ཀྲུང་གོ་བོད་ཀྱི་དྲ་བ།

བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གཞན་འགྱུར་རང་བཞིན་ལ་དཔྱད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གཡང་མོ་སྐྱིད།   སྤེལ་དུས། : 2016-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1474877366888727.jpg

གཡང་མོ་སྐྱིད། ༡༩༧༤ལོའི་ཟླ༨པར་མཚོ་སྔོན་མང་རྫོང་དུ་སྐྱེས། བོད་རིགས། རབ་འབྱམས་པ། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་ཡིན།  ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་དམངས་ཁྲོད་རྩོམ་རིག་དང་བོད་ཀྱི་བརྡ་རྙིང་ཡིག་ཆ་ཡིན། རྒྱལ་ཁབ་རིམ་པའི་ལས་གཞི༢བསྒྲུབས་པ་དང་། བོད་ཡིག་གི་དཔེ་དེབ༢པར་སྐྲུན་བྱས། རིམ་པ་སོ་སོའི་དུས་དེབ་སྟེང་བོད་ཡིག་གི་དཔྱད་རྩོམ༡༥ལྷག་འགྲེམ་སྤེལ་བྱས། 《བོད་ཀྱི་དམངས་ཁྲོད་རྩོམ་རིག་སྤྱི་བཤད་བློ་གསར་འདྲེན་པའི་སྐྱ་རེངས》ཞེས་བྱ་བར་རྒྱལ་ཁབ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ།  ཞིང་ཆེན༡༣༥མཐོ་རིམ་མི་སྣ་སྐྱེད་སྲིང་འཆར་བཀོད་སློབ་ཁྲིད་རྐང་འཛིན་པ་དང་། ཞིང་ཆེན་རིམ་པའི་ན་གཞོན་དགེ་རྒན་རྐང་འཛིན་པ་བཅས་ཡིན།།


[ནང་དོན་གནད་བསྡུས]   དཔྱད་རྩོམ་འདིར་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ཁྱད་ཆོས་གཙོ་བོ་བཞི་ལས་གཞན་འགྱུར་རང་བཞིན་གྱི་རྣམ་པ་དང་ནུས་པ། རྩ་བའི་འབྱུང་རྐྱེན་སྐོར་ལ་དཔྱད་བརྗོད་བྱས་ཡོད།

[བརྡ་ཆད་གཙོ་བོ]  གཞན་འགྱུར། རྣམ་པ། ནུས་པ། འབྱུང་རྐྱེན།


བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་གཞན་འགྱུར་རང་བཞིན་ལ་དཔྱད་པ།


