ཡང་ཕ་ཡུལ་གྱི་བདེ་སྡུག་བརྗེད་དུ་མི་འཇུག་པའི་ངས་ངོ་ཤེས་པའི་རི་བོ་དེ་ཚོ

ཡུན་རིང་ལ་བརྩི་མ་མྱོང་བའི་སྐར་ཚོགས་ཀྱི་མཛེས་སྡུག་དྲན་ནས

ལྷག་པར་དུ་ང་གནས་གང་ནས་བསྡད་ཀྱང་ཕ་ཡུལ་གྱི་ཁ་ཕྱོགས་ནོར་དུ་མི་འཇུག་པའི་ངས་མིང་ཐོགས་པའི་སྐར་མ་དེ་ཚོ

 

སྟག་ཤར་ཞིག་གི་ལང་ཚོ་དང་དཔའ་གདེངས་ཡོད་པའི་རི་ཚོགས

བདག་པོ་དང་སྒོ་ཟོག་བོར་ནས་ངོ་མདངས་སྐྱ་བོར་གྱུར་དོན་ཅི

ས་ཆེན་འདི་མ་འཇིག་བར་དུ་ངའི་བུ་རབས་ཚ་རྒྱུད་ཀྱིས་ཁྱོད་ལ་སྐྱབས་བཅོལ་བྱ་ངེས་ཡ

སྨན་ཤར་ཞིག་གི་འཕྱོ་སྒེག་དང་དུངས་སེམས་རུམ་པའི་སྐར་ཚོགས

གཉེན་ཉེ་དང་མཛའ་གྲོགས་བོར་ནས་མིག་ཟུང་ཙུམ་ཙུམ་བྱེད་དོན་ཅི

སྦྲང་དཀར་རྩམ་པའི་གཏན་དུ་ལས་གཡོལ་མ་བྱས་བར་དུ་ངའི་བུ་རབས་ཚ་རྒྱུད་ཀྱིས་ཁྱོད་ལམ་སྟོན་གྱི་སྒྲོན་མེར་སྒོམ་ངེས་ཡ

 

ངའི་ཕ་ཡུལ་གྱི་སོ་མཚམས་སྲུང་གྲོགས་ཀྱི་རི་ཚོགས

ངའི་ལུགས་ཁྱུའི་གྲངས་ཀ་བརྩི་གྲོགས་ཀྱི་སྐར་ཚོགས

ནམ་ཡང་བརྗིད་ཉམས་ཀྱིས་བརྟན་པར་ཤོག

བརྟན་ནས་རེ་རེ་བཞིན་བོད་ཀྱི་བླ་རི་རུ་འགྱུར་བར་སྨོན

གཏན་དུ་མཛེས་སྡུག་གིས་འཛུམ་པར་ཤོག

འཛུམ་ནས་རེ་རེའི་མིང་ནས་བོད་སྐད་ཀྱིས་འབོད་པར་སྨོན

 

གསུམ། སྤྱང་གི་དྲན་པ།


ངས་སློག་ཆུང་གི་ཐུ་བ་རྐང་འོག་ཏུ་བཅུག་ནས་ཨ་ཕའི་པུས་མགོར་སྔས་དུས

ངས་ཨ་མས་གནང་བའི་འོ་འཇོག་བཏུང་ཞིང་རྡ་བུའི་(དབྱུག་པ)རྟ་ཕོ་ཞོན་དུས

ང་བེའུ་རྫི་རྡོ་རྗེ་དང་རེའུ་རྫི་རྡོ་རྗེ་ཡིན་དུས

ཁྱོད་ནི་ང་ལ་སྐྲག་སློང་བྱེད་དང་ང་ནི་ཁྱོད་ལ་ཆེས་སྐྲག་མཁན་ཡིན

 

