བྱིས་པའི་སྙོར་སྐྱོང་དབང་ཆར་བཅོས་བསྒྱུར་བྱེད་ན་བཅའ་ཁྲིམས་ཀྱི་གཏན་ཁེལ་གང་དག་ཡོད།

1474968399771623.png

གྱོད་དཔེ།

ང་དང་ཁྱོ་ག་གཉིས་ཉིས་སྔོང་ལྔ་ལོར་རང་དབང་རང་འཐད་སྒོས་འབྲེལ་ཡོད་ལས་ཁུངས་སུ་སོང་སྟེ་གཉེན་སྒྲིག་གི་ཆོ་གའང་སྤེལ་བ་ཡིན། དེ་དུས་ངེད་བཟའ་ཟླ་གཉིས་འགྲིག་ཅིང་མཐུན་ལ་ལོ་གཅིག་འགོར་རྗེས་སྙིང་རྗེ་བའི་བྱིས་པ་ཞིག་ཀྱང་སྐྱེས། ཡིན་ནའང་ལས་དབང་ལ་ཟློག་ཐབས་མེད་ཅེས་པའི་དཔེ་ལྟར། ན་ནིང་གི་ལོ་སར་ནས་བཟུང་ངེད་བཟའ་ཟླ་གཉིས་ཀྱི་བར་ལ་དུས་རྒྱུན་ཁ་རྩོད་དང་འགལ་བ་སྣ་ཚོགས་བྱུང་བཞིན་ཡོད་ལ། ན་ནིང་གི་ཟླ་བརྒྱད་པ་ནས་བཟུང་ཁྱིམ་གཅིག་ཏུ་འཚོ་བ་རོལ་ཐབས་བྲལ་བའི་ཚད་ལ་སླེབས་པས་བཟའ་འཐོར་མི་བྱེད་ཀ་མེད་བྱུང་། ངེད་གཉིས་བཟའ་འཐོར་བྱེད་སྐབས་རྗེས་ཕྱོགས་སུ་ཡང་བསྐྱར་ཕན་ཚུན་བར་ལ་དོན་དག་མི་འབྱུང་བའི་ཆེད་དུ་གྲོས་མཐུན་ཡི་གེ་ཞིག་ཀྱང་བྲིས་ལ། གྲོས་མཐུན་ཡི་གེའི་ནང་དུ་བྱིས་པ་བདག་གི་ཁྱོ་གས་སྙོར་སྐྱོང་བྱེད་རྒྱུ་དང་། ངས་ཟླ་རེར་ཁོ་གཉིས་ལ་འཚོ་བའི་གྲོན་དངུལ་ངེས་ཅན་ཞིག་སྟེར་རྒྱུ་ཁས་ལེན་བྱས་ཡོད། མིག་སྔར་ཁོ་རང་བུད་མེད་གཞན་དང་གཉེན་སྒྲིག་བྱེད་རྒྱུའི་གནས་ཚུལ་ཐོས་བྱུང་ལ། ཁོ་རང་བུད་མེད་དེ་དང་གཉེན་སྒྲིག་བྱས་རྗེས་མ་གཡར་གྱིས་ངའི་བྱིས་པའི་སྟེང་ལ་མི་དགའ་བའི་རྣམ་འགྱུར་སྟོན་པ་དང་། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་ཐུབ་མིན་ལ་ང་རང་སེམས་ཁུར་ཧ་ཅང་ཆེ། དེའི་རྐྱེན་གྱིས་ད་ལྟ་ངས་བྱིས་པ་རང་ཁྱིམ་དུ་བླངས་ཏེ་རང་དང་མཉམ་དུ་འཚོ་བ་རོལ་ན་འདོད། དེ་བས། ངས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཚེ་བྱིས་པའི་སྙོར་སྐྱོང་དབང་ཆ་བཅོས་བསྒྱུར་བྱེད་ཐུབ་བམ།