དམངས་ཁྲོད་རྩོམ་རིག་ནི་དམངས་ཁྲོད་སྲོལ་རྒྱུན་གྱི་རྣམ་པས་གསར་རྩོམ་དང་ཁྱབ་སྤེལ་བྱས་པའི་རྩོམ་རིག་གི་རྣམ་པ་ཞིག་ཡིན།དེ་ནི་ངག་ཐོག་གི་སྐད་ཆའི་མ་ལག་ཞིག་སྟེ། གསར་རྩོམ་དང་ཁྱབ་སྤེལ་གང་ཡིན་ཡང་ངེས་གཏན་གྱི་ཚོགས་པ་ཞིག་ལ་བརྟེན་ནས་ལེགས་འགྲུབ་བྱུང་བ་ཞིག་ཡིན་ལ། གསོན་ཉམས་ལྡན་པའི་རྩོམ་རིག་གི་རྣམ་པ་ཞིག་ཀྱང་ཡིན། ཁྱབ་གདལ་གྱི་གོ་རིམ་ལས་འགྱུར་ལྡོག་འབྱུང་བཞིན་པ་དང་། འགྱུར་ལྡོག་འབྱུང་བཞིན་ཁྱབ་གདལ་དུ་འགྲོ་བཞིན་པ་ནི་བརྩམས་ཆོས་གང་ཞིག་དམངས་ཁྲོད་རྩོམ་རིག་གི་ཁྱབ་ཁོངས་སུ་གཏོགས་མིན་གྱི་དབྱེ་བ་འབྱེད་པའི་རྩ་བའི་ཚངས་ཐིག་གཙོ་ཤས་ཤིག་ཡིན་པར་མ་ཟད། དམངས་རྩོམ་གསར་རྩོམ་དང་ཁྱབ་གདལ་བྱེད་སྟངས་ཀྱི་ཁྱད་ཆོས་ཤིག་ཀྱང་རེད། དམངས་ཁྲོད་རྩོམ་རིག་གསར་རྩོམ་བྱེད་པ་ནི་ཐེངས་གཅིག་གིས་ལེགས་པར་འགྲུབ་པའི་བརྒྱུད་རིམ་སླ་མོ་ཞིག་མ་ཡིན་ལ། ཡིག་རྩོམ་ཇི་བཞིན་ནམ་ཡང་འགྱུར་མེད་གཏན་ཁེལ་ཀྱི་རང་བཞིན་ལྡན་པ་ཞིག་ཀྱང་མིན། དེ་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་འགྲོགས་ནས་ཡང་དང་བསྐྱར་དུ་ལས་སྣོན་དང་ཁྱབ་གདལ་བྱེད་པ་དང་། ཁྱབ་གདལ་དུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ་ཕྱི་རབས་པ་རང་རང་གི་འདོད་མོས་དང་དགའ་ཁ་འཁྱེར་སོ། ཆོས་ལུགས་གྲུབ་མཐའི་ལྟ་བ་སོགས་ཀྱི་དབང་དུ་སོང་ནས་རང་རྟོགས་དང་རང་རྟོགས་མ་ཡིན་པ་གང་རུང་གི་སྒོ་ནས་འཕྲི་སྣོན་དང་བཟོ་བཅོས་བྱས་པས། སྔར་གྱི་ངག་རྩོམ་ཇི་བཞིན་པ་ཞིག་མ་ཡིན་པར་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་ཞིག་ཡིན། འོན་ཀྱང་གཞན་འགྱུར་གྱི་རྣམ་པ་དེར་བརྟེན་ནས་ངག་རྩོམ་དེ་ཉིད་གཅིག་སྡུད་ཅན་དང་དཔེ་མཚོན་ཅན་དུ་གཏོང་བ་ཡིན་པས། གཞན་འགྱུར་རང་བཞིན་ནི་དམངས་ཁྲོད་རྩོམ་རིག་གི་ཆེས་དགེ་མཚན་ལྡན་པ་དང་དོན་སྙིང་ཡོད་པའི་ཁྱད་ཆོས་གཙོ་བོའི་རིགས་ཤིག་ཏུ་མཐོང་ནས་འདིར་ཅུང་ཟད་སྤྲོས་ན།

གཅིག    གཞན་འགྱུར་གྱི་རྣམ་པ་བཤད་པ།

