རྒྱལ་ཁབ་བདེ་འཇགས་ཐད་ཀྱི་བྱ་བ་ནི་ང་ཚོ་ཚང་མར་འབྲེལ་བ་དམ་པོ་ཡོད།

རྒྱལ་ཁབ་བདེ་འཇགས་ཡོང་མིན་དེ་ང་ཚོ་མི་རེ་རེར་འབྲེལ་བ་དམ་པོ་ཡོད། མི་སྒེར་གྱི་བྱ་སྤྱོད་གང་དག་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་སྲིད་པའམ།ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཐད་ང་ཚོ་མི་སྒེར་གྱིས་ཅི་ཞིག་སྒྲུབ་ཐུབ་བམ།

དམངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་ཐེངས་བཞི་པ་ཐོན་ལ་ཉེ་བའི་སྐབས་དེར། གསར་འགོད་པས་འདྲི་ཚིག་འདི་དག་སེམས་ལ་བཅངས་ནས་རྒྱལ་སྤྱིའི་འབྲེལ་བའི་སློབ་གླིང་ཞིབ་འཇུག་སློབ་མ་པུའུ་ཡི་ཀྲུའུ་རེན་ནམ་རྒྱལ་ཁབ་བདེ་འཇགས་རིག་པའི་དགེ་རྒན་ཆེན་མོ་ལི་ཝུན་ལིའང་ལ་བཅར་འདྲི་བྱས།

ག་ས་གང་དུ་གཡོ་སྒྱུའི་ཁེངས་ཡོད་པས་སེམས་ཆུང་ཏན་ཏིག་བྱེད་དགོས། “སྒོར་མོའི་ཁེ་ཕན་ཡོད་པ་ཞིག་ཡིན་ན།དོགས་ཟོན་ཆེན་པོ་བྱེད་དགོས།”ལི་ཝུན་ལིའང་གིས་གསར་འགོད་པར་དེ་ལྟར་བཤད་པ་དང་།རྒྱལ་ཁབ་ཀྱི་གཞུང་ཞབས་པ་ཞིག་ལ་མཚོན་ན།ལས་རིགས་ཀྱི་དབང་གིས་ནམ་ཡང་རིམ་པ་མི་འདྲ་བའི་གསང་འབྲེལ་ཆ་འཕྲིན་དང་འབྲེལ་འདྲིས་བྱེད་དགོས། ཁྲིམས་འགལ་པས་རྒྱུན་དུ་ཐོག་མར་གྲོགས་པོ་བསྒྲིག་པ་དང་རོགས་རམ་ཡོང་རོགས་ཞུ་བའི་བྱེད་ཐབས་ཀྱིས་རྒྱལ་ཁབ་ཀྱི་གཞུང་ཞབས་པར་རྒྱུ་ཆ་དང་ཡིག་ཆ་སོགས་ཀྱི་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པའི་རེ་འདུན་འདོན་པར་མ་ཟད།དེ་བསྟུན་གྱི་དཔལ་འབྱོར་གླ་ཆ་སྟེར་བ་རེད།“ཁྲིམས་འགལ་པས་ཐད་ཀར་གསང་འབྲེལ་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པའི་རེ་བ་མི་འདོན་པར།ཐོག་མར་དེ་ལ་རིན་ཡོད་སྒོས་སྤྱི་བསྒྲགས་བྱས་ཟིན་པ་དང་ཡང་ན་སྤྱིར་བཏང་གི་ཆ་འཕྲིན་ཡིག་རིགས་འདོན་སྤྲོད་བྱེད་དུ་འཇུག་པ་དང་།ཐེངས་མང་པོར་འབྲེལ་འདྲིས་བྱས་རྗེས་ད་གཟོད་རིམ་པ་ཇེ་མཐོར་བཏང་ནས།གསང་འབྲེལ་ཆ་འཕྲིན་འདོན་སྤྲོད་བྱེད་དགོས་པའི་རེ་བ་འདོན་པ་རེད།”

