མངག་གཏོང་ལས་མིས་གྱོད་དོན་བཟོས་ན་འགན་འཁྲི་ཇི་ལྟར་རྩད་གཅོད་བྱེད་དགོས།

ངའི་ཨ་ཁུ་ལ་ཉེ་སྔོན་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་སྟེ།ལས་ཚོགས་གྲོལ་རྗེས་ལྕགས་རྟར་ཞོན་ནས་ཡུལ་ལ་ལོག་པའི་ལམ་བར་དུ་རླངས་འཁོར་ཞིག་གིས་བརྒྱབ།རླངས་འཁོར་དེ་ཀུང་སི་ཀ་པའི་ཡིན་ལ་ཁ་ལོ་བ་ནི་ལས་མི་མངག་གཏོང་པ་ཞིག་རེད།ཁོས་ཀུང་སི་ཁ་པར་གན་རྒྱ་བཞག་རྗེས་ཀུང་སི་ཀ་པ་རུ་བྱ་བ་སྒྲུབ་ཀྱིན་ཡོད།ད་ལྟ་ང་ཚོས་ཁ་ལོ་བ་དང་གཞན་ད་དུང་ཀུང་སི་ཀ་པ་དང་ཀུང་སི་ཁ་པ་བཅས་ལ་གྲོས་མོལ་བྱེད་ཀྱིན་ཡོད་མོད།འོན་ཀྱང་སྐྱིན་ཚབ་དངུལ་གྲངས་ཀྱི་ཐད་ནས་གྲོས་མཐུན་མི་ཡོང་བར་མ་ཟད།ཀུང་སི་ཁ་པས་ད་རུང་སྐྱིན་ཚབ་འཇལ་འགན་ཁུར་འདོད་མེད་ཚུལ་བསྟན་ཏེ།ང་ཚོར་སྐྱིན་ཚབ་འདིའི་རིགས་ཀུང་སི་ཀ་པས་འགན་འཁུར་དགོས་པ་དང་།ཁོ་ཚོའི་བར་གྱི་མངག་གཏོང་གན་རྒྱའི་ནང་འབྲེལ་ཡོད་ཀྱི་ཁ་ཆད་བཞག་ཡོད་ཚུལ་སོགས་མང་པོ་མང་པོ་ཞིག་བཤད་སོང་།འདིར་འདྲི་རྒྱུ་ཞིག་ཡོད་པ་ནི་གལ་སྲིད་གྲོས་མཐུན་མ་བྱུང་བར་ཁྲིམས་ཁང་དུ་གཏུག་དགོས་པ་བྱུང་ན།ང་ཚོས་ཀུང་སི་ཀ་པ་དང་ཁ་པ་གཉིས་མཉམ་དུ་གཏུག་ན་ཆོག་གམ།གལ་ཏེ་ཁོ་ཚོའི་བར་དུ་དངོས་གནས་འབྲེལ་ཡོད་ཀྱི་ཁ་ཆད་བཞག་ཡོད་ན།ཀུང་སི་ཁ་པས་ངའི་ཨ་ཁུ་ལ་སྐྱིན་ཚབ་སྐར་གང་ཡང་འཇལ་མི་དགོས་པ་ཨེ་རེད།

གལ་ཏེ་གྲོས་མཐུན་མ་བྱུང་ན།ཁྱོད་ཀྱི་ཨ་ཁུས་ཀུང་སི་ཀ་པ་དང་ཀུང་སི་ཁ་པ། གཞན་ད་རུང་ཁ་ལོ་བ་དང་བརྟན་སྩོལ་ཀུང་སི་བཅས་མཉམ་དུ་ཞུ་སྦྱོར་ཕྱི་མར་བརྩིས་ནས་ཁྲིམས་ཁང་ལ་གཏུག་ཆོག

གན་རྒྱའི་བཅའ་ཁྲིམས་ཀྱི་ལྟོས་བཅོས་རང་བཞིན་གྱི་རྩ་དོན་ལྟར་ན།གན་རྒྱ་དེར་དོ་བདག་པའི་བར་དུ་ཕན་ནུས་ཐོན་ཡོད་ནའང་།གན་རྒྱ་དང་འབྲེལ་བ་མེད་པའི་མི་གསུམ་པ་ལ་ཁྲིམས་བཀོད་ཀྱི་གཅུན་ནུས་ཅི་ཡང་མེད།ཡང་ཅིག་བཤད་ན།ཀུང་སི་ཀ་པ་དང་ཀུང་སི་ཁ་པ་གཉིས་ཀྱིས་མངག་གཏོང་གི་གྲོས་མཐུན་བཞག་ཡོད་པ་དེས་ཀུང་སི་ཀ་པ་དང་ཀུང་སི་ཁ་པ་གཉིས་ཀྱི་བར་ལ་ཕན་ནུས་ཐོན་གྱིན་ཡོད་ནའང་།གན་རྒྱའི་ཁ་ཆད་དེས་གན་རྒྱ་དང་འབྲེལ་བ་མེད་པའི་མི་གསུམ་པ་དེར་གཅུན་ནུས་གང་ཡང་ཐོན་མི་ཐུབ།དེ་བས་ཀུང་སི་ཁ་པར་སྐྱིན་ཚབ་འཇལ་འགན་གང་ཡང་མེད་པ་ཞིག་མིན། ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།