ཀྲུང་གོ་བོད་ཀྱི་དྲ་བ།

ན་སོ་གཞོན་དུས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྟག་རིག་འབྲུག་ཐར།   སྤེལ་དུས། : 2016-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྟག་རིག་འབྲུག་ཐར།(མཚོ་ལྷོ) 

ན་སོ་གཞོན་དུས།

ངས་རྒྱང་རིང་རྒྱང་རིང་གི་རི་ཚོགས་ལ་ཅེར་ནས།

ལྷ་དར་ལྟ་བུའི་རེ་འདུན་གཙང་མ་ཞིག

ཕུགས་བསམ་གྱི་མཁའ་དབྱིངས་སུ་མཐོ་ནས་མཐོ་རུ་བསྒྲེང་ན་བསམས།

ཆུ་མོ་ལྟ་བུའི་རྨི་ལམ་འཇམ་པོ་ཞིག

རེ་སྙེག་གི་ས་ཆེན་དུ་ལྷོད་ནས་ལྷོད་དུ་འཁྱིལ་ན་བསམས།


ལོ་ཟླ་ཟེར་བའི་ཆོམ་རྐུན་དེས།

ངའི་ལང་ཚོ་བརྐུས་ཤིང་ཕུགས་བསམ་གཅོལ་བས།

བ་གམ་ཁང་བརྩེགས་ལ་ན་བུན་འཁྱུད་པའི་ཀློང་དུ།

གཉིད་ལས་མ་སད་པའི་གླ་སྡོམ་ཇི་བཞིན།

མུན་སེལ་གྱི་ཉི་མ་འཆར་སྲིད་ཀྱང་།

དམིགས་པ་ཅི་ཡང་བོར་བའི་ང་ལ་ཅི་ཞིག་ལྷག་ཨང་།


དྭངས་གཙང་གི་སེམས་པ་ཪྙི་ལ་ཤོར་ཚར་བས།

སྙིང་སྟོབས་ཀྱི་འཕར་སྒྲ་ཅི་འདྲའི་དྲག་ཀྱང་།

སྤོབས་པ་ཡི་གད་རྒྱངས་ཅི་འདྲའི་མཐོ་ཡང་།

ཞེ་ལ་ཐོགས་པའི་དབྱར་ལྗོངས་ལ་ད་དུང་བར་ཐག་རིང་ཨང་།


ན་སོ་གཞོན་དུས།

ངས་རྒྱང་རིང་རྒྱང་རིང་གི་གནམ་མཐའི་མཚམས་སུ་ཅེར་ནས།

ཤོག་བྱ་ལྟ་བུའི་དམིགས་ཡུལ་གཙང་མ་ཞིག

འདོད་དོན་གྱི་མཐོངས་དབྱིངས་སུ་མཐོ་ནས་མཐོ་རུ་མངོན་ན་བསམས།

ཁ་བ་ལྟ་བུའི་སེམས་རྒྱུད་དྭངས་མོ་ཞིག

འགྲན་རྩོད་ཀྱི་འཐབ་ར་རུ་བླ་ནས་བླ་རུ་འཕགས་ན་བསམས།


ལོ་ཟླ་ཟེར་བའི་ཆོམ་རྐུན་དེས།

ངའི་ལང་ཚོ་བརྐུས་ཤིང་ཕུགས་བསམ་གཅོལ་བས།

འཛེར་སྒྲས་གནམ་ས་འཁྱོམ་འདྲའི་གུ་དོག་གི་གནས་འདིར།

ཁོ་ལག་མ་རྫོགས་པའི་མཆིལ་བ་ཇི་བཞིན།

མུན་སེལ་གྱི་ཉི་མ་འཆར་སྲིད་ཀྱང་།

དམིགས་པ་ཅི་ཡང་བོར་བའི་ང་ལ་ཅི་ཞིག་ལྷག་ཨང་།


རེ་འདོད་ཀྱི་སྐོམ་པ་མུན་པས་བཏུངས་ཚར་བས།

ལ་རྒྱ་ཡི་མེ་དཔུང་ཅི་འདྲའི་རྫུབ་ཀྱང་།

ཡིད་ཆེས་ཀྱི་གླུ་སྐད་ཅི་འདྲའི་སྙན་ཡང་།

སེམས་པས་འཁྲེང་བའི་དབྱར་ལྗོངས་ལ་ད་དུང་བར་ཐག་རིང་ཨང་།


ད་ནི་མི་རྟག་འཁོར་བ་ཡི་སྒལ་གཞུང་རྡོག་པས་བརྫིས་ཏེ།

བན་བུན་གྱི་མདུན་ལྗོངས་སེམས་པས་སྐྱོར་དུས།

ཟ་ཟི་ཡི་རྨི་ལམ་ལ་བདེན་ཁ་རྩོད་དུས།

ཕྱག་བརྡ་མི་ལྷོད་པའི་གཡབ་མོ་གཏོང་མཁན་དེ་སུ་ཡིན།

ངར་ཤུགས་མི་ཉམས་པའི་སྐུལ་ལྕག་གནང་མཁན་དེ་སུ་ཡིན།


ད་ནི་འདི་སྣང་འཇིག་རྟེན་གྱི་ཟོ་ཆུན་འཕྲུལ་འཁོར་ལག་པས་འཁྱུད་དེ།

མག་མོག་གི་ལམ་ཆེན་ལ་ཁ་ལོ་བསྒྱུར་དུས།

ཕྱོགས་མེད་ཀྱི་དམིགས་སར་བརྩོན་པས་འདུར་དུས།

གོ་འཛོལ་མི་ཐེབས་པའི་ཡོ་བ་བསྲང་མཁན་དེ་སུ་ཡིན།

མཐར་ཐུག་མི་འཆོལ་བའི་འཁྲུལ་བ་སེལ་མཁན་དེ་སུ་ཡིན།


རེ་འདུན་གྱི་མཐོངས་སུ་ཉི་ཟླ་གསལ་ཞིང་།

སྙན་ལྷང་ལྷང་གི་ཁུ་ལོའི་གསུང་སྐད་བརྒྱབ་ཀྱང་།

ངའི་འགྱུར་མེད་ཀྱི་དམ་བཅར་བདེན་པ་བརྡར་བའི་དན་རྟགས་དེ།

མཛེས་སྡུག་གི་བསླུ་བྲིད་ཅིག་མིན་པར་སྨོན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།