གཞན་འགྱུར་རང་བཞིན་དེའང་གཙོ་བོ་དམངས་ཁྲོད་རྩོམ་རིག་གི་ཐུན་མོང་རང་བཞིན་དང་ངག་ཐོག་རང་བཞིན་གཉིས་ལ་འབྲེལ་བ་དམ་པོ་ཡོད་དེ་། ངག་རྩོམ་ནི་ཐུན་མོང་གིས་གསར་རྩོམ་དང་བརྒྱུད་སྤེལ་གྱི་གོ་རིམ་ཁྲོད་མི་སུ་དང་གང་ཞིག་ལའང་དབང་བ་མ་ཡིན་པར། མི་སུ་ཡིན་ཡང་དེར་ལས་སྣོན་དང་བཟོ་བཅོས་བྱ་བའི་དབང་ཆ་ཡོད་པས་འགྱུར་ལྡོག་ཀྱང་རྒྱུན་མི་ཆད་པ་ཅིག་འབྱུང་བ་ཡིན།འགྱུར་ལྡོག་འབྱུང་བའི་རྒྱུ་རྐྱེན་ནི་སྒྲུང་བས་སྒྲུང་དཔེ་ཀློག་འདོན་བྱེད་པ་ལྟར་འཆད་ལེན་བྱེད་ཐེངས་རེར་གཏན་ཁེལ་བྱས་པའི་བརྗོད་བྱ་ཀློག་འདོན་བྱེད་པ་ཙམ་མ་ཡིན་ལ། དཔེ་ཆ་བསྐྱར་དཔར་བྱེད་པ་ལྟར་འཁྲབ་སྟོན་པ་ཞིག་གིས་བཤད་ཟིན་པའི་ནང་དོན་ལ་འགྱུར་ལྡོག་ཅི་ཡང་མེད་པར་ཇི་མ་ཇི་བཞིན་དུ་ཡང་བསྐྱར་འཆད་ལེན་བྱེད་པ་དེ་བས་ཀྱང་མིན། དེ་ལྟར་ཡིན་ཚེ་འཆད་ལེན་བྱེད་པའི་བརྗོད་བྱ་གཏན་ཁེལ་བྱས་ཟིན་པས། གླུ་དང་གཏམ་རྒྱུད་ངག་ནས་འཆད་ལེན་བྱེད་པའི་གོ་རིམ་ཁྲོད་དེའི་བརྗོད་བྱ་དང་རྗོད་བྱེད་ལ་འགྱུར་ལྡོག་འབྱུང་མི་སྲིད་ལ། སྔར་ལས་ལྷག་པའི་རྩོམ་རིག་སྒྱུ་རྩལ་གྱི་བྲོ་ཉམས་གསར་བ་ཞིག་དེ་ལས་ཀྱང་ཐོན་མི་སྲིད།

དམངས་ཁྲོད་རྩོམ་རིག་ནི་དམངས་ཁྲོད་སྒྱུ་རྩལ་པས་འཁྲབ་སྟོན་དང་ཁྱབ་གདལ་བྱེད་པའི་གོ་རིམ་ཁྲོད་དུ་འགྱུར་ལྡོག་འབྱུང་བཞིན་པ་ཞིག་ཡིན། ཨ་ལན●ཏེང་ཏི་སིས“བྱུང་བརྗོད་སྙན་ངག་དབྱངས་སུ་གྱེར་མཁན་གྱི་གླུ་བ་ཞིག་ལ་མཚོན་ན།ཐེངས་རེར་བླངས་པའི་གླུ་དེ་སྔར་དང་མི་འདྲ་བར་བསྐྱར་དུ་གསར་གཏོད་བྱས་པའི་ཆ་ཞིག་ལྡན། དེ་ནི་ཁོ་ཚོས་སྲོལ་རྒྱུན་གྱི་ངག་རྩོམ་འཆད་ལེན་བྱེད་སྲོལ་བཀོལ་སྤྱོད་བྱས་ཏེ་གདམ་གསེས་ཡོད་པའི་སྒོ་ནས་སྐབས་བབ་ཀྱི་བརྗོད་བྱའི་སྟོང་ཆ་སྐོང་བ་ཡིན།”①ཞེས་གསུངས་པ་ལྟར། བྱུང་བརྗོད་སྙན་ངག་གཙོ་བྱས་པའི་དམངས་ཁྲོད་རྩོམ་རིག་གི་རྩོམ་ལུས་གཞན་དག་ཀྱང་དེ་ལས་མ་འདས། ནམ་རྒྱུན་གླུ་ལེན་ཐེངས་རེ་དང་གཏམ་རྒྱུད་འཆད་ཐེངས་རེར་འཆད་མཁན་དང་ལེན་མཁན་གྱིས་བླང་དོར་ཡོད་པའི་སྒོ་ནས་འཆད་གྱེར་ལེན་གསུམ་བྱས་ཆོག་ལ། ཉན་མཁན་གྱིས་ཀྱང་ངག་ཐོག་སྲོལ་རྒྱུན་ལྟར་ཁ་གསབ་དང་སྙིགས་དོར་བཅུད་ལེན་བྱས་ཆོག་པས།