ནམ་ཡིན་ཡང་སྒོར་མོས་བསླུ་ཉོ་བྱེད་པ་ནི་ཁྲིམས་འགལ་པས་རྒྱུན་སྤྱོད་ཀྱི་བྱེད་ཐབས་ཤིག་ཡིན་པས།རྒྱུན་ལྡན་མིན་པའི་དཔལ་འབྱོར་གྱི་ཡོང་སྒོ་དང་ཐུག་ན།ངེས་པར་སེམས་ཆུང་ཏན་ཏིག་དང་དོགས་ཟོན་ཆེན་པོ་བྱེད་དགོས།“རྒྱལ་ཁབ་ཀྱི་གཞུང་ཞབས་པ་ལས་གཞན་ད་རུང་སློབ་ཆེན་སློབ་མའང་གཅིག་མཚུངས་རེད”ཅེས་ལི་ཝུན་ལིའང་གིས་དེ་ལྟར་བཤད་པ་དང་།“ཁྲིམས་འགལ་པ་ཁ་ཤས་ཀྱིས་སྲིད་གཞུང་རྩ་འཛུགས་ཀྱི་ལས་བྱེད་པ་མིན་པ་སོགས་ཀྱི་སྣང་བརྙན་དེ་འགེབས་སྲུང་དུ་བརྩི་བ་དང་།རྟོག་ཞིབ་བྱེད་པ་དང་རྒྱུ་ཆ་འཚོལ་ཞིབ་བྱེད་པའི་རྣམ་པ་ཡིས།སློབ་གྲྭ་ཆེན་མོ་བར་མགོ་སྐོར་བཏང་ནས་ཁྲིམས་འགལ་བྱ་འགུལ་ནང་ཞུགས་སུ་འཇུག་པ་སྟེ།དཔེར་ན་དམག་དོན་རྟེན་གཞི་སོགས་ཀྱི་ཚོར་སྐྱེན་ས་ཁུལ་དུ་སོང་ནས་པར་བརྒྱབ་ན།དེ་བསྟུན་གྱི་དཔལ་འབྱོར་ཁེ་ཕན་སྟེར་བ་སོགས་བྱེད་པ་རེད།”

དེ་ལས་གཞན་ལི་ཝུན་ལིའང་གིས་ད་རུང་དྲན་སྐུལ་བྱེད་ཀྱིན་པ་སྟེ།རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཚན་རྩལ་ལས་གཉེར་མཁན་སོགས་ཀྱི་གསང་འབྲེལ་ཆ་འཕྲིན་དང་འབྲེལ་འདྲིས་ཡོད་པའི་མི་ཚོགས་ཀྱིས།ནམ་ཡང་རང་ཉིད་ཀྱི་བྱ་སྤྱོད་དང་གཏམ་བརྗོད་ལ་སེམས་ཆུང་བྱེད་དགོས་པ་ལས།“མི་མང་འདུ་ས་སོགས་ཀྱི་འོས་འཚམ་མིན་པའི་ས་གནས་སུ་ཚོར་སྐྱེན་བརྗོད་གཞིའི་སྐོར་གྱི་གཏམ་གླེང་བྱེད་མི་ཆོག་ལ།དྲ་སྦྲེལ་དང་ལག་ཁྱེར་ཁ་པར་སོགས་ཀྱི་སྨྱན་བྱེད་སྤྱད་དེ་གསང་འབྲེལ་ཆ་འཕྲིན་བརྒྱུད་སྒྲོག་གཏན་ནས་བྱེད་མི་ཆོག གལ་ཏེ་དོགས་ཡོད་མི་སྣ་དང་འཕྲད་ན་ཐེ་ཚོམ་གང་ཡང་མེད་པར་མྱུར་བ་མྱུར་དུ་རྒྱལ་ཁབ་བདེ་འཇགས་ཀྱི་གཏུག་བཤེར་བདག་སྤྲོད་ཁ་པར12399ལ་ཁ་པར་གཏོང་དགོས།”

བཅའ་ཁྲིམས་ཀྱི་ལམ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་དགོས། རྒྱལ་སྤྱིའི་འབྲེལ་བ་སྔར་ལས་དམ་པོར་གྱུར་པ་དང་བསྟུན་ནས།རྒྱལ་ཁབ་ཀྱི་གཞུང་ཞབས་པ་དང་ཚན་རྩལ་ལས་གཉེར་པ་སུ་ཞིག་ཡིན་རུང་ཕྱི་རྒྱལ་དུ་ཡུལ་སྐོར་དང་སློབ་སྦྱོང་ལ་འགྲོ་བའི་གོ་སྐབས་ཇེ་མང་ནས་ཇེ་མང་ཡིན་མོད།འོན་ཀྱང་ཁྲིམས་འགལ་པ་མང་ཤས་ཀྱིས་གོ་སྐབས་དེ་བེད་སྤྱད་དེ་ཉེས་བསགས་བྱ་འགུལ་སྤེལ་བ་ཧ་ཅང་མང་།

ལི་ཝུན་ལིའང་གིས་མཚམས་སྦྱོར་བྱས་པ་སྟེ།ཐོག་མར།ཕྱི་རྒྱལ་དུ་སོང་ན་ས་གནས་དེའི་བཅའ་ཁྲིམས་དང་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས་པས།ཁྲིམས་འགལ་པར་གོ་སྐབས་བྱིན་པ་རེད།དེ་ནས།གལ་ཏེ་ཕྱི་རྒྱལ་ནས་ཁྲིམས་འགལ་པ་དང་ཁྲིམས་འགལ་རྩ་འཛུགས་ཀྱིས་ཚོད་འཛིན་བྱས་ན།རང་ཉིད་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པའི་གནས་ཚུལ་འོག དུས་ཐོག་ཏུ་འབྲེལ་ཡོད་ལས་ཁུངས་ལ་གནས་ཚུལ་ཡར་ཞུ་བྱེད་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གསང་མྱུལ་རྒོལ་རྡུང་བཅའ་ཁྲིམས》ནང“ཕྱི་རྒྱལ་ནས་འཇིགས་སྐུལ་དང་ཡང་ན་མགོ་སྐོར་ཐེབས་ཏེ་རྩ་འཛུགས་དགྲ་རུ་འཛིན་པ་དང་རྩ་འཛུགས་ལ་གསང་མྱུར་བྱེད་དུ་བཅུག་སྟེ།རང་རྒྱལ་གྱི་རྒྱལ་ཁབ་བདེ་འཇགས་ལ་གནོད་འཚེ་ཐེབས་པའི་བྱ་འགུལ་ནང་ཞུགས་རྗེས།དུས་ཐོག་ཏུ་རང་རྒྱལ་གྱི་ཕྱི་སྡོད་ལས་ཁུངས་ལ་གནས་ཚུལ་ཇི་བཞིན་གསལ་བཤད་བྱེད་པ་དང་།ཡང་ན་རྒྱལ་ནང་དུ་སླེབས་རྗེས་མྱུར་དུ་ཐད་ཀར་དང་ཡང་ན་རང་ཉིད་གནས་སའི་སྡེ་ཚན་བརྒྱུད་དེ་རྒྱལ་ཁབ་བདེ་འཇགས་ལས་ཁུངས་དང་སྤྱི་བདེ་ལས་ཁུངས་ལ་གནས་ཚུལ་མ་གསང་བར་གསལ་བཤད་བྱེད་པར་མ་ཟད།འགྱོད་བཤགས་བྱེད་འདོད་ཡོད་ན།རྩད་གཅོད་མ་བྱས་ནའང་ཆོག་པ་གཏན་འཁེལ་བྱས་ཡོད།

“འདི་ནི་བཅའ་ཁྲིམས་ཀྱི་སྐྱོབ་ཐབས་ཤིག་ཡིན་ཏེ།གལ་ཏེ་ཕྱི་རྒྱལ་ནས་དེ་མཚུངས་ཀྱི་གནས་ཚུལ་དང་འཕྲད་སྐབས།བཅའ་ཁྲིམས་ཀྱི་བྱེད་ཐབས་བཀོལ་ཤེས་དགོས།རང་སྟེང་གི་བདེ་འཇགས་ལ་འགན་སྲུང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཤེས་དགོས་མོད།འོན་ཀྱང་གལ་ཏེ་ཁྲིམས་འགལ་པར་གསང་འབྲེལ་ཆ་འཕྲིན་འདོན་སྤྲོད་བྱས་ཟིན་ན།བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར།ཁེ་ཕན་བླངས་ཡོད་མེད་གང་ཡིན་རུང་ཉེས་པ་བསགས་ཡོད”ཅེས་ལི་ཝུན་ལིའང་གིས་བཤད།

