ཀྲུང་གོ་བོད་ཀྱི་དྲ་བ།

གེ་སར་སྒྲུང་དང་འབྲེལ་བའི་རྣམ་ཐར་ཟློས་གར་ལ་རགས་ཙམ་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གེ་སར་སྒྲུང་ལ་མཚོན་ན། བོད་རིགས་དམངས་ཁྲོད་ཀྱི་སྒྲུང་པ་དག་གི་འཆད་གྱེར་ཁྲོད་ད་བར་འཕེལ་རྒྱས་དང་འཐུས་ཚང་དུ་ཕྱིན་ལ། འདིའི་སྟེང་དུ་རིག་གནས་ཀྱི་སྣ་སྒོ་མང་པོ་ཞིག་ཀུན་ནས་སིམ་ཡོད།

གཅིག རྣམ་ཐར་ཟློས་གར་གྱི་འཇུག་ཡུལ།

སྤྱིར་བཏང་རྣམ་ཐར་ནི་སྐྱེས་བུ་དམ་པ་ཞིག་གི་མི་ཚེ་གང་པོའི་མཛད་སྤྱོད་དང་ལོ་རྒྱུས་ཀྱི་བསྟན་བཅོས་ལ་བྱ་སྟེ། གང་ཟག་ཅིག་གི་ཚེ་གང་བྱུང་བའི་དོན་རྣམས་བརྗོད་བྱར་གཞིར་བཟུང་སྟེ་རྗོད་བྱེད་ཀྱི་རྣམ་པ་བརྒྱུད་ནས།མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་ཞིག་དགོས་པར་གསུངས་པའི་ཆ་ནས་རྣམ་ཐར་ཞེས་རྣམ་ཐར་དེ་ཐར་བའི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་ཞིག་དགོས་ཞེས་བརྗོད་ཡོད། དཔེར་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་མཁན་གྱི་སྟོན་པ་ཤཱཀྱ་ཐུབ་པའི་རྣམ་ཐར་ལྟ་བུ།སྐབས་བབ་ཀྱི་རྣམ་ཐར་ནི་རྣམ་ཐར་གང་ཞིག་འཁྲབ་སྟོན་བྱེད་པའི་ཟློས་གར་ལ་བྱ་སྟེ།རྣམ་ཐར་ནི་ཟློས་གར་དང་དོན་འདྲ་སྟེ། ལུས་ཀྱི་གར་ཆས་འདྲ་བའི་སྡེ་ཚན་དང་།མི་འདྲ་བའི་སྡེ་ཚན་མང་དུ་གྱོན་ཞིང་། ལུས་དང་ཡན་ལག་གི་རྣམ་འགྱུར་སྣ་ཚོགས་དང་།དབྱངས་དང་། སྐད་ཀྱི་བྱེ་བྲག་ཐ་དད་དང་། ངག་གི་སྦྱོར་བ་དུ་མ་བྱེད་པའོ།།ཞེས་ལུས་ལ་གར་ཆས་གྱོན་ཏེ་རྣམ་འགྱུར་སྣ་ཚོགས་སྟོན་པ་དང་།ངག་གིས་དབྱངས་དང་སྐད་ཀྱི་བྱེ་བྲག་སོགས་སྦྱོར་བ་དུ་མ་བྱེད་པའི་ཟློས་གར་དུ་གོ་འདུག་པ་བཅས།རྣམ་ཐར་ཟློས་གར་ནི་གཏམ་རྒྱུད། ལོ་རྒྱུས། རྣམ་ཐར།རྟོགས་བརྗོད་སོགས་འཁྲབ་གཞི་ངེས་ཅན་ཞིག་ལ་གཞིར་བྱས་ཏེ་ངག་གིས་གླུ་དང་ལུས་ཀྱིས་གར་འཁྲབ་ཅིང་།ནང་བསམ་བློའི་འགྱུར་བ་མངོན་པར་བྱེད་པའི་གླུ་གར་ཟུང་འབྲེལ་གྱི་སྒྱུ་རྩལ་རྣམ་པ་ཞིག་ལ་གོ་བ་ཡིན།