དམངས་ཁྲོད་རྩོམ་རིག་གི་འཁྲབ་སྟོན་རེ་རེ་ལས་ངག་རྩོམ་དེ་དག་གི་སྔོན་གྱི་རྣམ་པར་འགྱུར་ལྡོག་གསར་བ་རེ་འབྱུང་གི་ཡོད། དེ་བཞིན་གཞན་འགྱུར་བྱུང་ཡོད་པའང་ཕྱིས་ཀྱི་ཞིབ་འཇུག་པས་རྟོགས་པ་ཞིག་ཡིན། ཁོ་ཚོས་ས་གནས་མི་འདྲ་བ་ནས་འཚོལ་སྡུད་བྱས་པའི་རིགས་འདྲ་བའི་བརྩམས་ཆོས་ལས་རྟོགས་པ་ལས།ས་གནས་དམངས་ཚོགས་ཀྱིས་ངག་རྩོམ་གྱི་གཞན་འགྱུར་རང་བཞིན་ལ་དོ་སྣང་བྱེད་མི་སྲིད།

རྒྱུན་དུ་འགྱུར་ལྡོག་འབྱུང་བཞིན་པའི་ཁྱད་ཆོས་དེ་ངག་རྩོམ་གྱི་ཚིག་གི་རྣམ་པ་དང་བརྗོད་བྱའི་ནང་དོན། རྩོམ་སྟངས་བཅས་ཀྱི་ཐད་དུ་གསལ་བོར་མཚོན་ཡོད་དེ།ཚིག་གི་འགྱུར་ལྡོག་དང་བཤད་ཚུལ་འགྱུར་བའི་རྣམ་པ་དེ་ངག་རྩོམ་ཁྲོད་ཆེས་ཡོངས་ཁྱབ་ཏུ་གནས་པ་དང་གཡོལ་ཐབས་མེད་པའི་སྣང་ཚུལ་ཞིག་རེད། ངག་རྩོམ་མཐའ་དག་འགོ་ནས་བརྩམས་པ་དང་དེ་ནས་དར་བ། དར་བའི་ཁྲོད་ལེགས་བཅོས་བྱུང་བ་བཅས་བརྒྱུད་འོང་བའི་གོ་རིམ་ཁྲོད་དུ་མང་ཆེ་བ་ནི་བརྩམས་ཆོས་གཅིག་རིམ་བཞིན་འགྱུར་ལྡོག་བྱུང་ནས་ནང་དོན་ཐད་ཆེ་སར་འདྲ་ལ་ཆུང་སར་ཁྱད་པར་ཡོད་པ་མང་པོར་གྱུར་ཡོད།དཔེར་ན།《རྒྱལ་པོ་གླང་དར་མའི་ངག་རྒྱུན》ལྟ་བུར་མཚོན་ན། དབུས་གཙང་ཕྱོགས་སུ་འདི་འདྲའི་བཤད་རྒྱུན་ཞིག་ཡོད་དེ།“གླང་དར་མས་ཉིན་རེར་རང་གི་སྐྲ་སླེ་མཁན་གྱི་བུད་མེད་རེ་གསོད་པ་ཡིན། ཉིན་ཞིག་བུད་མེད་ཅིག་རྒྱལ་པོ་གླང་དར་མའི་སྐྲ་སླེ་བར་སོང་བ་ན་འཆི་དགོས་སྙམ་ནས་སྐྱོ་གདུང་དྲག་པོས་གཟིར་ནས་མིག་ཀོང་གི་མཆི་མ་རྡོག་ཅིག་གླང་དར་མའི་སྐེ་ཁུགས་སུ་ལྷུང་། རྒྱལ་པོས་ཅིའི་ཕྱིར་མིག་ཆུ་འདོན་པ་ཡིན་ཅེས་དྲིས་ཚེ། ངས་ཁྱོད་ཀྱི་དབུ་སྐྲ་བསླེས་ཚར་རྗེས་རང་ཉིད་ཀྱི་དྲིན་ཆེན་མ་ལོ་དང་ཁ་འབྲལ་དགོས་སྙམ་ནས་མིག་ཆུ་བཞུར་བ་ཡིན་ཅེས་ལན་བཏབ། སྐད་ཆ་དེས་རྒྱལ་པོར་སེམས་འགུལ་ཐེབས་ཏེ་ཁོ་མོ་སྲོག་ཐར་དུ་བཏང་།བུད་མེད་དེ་ཕྱིར་རང་ཡུལ་ལ་ལོག་པའི་ལམ་བར་དུ་ཙིག་ཁུང་ཞིག་གི་ནང་དུ་རྒྱལ་པོ་གླང་དར་དབུ་ལ་རྭ་ཅོ་འདུག་ཅེས་ལབ་པས་རྗེས་སུ་ཙིག་ཁུང་དེ་ལས་སྨྱུག་མ་ཞིག་སྐྱེས་པ་དང་ལུག་རྫི་ཞིག་གིས་སྨྱུག་མ་བཅད་དེ་གླིང་བུར་བཟོས་པ་ཇི་ལྟར་བུས་ནའང་རྒྱལ་པོ་གླང་དར་དབུ་ལ་རྭ་ཅོ་འདུག་ཅེས་པ་ལས་སྒྲ་གཞན་མ་ཐོན།” ②ཞེས་རྒྱལ་པོ་གླང་དར་དབུ་ལ་རྭ་ཅོ་འདུག་པའི་གནས་ཚུལ་དེ་ཕྱོགས་བཞི་མཚམས་བརྒྱད་དུ་ཁྱབ་ཚུལ་བརྗོད་ཡོད། ཡང་ཐུན་ཏེ་རྫོང་རྨ་བྱང་ཞང་གཙང་གཡུ་རྔོག་ཚོ་བ་རུ་དར་ཁྱབ་ཆེ་བའི་བཤད་རྒྱུན་ཞིག་ལ“རྒྱལ་པོ་གླང་དར་མའི་སྐྲ་བཞར་མཁན་ལ་ངེས་པར་ཏུ་ལོ་རེར་བུ་སྟག་ལོ་བ་རེ་འགྲོ་དགོས་ལ། ཁོའི་མགོ་ལ་རྭ་ཅོ་སྐྱེས་ཡོད་པ་གཞན་གྱིས་མི་ཤེས་པའི་ཆེད་དུ་སྐྲ་བཞར་མཁན་དག་བསད་དེ་ཕྱིར་འོང་མེད། ཉིན་ཞིག་བུད་མེད་མ་བུ་གཉིས་ཡོད་པ་དེའི་བུ་ལ་རེས་སུ་བབས་པས། ཨ་མས་དེ་རིང་སོང་ན་རང་གི་བུ་ལ་ཕྱིར་ཡོང་མེད་སྙམ་ནས་ཆེས་མཐའ་མཇུག་རང་ཉིད་ཀྱི་ནུ་ཆུས་བརྫིས་པའི་རྩམ་པ་ཞིག་བུ་ལ་ཁྱེར་ཏུ་བཅུག  བུས་རྩམ་པའི་མགོ་ལ་སོ་རེ་འདེབས་བཞིན་སྐྲ་བཞར་བ་ན། རྒྱལ་པོས་ཁྱོད་ཀྱིས་ཅི་ཞིག་ཟ་གི་ཡོད་ཅེས་དྲིས། ངས་འཇིག་རྟེན་ན་ཆེས་ཞིམ་པའི་ཟས་ཤིག་ཟ་གི་ཡོད་ཅེས་ལན་བཏབ་པས། རྒྱལ་པོས་ཟས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ནས་ཟོས་པ་ན་བྲོ་བ་ཤིན་ཏུ་ཞིམ་པས། རྩམ་པ་འདི་ཅི་ཞིག་གིས་བརྫིས་པ་ཡིན་ཞེས་དྲིས་ཚེ་དེ་ནི་ངའི་ཨ་མའི་ནུ་ཆུས་བརྫིས་པ་ཡིན་ཞེས་བཤད། རྒྱལ་པོས་རྩམ་པ་མངར་མོ་དེ་ནུ་ཆུས་བརྫིས་པ་ཡིན་པ་ཐོས་རྗེས། ད་ནི་ངེད་ཀྱིས