ལན་རེར་ཁྱོད་ཀྱིས་ཨ་ཕས་ལུག་ཁྱུ་དཀྲོགས་ཤིང་ཤ་བཟན་གང་བཟང་ཟོས་འགྲོ་ལ

ལན་རེར་ཁྱོད་ཀྱིས་ངའི་བེའུ་དང་རེའུ་རེ་གཉིས་ཀྱང་བཙན་གྱིས་འཕྲོག་འགྲོ

ཡིན་ནའངསྤོ་བོས་བཤད་ན་ཁྱོད་ནི་དཔལ་ལྡན་ལྷ་མོའི་སྒོ་ཁྱི་ཡིན་ཟེར

རྨོ་མོས་བཤད་ན་ཁྱོད་ནི་སྐྱེས་པ་ཚོའི་དགྲ་ལྷ་ཡིན་ཟེར

 

ད་ལྟ་ང་ཕ་ཡུལ་ལ་ལོགས་ཐེངས་རེར

སྒོ་ཕྱུག་རྣོ་སྐུད་ཀྱི་དྲྭ་བ་ན་བགས་ཡང་གིས་འཚོ་འདུག

བྱིས་པ་ཚོ་བརྙན་འཕྲིན་གྱི་ཡོལ་ངོས་ན་ཁེར་རྐྱང་གིས་བཟི་འདུག

ལྷིང་འཇགས་ཀྱི་རྩྭ་ཐང་ལ་མཉམ་སྒྲོག་རོལ་མོ་དཀྲོལ་མཁན་གྱི་ཁྱོད་ངས་མཐོང་མ་བྱུང

མ་གཞི་མེ་མདའ་དང་གཡོ་སྒྱུ་ཁུར་པའི“སྤྱང་གི”ཚོས་ཁྱོད་རང་གང་ཞིག་ལ་བསྐྲད་ཟིན་པ་འདྲ

 

གསེར་མདོག་གི་གོས་ཆེན་ལྟ་བུའི་ཁོད་ཡངས་པའི་རྩྭ་ཐང་ན

གསེར་མདོག་གི་སྒྲོག་གུ་མེད་པས

མཉམ་སྒྲོག་རོལ་མོ་མེད་པས

ས་ཆེན་གྱིས་སྒྲོག་གུ་མེད་པའི་གོས་ལ་སེར་པོ་ཞིག་གྱོན་ནས་སྐྱོ་གདུང་གིས་གཟིར་ཡོད

གཞི་བདག་ཚོ་སྒོ་སྟོང་དང་སྐྱེས་པ་ཚོ་མགོན་མེད་དུ་གྱུར་ཡོད

 

བཞི། ཉི་ཧོང་ལ་ཕུལ་པ།


ཉིས་སྟོང་བཅུ་གཅིག་ལོར་ངས་རྨི་ལམ་ཞིམ་པོ་ཞིག་རྨི་སྙིང་འདོད

རྨི་ལམ་ཁྲོད   ནམ་མཁའ་དང་ས་གཞི   གངས་རི་དང་རྩྭ་ཐང

རྒྱ་མཚོ་དང་སྲོག་ཆགས་ཚང་མས   ངོ་གདོང་བཀྲུས་ཤིང་སྐྲ་ལོ་བཞར་ཏེ

ལོ་གསར་སྐྱིད་པོ་ཞིག་རོལ་བཞིན་པ་རྨི་ན་འདོད

 

ཉིས་སྟོང་བཅུ་གཅིག་ལོར་ངས་འཚོ་བ་སྐྱིད་པོ་ཞིག་རོལ་སྙིང་འདོད

འཚོ་བའི་ཁྲོད   མིའི་རིགས་དང་མི་རིགས   ཆང་དང་སྙན་ངག

བུད་མེད་དང་ཐ་སྙད་ཚང་མསཚེ་སྲོག་རུམ་ཅིང་སྤྲོ་སྣང་ཁུར་ནས

འཚོ་བ་སྐྱིད་པོ་ཞིག་རོལ་བཞིན་པ་རྨི་ན་འདོད

 

སྤྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཟླ་གསུམ་པའི་ཚེས་བཅུ་གཅིག་ཉིན

ངས་བརྙན་འཕྲིན་གྱི་ཡོལ་བ་བརྒྱུད་ནས

མེ་ཏོག་གི་གཞུང་བ་འཛིན་པའི་བུ་མོ་ཆུང་ཆུང་ཞིག

རྡོག་པ་རྡོ་ལ་འཐོག་ཅིང་ས་ལ་འགྱེད་པ་མཐོང་བྱུང

མེ་ཏོག་དག་ཁྲག་གིས་སྦག་སྟེ་ས་ལ་འཐོར་བ་མཐོང་བྱུང

བུ་མོ་དེས་ལང་མ་གོག་གིས་ཆག་ཧྲུག་ཏུ་སོང་བའི་གཞུང་བར་ཅེར་ནས

མཆི་མ་ལུད་ཀྱིན་འདུག   ཁྲག་གིས་སྦག་པའི་ལག་པས་ཁྲག་གི་མཆི་མ་འཕྱིད་ཀྱིན་འདུག

 

རྨི་ལམ་དང་འཚོ་བརང་བྱུང་དང་མི

གཞི་ནས་རྒད་པོ་བསམ་མེད་ཅིག་གི་རྩེད་ཆས་ཡིན་པ་འདྲ

ཆང་དང་སྙན་ངག   འཇིག་རྟེན་དང་མིའི་རིགས

གཞི་ནས་བྱིས་པ་བསམ་མེད་ཅིག་གི་གནའ་གཏམ་ཡིན་པ་འདྲ


⑴ལྷ་སའི་ཡུལ་སྐད་དེ་སྤྲང་པོའི་དོན།

⑵ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་ཁྱིམ་གྱི་ཅ་ལག་ཡོད་ཚད་ཕྱི་དོར་བྱ་ཞིང་དགུང་མོར་ཟས་སྣ་དགུ་འཛོམ་གྱི་ཐིག་པ་བསྐོལ་བ་ལ་ཟེར།

⑶ལོ་གསར་གྱི་ནང་མོར་ལོ་ཇ་འཐུང་རྗེས་ཁྱིམ་ཚང་དེར་ཡོད་ཀྱི་བྱིས་པ་དག་གིས་ཁལ་མ་ཞིག་ལ་ཁྱིམ་ཚང་ཞིག་ལ་གང་མཁོའི་ཅ་ལག་དག་བཀལ་ནས་ཕྱིར་སོང་ནས་ཇ་བསྐོལ་དགོས་ལ་ཚུར་ལོག་དུས་ཕ་མ་སོགས་སྒོ་བསུར་འོང་སྟེ་ད་ལོའི་ལོའི་ཡག་ཉེས་འདྲི་ལ།བྱིས་པ་དག་གིས་ད་ལོར་རྩྭ་ཆུ་ཇི་ལྟར་བཟང་ཚུལ་དང་གནམ་གཤིས་ཇི་ལྟར་ཡག་ཚུལ་སོགས་བཤད་དགོས་པའི་ཡུལ་སྲོལ་ཞིག་གོ།

2011-2-29---2011-5-1ཉིན་ལྷ་ས་རུ་རྫོགས།

གངས་རྒྱན་མེ་ཏོག་ཏུ་བཀོད།


གྲོང་ཁྱེར་གྱི་གླུ་སྐད།

 — “མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་དུང་དཀར་རྟགས་མའི་བོད་གླུ་འགྲན་ཚོགས་”ལ་བལྟས་རྗེས།


དམངས་གླུ་ནི་ལུག་རྫི་རྒད་པོ་ཞིག་གི་ཉི་མ་འཕུད་བྱེད་ཡིན་ནམ

དམངས་གླུ་ནི་བྱིས་པ་སྣབ་ལུག་ཅིག་གི་བྱེའུ་ཚོགས་འགུག་བྱེད་ཡིན་ནམ

 