གཉིས། ཟློས་གར་གྱི་རུ་མ།

བོད་མིའི་འཚོ་བའི་ཁོར་ཡུག་ཁྲོད་གླུ་དང་བྲོ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་ཅིང་།བོད་མི་དག་ལ་འཛོམས་ཡོད་པའི་གླུ་བྲོ་སྒྱུ་རྩལ་གྱི་འཇོན་ཐང་ལ།སྐད་ཆ་བཤད་ཤེས་པ་ནས་གླུ་ལེན་ཤེས་པ་དང་།གོམ་པ་སྤོ་ཤེས་པ་ནས་བྲོ་འཁྲབ་ཤེས་ཞེས་པའི་ངག་རྒྱུན་འདི་བཀོལ་ནས་གདེང་འཇོག་བྱེད་བཞིན་འདུགདེ་ཡང་བོད་ཡུལ་དུ་གླུ་བྲོའི་སྒྱུ་རྩལ་ནི་གནའ་བོའི་དུས་ནས་བྱུང་ཡོད་ངེས་ཤིང་།དགའ་ལྡན་གྱི་ལྷ་རྣམས་ཀྱིས་སྟོན་པ་ལ་གནམ་གཡུང་དྲུང་གི་ལུགས་ཞེས་བྱ་བ་གར་དང་རོལ་མོ་དང་ཚོམ་ཚོམ་དང་བཀྲ་ཤིས་གཡུང་དྲུང་གི་མཆོད་པ་སྣ་ཚོགས་ཕུལ།ཞེས་བོན་གྱི་སྟོན་པ་གཤེན་རབ་ལྷའི་གནས་སུ་བྱོན་པ་ལ། ལྷའི་རྒྱལ་པོ་ཚངས་པ་ལ་སོགས་པའི་ལྷ་རྣམས་ཀྱིས་སྡུག་པའི་གར་དང་སྙན་པའི་རོལ་མོ་སོགས་ཀྱི་མཆོད་པ་ཕུལ་བ་བཀོད་འདུག

དེ་མིན་བོད་ཀྱི་ལོ་རྒྱུས་ཡིག་ཆ་ལས་ཆེས་ཁུངས་བཙུན་པ་ཏུང་ཧོང་ནས་བུད་པའི་ཡིག་ཆ་རུ།འ་བ་ཉི་ཉེ་བ་ཉིད། བྱ་རོ་རོ་ན་མདུང་གི་རྩེ་རང་ནིག ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིགབརླའ་བརྡུངས། སྤུར་བཏབ། འྭོ་དེ་མྱེད་སྤུ་དེ་མྱེད། ཅེས་པའི་མགུར་གླུ་དང་།གཞན་ཕྱིས་ཀྱི་བོད་རྒྱལ་སྟག་རི་གཉན་གཟིགས་སོགས་བཙན་པོ་རིམ་བྱོན་གྱི་དུས་སུ་ཡང་རྒྱལ་པོ་དང་བཙུན་མོ།བློན་པོ་སོགས་ཀྱིས་ཕན་ཚུན་ལ་བླངས་པའི་མགུར་ཡང་མང་དུ་འདུག

གཞན་ཆེས་སྔ་བའི་བོད་ཀྱི་ཟློས་གར་ཏེ་འབྲས་དཀར་ལ་མཚོན་ན།བོད་ལྗོངས་ཡར་ཀླུང་ས་ཁུལ་གྱི་དམངས་ཁྲོད་ཀྱི་གླུ་དང་འབྲོང་བྲོ།སྲོག་ཆགས་ཀྱི་ངུར་སྒྲ་ལ་ལད་མོ་བྱེད་པའི་རྨང་གཞིའི་སྟེང་གསབ་སྣོན་འཕེལ་རྒྱས་བརྒྱུད་བྱུང་བ་ཡིན་ཞེས་པའི་ལུང་ཚིག་འདི་ལས།འབྲས་དཀར་ལ་མཚོན་ན།དེ་ལ་བོད་རིགས་དམངས་ཁྲོད་ཀྱི་གླུ་དང་བྲོ་རྨང་གཞི་བྱས་ཡོད་པ་ཤེས་ཐུབ་པ་སོགས།བོད་མི་རིགས་ལ་གླུ་བྲོའི་སྒྱུ་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོད་པས།དེས་ཟློས་གར་གྱི་བྱུང་འཕེལ་ལ་ནུས་པ་གལ་ཆེན་ཐོན་ཡོད་དེ། དམངས་ཁྲོད་ཀྱི་བྲོ་ནི་བོད་ཀྱི་ཟློས་གར་སྦྲུམ་པའི་ཁྲག་རྒྱུན་གཙོ་བོ་ཡིན་ཅེས་དང་།བོད་ཀྱི་ཟློས་གར་དུ་དམངས་ཁྲོད་དང་ཆོས་ལུགས་ཀྱི་གླུ་དབྱངས་ཟབ་ཞུགས་བྱས་པ་ནི།ཟློས་གར་རང་གྲ་རྒྱས་སུ་འགྱུར་བ་ལ་ཆད་མི་ཉན་པའི་གསོ་ཆས་ཡིན་ཞེས་པའི་ལུང་ཚིག་འདི་ལས་བོད་མིའི་གླུ་དང་བྲོ་ནི་ཟློས་གར་འབྱུང་བའི་གཞི་མ་དང་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོར་གྱུར་ཡོད་པ་ཤེས་ཐུབ།