་ཁྱོའི་ཨ་མའི་ནུ་ཆུ་འཐུང་བ་ཡིན་པས་ངེད་གཉིས་མ་གཅིག་གི་སྤུན་དུ་གྱུར་པ་ཡིན། དེས་ན་སྤུན་གྱི་སྲོག་ལེན་པའི་སྲོལ་ཞིག་བོད་མགོ་ནག་ཡོངས་ལ་དར་མེད་པས། ཁྱོད་གུ་ཡངས་ལ་བཏང་བ་ཡིན།ཕྱིར་སོང་ན་ངའི་མགོ་ལ་རྭ་ཡོད་པའི་གནས་ཚུལ་མི་སུ་དང་སུ་ལའང་བཤད་མི་ཆོག་ཅེས་བཤད་ཅིང་། བུས་ཀྱང་མི་སུ་ལའང་མི་བཤད་པའི་དམ་བཅས།བུ་དེ་སྲོག་གི་གནོད་པ་ལས་ཐར་དེ་རང་ཡུལ་ལ་ལོག་པའི་ལམ་བར་དུ་རྒྱལ་པོའི་མགོ་ཡི་རྭ་དེ་ཡིད་ལ་དྲན་ཞིང་། དྲན་པའི་མོད་ལ་གནས་ཚུལ་དེ་ཁ་ནས་འབུད་འདོད་ཀྱི་བསམ་པ་གནོན་མི་ཐུབ་པ་ཞིག་སྐྱེས། ཡིན་ནའང་ཁོས་མི་གཞན་ལ་མི་བཤད་པའི་དམ་བཅས་ཡོད་པ་དང་། དེ་ནི་རང་གི་ཚེ་སྲོག་གི་ཉེན་ཁར་འབྲེལ་ཡོད་པས་བཤད་མི་སྤོབས་ནའང་ཐང་སྟོང་འདིར་མི་གཞན་སུ་ཡང་མེད་པས་བཤད་ན་ཅི་སྐྱོན་སྙམ་ནས། ཁ་ཕྱི་ཁུང་ཞིག་གི་ནང་དུ་གཏད་ནས་རྒྱལ་པོ་གླང་དར་མགོ་ན་རྭ་ཞིག་འདུག་ཅེས་བསྒྲགས་པས། དེར་ཡོད་ཀྱི་རྩྭ་དང་རྩི་ཤིང་ཐམས་ཅད་ལས་རྒྱལ་པོ་གླང་དར་མགོ་ན་རྭ་ཞིག་འདུག་ཅེས་གྲགས་ཤིང་གཏམ་དེ་འཕྲལ་དུ་བོད་འབངས་ཐམས་ཅད་ཀྱི་རྣ་བར་ཁྱབ་པ་ཡིན་ཟེར།”③ཡང་མཚོ་སྔོན་ཧྭ་ལུང་ས་ཁུལ་ཏུ་དར་ཁྱབ་ཆེ་བའི་ངག་རྒྱུན་ཞིག་ལ“རྒྱལ་པོ་གླང་དར་མའི་སྐྲ་བཞར་མཁན་ལ་ངེས་པར་དུ་ཟླ་རེར་བུ་སྟག་ལོ་བ་རེ་འགྲོ་དགོས་ལ། ཁོའི་མགོ་ལ་རྭ་ཅོ་སྐྱེས་ཡོད་པ་གཞན་གྱིས་མི་ཤེས་པའི་ཆེད་དུ་སྐྲ་བཞར་མཁན་དག་བསད་དེ་ཕྱིར་འོང་མེད། ཉིན་ཞིག་བུད་མེད་མ་བུ་གཉིས་ཡོད་པ་དེའི་བུ་ལ་རེས་སུ་བབས་པས། ཁོང་མ་བུ་གཉིས་ཡིད་སེམས་ཤིན་ཏུ་སྐྱོ་ཞིང་ཐབས་ཅི་ཡོད་ལ་བསམ་བློ་གཏོང་ཞིང་བསྡད། བུ་དེའི་ཨ་མ་ཐབས་ལ་ཤིན་ཏུ་མཁས་པས་ཕྱི་ཉིན་ཀ་ར་དང་སྦྲང་རྩི་འདྲེས་མའི་རྩམ་པ་མངར་མོ་ཞིག་བརྫིས་ཤིང་བུ་ལ་རྒྱལ་པོའི་སྐྲ་བཞར་སྐབས་ཞིམ་མདོག་གིས་བཟའ་དགོས་པ་དང་། གལ་ཏེ་རྒྱལ་པོས་རོ་མྱོང་འདོད་ན་སྟེར་དགོས་ལ། ཁོས་ཟོས་རྗེས་ཅི་ཡིན་དྲི་ན། ངའི་ཨ་མའི་ནུ་ཆུས་བརྫིས་པ་ཡིན་ཞེས་བཤད་དགོས་པར་གདམས། བུ་དེ་ཕོ་བྲང་ནང་དུ་ཐོན་ནས་རྒྱལ་པོའི་དབུ་སྐྲ་བཞར་ཞོར་དུ་རྩམ་པ་ཆངས་བུ་རེ་རེ་ཟོས་པས།རྒྱལ་པོས་ཁྱོད་ཀྱིས་ཅི་ཞིག་ཟ་གི་ཡོད་ཅེས་དྲིས། ངས་འཇིག་རྟེན་ན་ཆེས་ཞིམ་པའི་ཟས་ཤིག་ཟ་གི་ཡོད་ཅེས་ལན་བཏབ་པས། རྒྱལ་པོས་ཟས་དེ་ཅི་འདྲ་ཞིག་ཡིན་ནམ་སྙམ་ནས་མཚར་སྣང་སྐྱེས་ཏེ་རོ་མྱངས་ཚེ་དེའི་བྲོ་བ་ཤིན་ཏུ་ཞིམ། རྩམ་པ་འདི་ཅི་ཞིག་གིས་བརྫིས་པ་ཡིན་ཞེས་དྲིས་པའི་ལན་དུ་དེ་ནི་ངའི་ཨ་མའི་ནུ་ཆུས་བརྫིས་པ་ཡིན་ཞེས་བཤད། རྒྱལ་པོས་རྩམ་པ་མངར་མོ་དེ་ནུ་ཆུས་བརྫིས་པ་ཡིན་པ་ཐོས་རྗེས། ད་ནི་ངེད་ཀྱིས་ཁྱོའི་ཨ་མའི་ནུ་ཆུ་འཐུང་བ་ཡིན་པས་ངེད་གཉིས་མ་གཅིག་གི་སྤུན་དུ་གྱུར་པ་ཡིན། དེས་ན་སྤུན་གྱི་སྲོག་ལེན་པའི་སྲོལ་ཞིག་བོད་མགོ་ནག་ཡོངས་ལ་དར་མེད་པས། ཁྱོད་གུ་ཡངས་ལ་བཏང་བ་ཡིན། ཕྱིར་སོང་ན་ངའི་མགོ་ལ་རྭ་ཡོད་པའི་གནས་ཚུལ་འདི་མི་སུ་དང་སུ་ལའང་བཤད་མི་ཆོག  གལ་ཏེ་གསང་བ་འདི་ཕྱི་རུ་ཤོར་ཚེ་ངས་ཁྱེད་མ་བུ་གཉིས་ལ་སྲོག་ཁྲིམས་གཅོད་ངེས་ཡིན་ཅེས་གསུངས་པ་དང་། བུ་སྟག་ལོ་བ་དེ་ཤིན་ཏུ་དགའ་ནས་རྒྱལ་བོ་ལ་གསང་བ་དེ་མི་གཞན་ལ་མི་བསྒྲག་པའི་དམ་བཅས་ཏེ་ཕྱིར་རང་ཡུལ་དུ་ལོག  ལོ་གཅིག་ཙམ་འགོར་བའི་རྗེས་སུ་བུ་དེས་སེམས་ཀྱི་གསང་བ་མི་གཞན་ལ་བཤད་འདོད་སྐྱེས་ཀྱང་བཤད་མ་ཕོད་པར་སེམས་ནས་ཡུན་རིང་དུ་སྦས་པས་སེམས་ཀྱི་གཅོང་ནད་ལྟ་བུར་གྱུར་ཏེ་ནད་བཅོས་ཅི་ཙམ་བྱས་ཀྱང་མ་ཕན་པར་མལ་སར་ལྷུང་། བུ་དེའི་ཨ་མ་ཡུལ་ལུང་དེར་བཞུགས་པའི་རི་ཁྲོད་པ་ཞིག་ཡོད་པ་དེའི་གམ་དུ་སོང་ནས་ཞུས་པ་ན། རི་ཁྲོད་པས་ཁྱོད་ཀྱི་བུའི་སེམས་ན་གསང་བ་ཞིག་ཡོད་པས་དེ་ཕྱིར་མ་བསྒྲག་ན་ནད་དྲག་ཐབས་མི་འདུག་ཅེས་གསུངས། ཨ་མ་ཕྱིར་རང་ཡུལ་ཏུ་ལོག་ནས་རི་ཁྲོད་པའི