ཀྲུང་གོ་བོད་ཀྱི་དྲ་བ།

གྱེས་བྲལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བོད་གཞུག་སྐྱིད།   སྤེལ་དུས། : 2016-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་གཞུག་སྐྱིད།

རྒུན་ཆང་གི་མངར་ཁས་བསྣུབ་མི་སྲིད་པའི་དྲན་པ་ཐ་དག

ས་སྲོད་འདིའི་ཁེར་རྐྱང་གི་རླུང་བུས་འཁུར་ལ་ཉེ་ཡང་

སེམས་ཁོང་ན་མཚོ་ལྟར་འཁྱིལ་བའི་ཞེ་འདངས་མ་ལུས

ཁྱེད་དང་བྲལ་མ་ཐག་ནས་ཟིལ་བ་བཞིན་འཐོར་འོང་གི་འདུག་ལ

ཁྱེད་རང་བསྐྱུར་མ་ཐག་ནས་རྨི་ལམ་བཞིན་འཁོར་འོང་གི་འདུག

 

བསྐལ་བས་མི་ཆོད་ཅིང་རི་བོས་མི་ཐེག་པའི་བརྩེ་བ་དྲོན་མོ

ལོ་ཟླས་མི་འཇིག་ཅིང་ཟླ་བས་མི་བཟད་པའི་དུང་བ་ཟབ་མོ

སྨྲ་ཤེས་པའི་ཁྱེད་ཀྱི་མིག་ཟུང་ལས་ངས་རྟོགས་འོང་གི་འདུག་ལ

སྟོན་ཤེས་པའི་ཁྱེད་ཀྱི་འཛུམ་མདངས་ལས་འཕྲོས་འོང་གི་འདུག

འཁྲེང་ཞེན་གྱི་ལག་པ་ཆུང་ཆུང་གིས་ང་ལ་དམ་དུ་འཁྱིལ་ཡང

འུ་ཐུག་གི་འཚོ་བའི་ཀློང་ནས་ངས་ཁྱོད་གློད་དགོས་བྱུང་ཡོད།

མིག་ཆུའི་གསེབ་ནས་ལམ་ལ་ཆས་ཟིན་ཡང

ངས་ད་དུང   གདོང་གཏད་ཆོག་པའི་འཛུམ་མདངས་ལྷད་མེད་ག་ཚོད་ཡོད་དམ

 

ཁྱེད་དང་བྲལ་རྗེས 

སུ་ཡིས་ཀྱང་སྐོང་བར་མི་ནུས་པའི་སེམས་ཀྱི་གྲུ་ག་འདི་གང་དུ་འཇོག་གམ

སུ་ཡིས་ཀྱང་གཞོམ་པར་མི་ནུས་པའི་སེམས་ཀྱི་རྦ་རླབས་འདི་ཅི་ལྟར་སྐྱོམས་སམ

ཁྱེད་དང་བྲལ་རྗེས

ས་སྲོད་དང་མུན་པའི་མཚམས་ནས་དྲན་པ་འདི་རླུང་བཞིན་ལྡང་འོང་ལ

ཁེར་ཧྲེང་དང་སྡུག་ཡུས་ཁྲོད་ནས་དྲན་པ་འདི་རླབས་བཞིན་འཕྱོ་འོང

 

ང་དང་བྲལ་རྗེས

ཁྱོད་ཀྱི་མིག་ཟུང་རིག་རིག་གིས་འཚོལ་བཞིན་སྙམ་ན

མིག་ཆུ་ཤར་ཤར་གྱིས་འབོད་པར་བསམ་ན

སྟོང་ལྷང་ལྷང་གི་ཁྱོད་ཀྱི་མཁའ་དབྱིངས་ན་ཟླ་བ་ཤར་རམ

འཁྱག་སིབ་སིབ་ཀྱི་ཁྱོད་ཀྱི་སེམས་ཁོངས་ན་ཉི་འོད་འཁྱིལ་ལམ

 

ཐེག་དཀའ་བའི་དྲན་པ་འདིའི་གདུང་བ་བསམ་ན

ཁྱོད་ཀྱིས་ང་རང་བརྗེད་ན་སྙམ་ཞིང

ལྷད་མེད་པའི་ཚེ་སྲོག་གི་མཛེས་སྡུག་བསམ་ན

ཁྱོད་ཀྱིས་ང་རང་དྲན་ན་སྙམ

 

གང་ལྟར་ད་ནི་གྱེས་བྲལ་འདི

ང་རང་བསྐྱར་གསོན་གྱི་སྟོབས་ཤུགས་ཞིག་ཏུ་བསྒོམས་དགོས

ཁྱོད་རང་ནར་སོན་གྱི་གོ་རིམ་ཞིག་ཏུ་བརྩི་དགོས

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།