དེ་རིང་ངས་གནའ་མཁར་ཟི་ལིང་དུ་འབོད་པའི་གྲོང་ཁྱེར་འདི་ནས

ལུག་རྫི་ཞིག་གི་བདེ་སྐྱིད་དང་བྱེའུ་བརྡ་ཞིག་གི་སྙིང་སྟོབས་རྙེད་བྱུང

ཞོར་ལ་རྭ་རྩེ་མཁའ་ལ་བརྡར་ནས་རྫ་ལུང་འདིའི་རྔམ་ཁ་བསྲུང་བའི་འབྲོང་ཁྱུ

སུག་བཞི་ས་ལ་བརྡབས་ནས་སྤང་ཁུད་འདིའི་དབྱར་གཞུང་འཚོ་བའི་རྐྱང་ཁྱུ

ནག་རོག་གེར་རྡང་དུ་བཏགས་པའི་ནོར་ཁྱུ་དང་དཀར་ཆིལ་ལིར་ལྷས་ལ་བསྐྱིལ་བའི་ལུག་ཁྱུ

མཚན་སྨག་གི་ཡ་ཕུགས་ནས་ཁྱི་སྤྱང་དང་དམར་འཛིངས་ཕོད་པའི་འབྲོག་ཁྱི་ལ་བོ

ད་དུང་སློག་པའི་ཕུ་ཏུང་སྐེད་པར་དཀྲིས་པའི་ཕོ་རྒོད་རལ་བ་ཅན་ཞིག་དང

ཤུགས་དམར་གྱི་བཞོ་ཟེའུ་དངུལ་དཀར་གྱི་བཞོ་ལུང་ལ་བཏགས་པའི་སྨན་ཤར་མཛངས་ཆ་ཅན་ཞིག

རྐང་རྗེན་དུ་ཨ་ཕའི་ཐུ་འོག་ཏུ་སྡོད་པའི་ལོ་བརྒྱད་ཀྱི་བུ་ཆུང

ལུས་ཧྲེང་དུ་ཨ་མའི་པུས་མོར་སྔས་པའི་ལོ་གསུམ་གྱི་བུ་མོ

རེ་རེ་བཞིན་ལོ་རྒྱུས་ཀྱི་བར་གསེང་ནས་ངའི་མིག་ལམ་དུ་ཤར་བྱུང་ལ

རེ་རེ་བཞིན་གྲོང་ཁྱེར་གྱི་ཁང་རྩེགས་ལས་རབ་རབ་ངང་རྒྱང་ལ་ཡལ་སོང

 

གྲོང་ཁྱེར་འདིའི་རྐང་འོག་ཏུ་ཡོད་པའི་རྐྱང་འབྲོང་གི་མགོ་རུས་སྐམ་པོ་དང

གྲོང་ཁྱེར་འདིའི་རྒྱན་དུ་བཏགས་པའི་ནོར་ལུག་གི་རྭ་ཅོ་ཟད་པོ

གྲོང་ཁྱེར་འདིའི་ནོར་བུ་རུ་གྱུར་པའི་འབྲོག་ཁྱི་ལ་བོ

གྲོང་ཁྱེར་འདིས་རྒྱང་ལ་བསྐྲད་ཟིན་པའི་སློག་པ་སྐྱ་བོ་དང་ཤུག་དམར་བཞོ་ཟེའུ

 

དོ་ནུབ་གྲོང་ཁྱེར་འདིའི་སྒལ་བར་འབྱར་ཡོད་པའི་བོད་ཕྲུག་ཁ་ཤས་ཀྱིས

རེ་རེ་བཞིན་སྐད་ལ་བརྒྱབ་ནས་མིང་ནས་འབོད་ཀྱིན་འདུག

རེ་རེ་བཞིན་སྙིང་ལ་སླན་ནས་རུམ་ལ་སྡུ་བཞིན་འདུག

 