གསུམ། གེ་སར་སྒྲུང་དང་འབྲེལ་བའི་ཟློས་གར།

གེ་སར་སྒྲུང་དང་འབྲེལ་བའི་ཟློས་གར་ལ་མཚོན་ན། གེ་སར་རྒྱལ་པོའི་མཛད་པ་རྟོགས་བརྗོད་གླུ་དང་བྲོ་ཡི་ལམ་ནས་འཁྲབ་བཞིན་ཡོད་ལ། སྒྲུང་གི་རིག་གནས་དར་ཁྱབ་ཆེ་བའི་ས་ཁུལ་སོ་སོར་མཐོང་རྒྱུ་ཡོད། དཔེར་ན་གེ་སར་སྒྲུང་ལས《རྟ་རྒྱུག་རྒྱལ་འཇོག》དང《བདུད་འདུལ།》《 ཨ་སྟག་ལྷ་མོ།》སོགས་མང་དུ་ཡོད་པས། འདི་རུ《 ཨ་སྟག་ལྷ་མོ།》དཔེ་རུ་བཀོད་ནས་བརྗོད་པ་ལ།《ཨ་སྟག་ལྷ་མོ།》ཡི་འཁྲབ་གཞུང་ནི་སྔགས་པ་གྲྭ་ཚང་གི་པད་མ་རིག་འཛིན་ལགས་ཀྱིས་སྒྲིག་རྩོམ་གནང་བ་ཡིན་ཞིང་།ཁོང་གིས་ལོ་རྒྱུས་སྙན་རྩོམ《གེ་སར་སྒྲུང་།》ལས།《དམྱལ་གླིང་མུན་པ་རང་གསལ།》གཞིར་བཟུང་སྟེ་སྒྲིག་ཅིང་།ནང་དོན་ནི་གེ་སར་རྒྱལ་པོ་རྒྱ་ལ་ཕེབས་པ་དང་ཤུལ་དུ་ཨ་སྟག་ལྷ་མོ་ཚེ་ལས་འདས་ཏེ་དམྱལ་བའི་སྡུག་བསྔལ་མྱངས་པ་སོགས་ཀྱིས་གྲུབ་ཡོད་དེ།ཁོང་ནས་དགའ་བའི་འགྱུར་བ་ཕྱི་རོལ་དུ་སྒེག་པའམ་རྩེད་འཇོའི་ཉམས།དགོད་བྲོ་བ་ལ་བཞད་གད་དམ་གད་མོ་དགོད་པའི་ཉམས།ཤི་འབྲལ་སོགས་ཀྱི་མྱ་ངན་ལ་བཞིན་མདངས་ཉམས་ཤིང་སྙིང་རྗེ་བའི་ཉམས།ཁྲོ་བ་ལ་དྲག་ཤུལ་ལམ་ཁྲོ་གཉེར་བསྡུས་པའི་ཉམས།སེམས་ཀྱི་གཟེངས་མཐོ་བ་ལ་སྤོབས་པ་ཆེ་ཞིང་བློ་སྟོབས་ལྡན་པའི་དཔའ་བོའི་ཉམས།སྐྲག་པ་ལ་འཇིགས་ཤིང་བག་འཁུམས་པའི་ཉམས། སྐྱུག་བྲོ་བ་ལ་ཞེ་མེར་ཞིང་མི་སྡུག་པའི་ཉམས།ངོ་མཚར་བ་ལ་རྨད་བྱུང་ངམ་རྔམ་པའི་ཉམས་བཅས་གར་གྱི་ཉམས་བརྒྱད་བཞིན《ཨ་སྟག་ལྷ་མོའི།》འཁྲབ་སྟོན་སྐབས་སུ་འཇིགས་སུ་རུང་བ་དང་བརྗིད་ཆགས་པ།སྙིང་རྗེ་བའི་ཆ་ལྡན་ཡོད་ལ། འཁྲབ་སྟོན་གྱི་རྣམ་པ་ཕུན་སུམ་ཚོགས་པས། སྒོ་གསུམ་ཀུན་ཏུ་གར་གྱི་ཉམས་འགྱུར་གྱི་ཆ་ཡོངས་སུ་ཚང་ཡོད་དེ།ལྟད་མོ་བའི་མིག་ངོར་གླིང་གི་རྒྱལ་འབངས་དང་ཨ་སྟག་ལྷ་མོ་མི་འདོད་ནད་ཀྱིས་བཟུང་སྟེ་ཚེ་ལས་འདས་པ།དམྱལ་བའི་སེམས་ཅན་གྱི་སྡུག་བསྔལ་སོགས་གསལ་ལེར་སྟོན་ཐུབ།