ཁྲིམས་བཤད།

རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་ཁེལ་ལྟར་ན། བྱིས་པའི་སྙོར་སྐྱོང་དབང་ཆ་སུ་ལ་གཏོགས་པ་ཐག་གཅོད་བྱེད་དུས་བྱིས་པའི་ཁེ་ཕན་སྲུང་སྐྱོང་བྱེད་པར་ཕན་པ་ཡོད་མེད་ཀྱི་རྩ་དོན་བརྩི་སྲུང་བྱེད་དགོས། དེ་བས། བཟའ་འཐོར་བྱས་རྗེས་སུའང་བྱིས་པའི་སྙོར་སྐྱོང་འབྲེལ་བར་བཅོས་བསྒྱུར་བྱས་ཆོག་མོད། ངེས་པར་དུ་བཅའ་ཁྲིམས་ཀྱི་གཏན་ཁེལ་ཆ་རྐྱེན་དང་མཐུན་དགོས། བྱེ་བྲག་ཏུ་གཤམ་གྱི་དོན་ཚན་འགའ་ཡོད་དེ།

གཅིག བྱིས་པའི་སྙོར་སྐྱོང་འབྲེལ་བར་བཅོས་བསྒྱུར་བྱེད་ན་ཡང་བསྐྱར་གཏུག་བཤེར་བྱེད་དགོས།

གཉིས། ཁྲིམས་བཀོད་ཀྱི་རྒྱུ་རྐྱེན་ཡོད་ཚེ་སྙོར་སྐྱོང་འབྲེལ་བ་བཅོས་བསྒྱུར་བྱེད་པར་རྒྱབ་སྐྱོར་ཐོབ་འོས། བྱེ་བྲག་གི་ཁྲིམས་བཀོད་རྒྱུ་རྐྱེན་ནི། ༡.བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེར་རིམས་ནད་ཚབས་ཆེན་ཡོད་པའམ་ཡང་ན་དབང་བོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་མུ་མཐུད་དུ་སྙོར་སྐྱོང་བྱེད་མི་ཐུབ་པ། ༢.བྱིས་པ་དང་མཉམ་དུ་འཚོ་བ་རོལ་བཞིན་པའི་ཕྱོགས་དེས་སྙོར་སྐྱོང་གི་འོས་འགན་མི་བསྒྲུབ་པ། བྱིས་པར་མནར་གཅོད་གཏོང་བའི་བྱ་སྤྱོད་ཡོད་པའམ་ཡང་ན་དེ་དང་མཉམ་དུ་འཚོ་བ་རོལ་ཚེ་བྱིས་པའི་ལུས་སེམས་བདེ་ཐང་ལ་དངོས་གནས་གནོད་པ་ཡོད་པ། ༣.ལོ་བཅུ་ཡན་གྱི་ནར་མ་སོན་པའི་བྱིས་པས་ཕྱོགས་གཞན་དང་འཚོ་བ་རོལ་འདོད་པ་མ་ཟད། ཕྱོགས་དེར་ཡང་སྙོར་སྐྱོང་གི་ནུས་པ་ཡོད་པ། ༤.གཞན་པའི་ལུགས་མཐུན་གྱི་རྒྱུ་རྐྱེན་ཡོད་པ་དང་བཅོས་བསྒྱུར་བྱེད་པའི་རེ་བ་བཏོན་དུས་གོང་གི་གནས་ཚུལ་ལས་གཅིག་ཡོད་ན། མི་དམངས་ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་འོས།

གསུམ། ཕྱོགས་གཉིས་ཀྱིས་གྲོས་བྱས་ཏེ་སྙོར་སྐྱོང་འབྲེལ་བ་བཅོས་བསྒྱུར་བྱས་ཀྱང་ཆོག

བཞི། རང་འདོད་ཀྱིས་སྙོར་སྐྱོང་འབྲེལ་བ་བཅོས་བསྒྱུར་བྱས་མི་ཆོག

ཁྱོད་ཀྱི་གནས་ཚུལ་ལ་གཞིགས་ཚེ། ཁྱོད་ཀྱིས་མི་དམངས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཆོག་ལ། སྔོན་གྱི་ཁྱོ་ག་དང་གྲོས་མཐུན་སྒོས་སྙོར་སྐྱོང་འབྲེལ་བ་བཅོས་བསྒྱུར་བྱས་ཀྱང་ཆོག

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།