དམངས་གླུ་ནི་ལུག་རྫི་རྒད་པོ་ཞིག་གིས་བུ་ཆུང་ལ་སྤྲད་པའི་མི་ཚེའི་ལམ་རྒྱགས་ཡིན་ནམ

དམངས་གླུ་ནི་བྱིས་པ་བསམ་མེད་ཅིག་གིས་ཡབ་ཆེན་ལ་བསླང་བའི་རིན་ཆེན་གྱི་ནོར་བུ་ཡིན་ནམ

2011-12-15ཉིན་ཙོང་ཁ་རུ།

གངས་རྒྱན་མེ་ཏོག་ཏུ་བཀོད།


དཀར་མོ།


དཀར་མོ་ནི་ངས་ཕ་ཡུལ་གྱི་ཞིང་ཁ་ནས་རྙེད་པའི་ཀེ་ཚེ་མེ་ཏོག་དེ་ཡིན

དཀར་མོ་ནི་ངས་ཟི་ལིང་བོར་བའི་སྙན་ངག་དུམ་བུ་དེ་ཡིན

དཀར་མོ་ནི་ངས་རྫོང་རྒྱབ་ཀླུ་ཁང་ནས་རྙེད་པའི་ཚངས་མགུར་ཚན་པ་དེ་ཡིན

དཀར་མོ་ནི་སྣེའུ་མེ་འཁོར་འབབ་ཚིགས་ནས་ང་ལ་ཕྱི་མིག་ཡང་ཡང་འཕེན་མཁན་དེ་ཡིན

 

དཀར་མོ་ནི་ནམ་ཡང་མོ་རང་ཉིད་ཡིན་པས་ངས་ནམ་ཡང་ཁོ་མོའི་ཚབ་བྱེད་ཐབས་བྲལ

 

ད་ནི་ང་ལ་ཁ་པར་བཏང་མ་བྱུང་ལ་འཕྲིན་ཐུང་ཡང་བསྐུར་མ་བྱུང་བས

ཁེ་ཉིན་ལྷ་སར་བབས་པའི་ཐ་མཇུག་གི་ཆར་པ་དེ་དཀར་མོ་ཡིན་ནམ

མདང་ནུབ་སྒེའུ་ཁུང་བརྒྱུད་ནས་ཤག་ཤག་ཏུ་ས་ལ་ཟགས་ཀྱིན་པའི་སྡོང་ལོ་དེ་དཀར་མོ་ཡིན་ནམ

ཕ་གི་ན་ཁ་བས་གཡོག་འདུག་པའི་བུམ་པ་རི་དེ་དཀར་མོ་ཡིན་ནམ

སྐྱིད་གཞུང་ན་གྲང་ངར་གྱོན་ནས་ཁ་རོག་ངེར་བཞུར་གྱིན་པའི་སྐྱིད་ཤོད་གཙང་མོ་དེ་དཀར་མོ་ཡིན་ནམ

མེ་ཏོག་དང་ཆར་པ་ལྟ་བུའི་དཀར་མོ

སྙན་ངག་དང་སྡོང་ལོ་ལྟ་བུའི་དཀར་མོ

ཚངས་མགུར་དང་སྐྱིད་ཤོད་གཙང་མོ་ལྟ་བུའི་དཀར་མོ

སྟོན་མཇུག་དང་སྲོད་འདིར

ངས་མཚམས་མཚམས་ལ་དྲན་བྱུང་བས

ངས་ཚོད་ཚོད་ལ་མི་གླེང་ཀ་མེད་རེད

2011ལོའི་ཟླ11པའི་ཚེས3ཉིན་ལྷ་ས་རུ།

གངས་རྒྱན་མེ་ཏོག་ཏུ་བཀོད།

གདན་ཞུའི་རྩོམ་སྒྲིག་པ་ཀྱེ་ཕུར་མཆོག་གསུམ་གྱིས་འོས་སྦྱོར་བྱས།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།