ལོ་རེ་བཞིན་ལུགས་རྙིང་གི་བོད་ལོའི་ཚེས་བཅོ་ལྔ་ནས་ཚེས་ཉེར་ལྔའི་བར་དུ་རྣམ་ཐར་ཟློས་གར《ཨ་སྟག་ལྷ་མོའི།》འཁྲབ་སྟོན་ལ་སྦྱངས་བ་བྱས་ཏེ།ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨོན་ལམ་ཆེན་མོའི་དུས་ལུགས་རྙིང་ལོ་སར་གྱི་ཚེས་བཅུ་གསུམ་ཉིན་འཁྲབ་སྟོན་བྱེད།སྐབས་དེར། རྒྱལ་ཁབ་ཕྱི་ནང་གི་མགྲོན་པོ་ཤིན་ཏུ་མང་ཞིང་། ཁོ་ཚོ་འདི་རུ་འདུས་ཏེ་མྱོང་རོལ་བྱེད་བཞིན་ཡོད།རྣམ་ཐར་ཟློས་གར《ཨ་སྟག་ལྷ་མོ།》ལ་མཚོན་ན། བླ་བྲང་ས་ཁུལ་རང་གི་ཐུན་མོང་མ་ཡིན་པའི་དམངས་ཁྲོད་གླུ་གར་གྱི་ཤན་ཞུགས་ཡོད་པས།ས་གནས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དོད་ཡོད་ཅིང་།འཁྲབ་གཞུང་འདི་འཁྲབ་པའི་དགོས་པའམ་དགེ་མཚན་ནི་སྐྱེ་བ་སྔ་ཕྱི་ཡོད་པ་དང་། སྐྱེ་བ་འདི་ལ་དཀར་ནག་གི་ལས་གང་བསྒྲུབས་ཀྱང་གཤིན་རྗེའི་རྒྱ་མའི་སྟེང་ཡོ་གཟུར་སྤུ་ཙམ་མེད་པར་རང་ལ་སྨིན་པ་བརྗོད་དེ།ལྟད་མོ་བ་རྣམས་ལ་ཚེ་འདི་ལ་དཀར་པོའི་ཆོས་ཀྱི་ལས་མང་དུ་སྒྲུབ་པ་ལས།སྲོག་གཅོད་པ་སོགས་མི་དགེ་བའི་ལས་ཅི་ཡང་བྱ་མི་རུང་བའི་ནང་པ་སངས་རྒྱས་ཀྱི་ལྟ་དགོངས་འདྲེན་བྱེད་མིག་གི་ལམ་དུ་བསྟར་བ་དེ་ཡིན། །

གོང་གི་ནང་དོན་དག་ཆབ་འགག་ཇོ་རུའི་རིག་གནས་འཕྲིན་སྟེགས་ལས་བཤུས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།