རྒྱལ་ཁབ་བདེ་འཇགས་ཀྱི་འདུ་ཤེས་དེ་སྤྱི་དམངས་ཡོངས་ཀྱི་བྱང་ཚད་གྲུབ་ཆ་རུ་འགྱུར་དུ་འཇུག་དགོས།ད་ལྟ།རྒྱལ་ཁབ་ཀྱི་བདེ་འཇགས་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཁུངས་ཁོ་ནའི་འགན་འཁྲི་མ་ཡིན་པར།སྲིད་གཞུང་གི་ལས་ཁུངས་སོ་སོའང་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་བྱེད་པའི་འགན་འཁྲིའི་བྱེད་པོ་རུ་གྱུར་ཡོད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་དགུ་པའི་ནང“ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་སོ་སོས་རང་རང་གི་འགན་བགོས་ལྟར།རྒྱལ་ཁབ་བདེ་འཇགས་ཀྱི་བྱེད་ཐབས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ལག་ལེན་མཐར་ཕྱིན་བྱེད་དགོས་ལ།རང་མ་ལག་དང་རང་ཁྱབ་ཁོངས་ཀྱི་རྒྱལ་ཁབ་བདེ་འཇགས་བྱ་བར་དོ་དམ་དང་མཛུབ་སྟོན་བྱེད་དགོས”པ་གཏན་འཁེལ་བྱས་ཡོད་པ་དང་།“འདིས་སྤྱི་དམངས་སོ་སོ་དང་ནང་སྒོས་སུ་རྒྱལ་ཁབ་ཀྱི་གཞུང་ཞབས་པ་རྣམས་ལ་རྒྱལ་ཁབ་ཀྱི་བདེ་འཇགས་དེ་ཁྱོད་དང་འབྲེལ་བ་དམ་པོ་ཡོད་པ་དྲན་སྐུལ་བྱས་ཡོད”ཅེས་ལི་ཝུན་ལིའང་གིས་དེ་ལྟར་བཤད།

ལས་རིགས་ནང་ཁུལ་གྱི་མི་སྣ་མང་པོ་ཞིག་གི་སེམས་ལ།རྒྱལ་དམངས་ཀྱི་རྒྱལ་ཁབ་བདེ་འཇགས་འདུ་ཤེས་ཇེ་མཐོར་གཏོང་དགོས་ན།དམངས་ཡོངས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཉིན་མོ་འདིར་དྲིལ་སྒྲོག་སློབ་གསོ་གཏོང་བར་ཤུགས་སྣོན་དགོས་པ་ལས་ད་རུང་བྱ་བ་དེ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་དུ་འཇུག་དགོས་པར་འདོད་ཀྱིན་ཡོད།

“སྲིད་གཞུང་གི་ལས་བྱེད་པ་དང་ཚན་རྩལ་ལས་གཉེར་པ་སོགས་ཀྱི་མི་ཚོགས་ལ་དུས་ཡུན་རིང་པོ་དང་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་རྒྱལ་ཁབ་བདེ་འཇགས་ཐད་ཀྱི་སློབ་གསོ་བཏང་སྟེ།ཁོ་ཚོའི་འགོག་ཟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས་པ་དང་།དེ་མིན་ད་རུང་རྒྱལ་ཁབ་བདེ་འཇགས་སློབ་གསོ་དེ་རྒྱལ་དམངས་སློབ་གསོ་མ་ལག་གི་ནང་དུ་བཅུག་ནས། རྒྱལ་ཁབ་བདེ་འཇགས་འདུ་ཤེས་དེ་སྤྱི་དམངས་བྱང་ཚད་ཀྱི་གྲུབ་ཆ་རུ་འགྱུར་དུ་འཇུག་དགོས”ཞེས་ལི་ཝུན་ལིའང་གིས་དེ་ལྟར་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།