་གསུང་ཇི་བཞིན་བུ་ལ་བཤད། བུས་གསང་བ་དེ་འུ་མ་བུ་གཉིས་ཀྱི་ཚེ་སྲོག་གི་བདེ་སྡུག་དང་འབྲེལ་བ་དམ་པོ་ཡོད་པས་གཏན་ནས་བཤད་མི་ཉན་ཅེས་བཤད། ཡང་ཨ་མ་རི་ཁྲོད་པའི་གམ་ཏུ་སོང་ནས་བུས་བཤད་པ་ཇི་བཞིན་ཞུས་པ་ན། རི་ཁྲོད་པ་ན་རེ། ཐང་ཆེན་ཞིག་ནས་སླ་ང་ཆེན་པོ་ཞིག་གི་ནང་དུ་ཆུ་ཕྱེད་ཀ་ཙམ་བླུགས་རྗེས་བུ་སྟག་ལོ་བ་དེའི་ནང་སྡོད་དུ་བཅུག ཆུ་ཁར་བྱ་སྤུ་བྱེའུ་སྤུ་སྣ་ཚོགས་གཏོར་བ་དང་། ཚགས་མ་ཞིག་གིས་སླ་ངའི་ཁ་ཁོབས། དེའི་བར་ནས་ལྕགས་ཀྱི་སྦུ་གུ་ཞིག་གི་ནང་ནས་བུ་དེའི་སེམས་ཀྱི་གསང་བ་ཕྱི་ལ་ཤོད་ཅེས་གསུངས། བུ་སྟག་ལོ་བས་རི་ཁྲོད་པའི་བཀའ་གསུང་ཇི་བཞིན་ལྕགས་ཀྱི་སྦུག་གུའི་ནང་ནས་རྒྱལ་པོ་གླང་དར་མགོ་ན་རྭ་ཞིག་འདུག་ཅེས་བསྒྲགས་པས། དེར་ཡོད་ཀྱི་རྩྭ་དང་རྩི་ཤིང་ཐམས་ཅད་ནས་རྒྱལ་པོ་གླང་དར་མགོ་ན་རྭ་ཞིག་འདུག་ཅེས་གྲགས་ཤིང་གཏམ་དེ་འཕྲལ་དུ་བོད་འབངས་ཐམས་ཅད་ཀྱི་རྣ་བར་ཁྱབ།བདུད་རྒྱལ་གླང་དར་མས་གཏམ་དེ་གོ་རྗེས་ཁོང་ཁྲོ་མེ་ལྟར་འབར་ནས་ཁོང་མ་བུ་གཉིས་གསོད་དུ་འོངས། བུ་སྟག་ལོ་བ་ནད་བྱུང་ནས་ཁ་ཡང་གྲགས་མི་ཐུབ་པའི་ཚུལ་མཐོང་ནས་ཕྱིར་ཕོ་བྲང་དུ་ལོག གསང་བ་དེ་མི་སུ་ཞིག་གི་ངག་ནས་ཤོར་བར་རྩད་གཅོད་བྱེད་ཆེད་དུ་སྙན་གྲགས་ཆེ་བའི་མོ་བ་རྩིས་པ་གདན་དྲངས་ནས་མོ་རྩིས་ལུང་བསྟན་བྱས། མོ་རྩིས་ལུང་བསྟན་དུ་མཐའ་ཡས་པའི་ཐང་ཆེན་ཞིག་ན་བྱ་བྱེའུ་སྣ་ཚོགས་ཡོད་པའི་རྒྱ་མཚོ་ཆེན་པོ་ཞིག་འདུག་ལ། དེའི་ནང་ནས་ཁ་མིག་སྟོང་དང་ལྡན་པའི་ལྕགས་ཀྱི་མཆུ་ཏོ་རིང་བ་ཅན་ཞིག་གིས་གསང་བ་ཕྱི་ལ་བསྒྲགས་ཚུལ་བབས་པས། རྒྱལ་པོ་ཧ་ལས་ཞིང་ཡ་མཚར་ནས་ཅི་བྱ་གཏོལ་མེད་དུ་གྱུར་ལ། བུ་སྟག་ལོ་བ་དེའི་ནད་ཡང་སངས་དྲག་ཏུ་གྱུར་པ་ཡིན”④ཅེས་བོད་རྒྱལ་གླང་དར་མའི་ངག་རྒྱུན་ཅིག་འཆད་པའི་དུས་ཡུན་ཇེ་རིང་དང་བཤད་ཐེངས་ཇེ་མང་། བཤད་ཡུལ་ཇེ་ཆེར་སོང་བ་དང་བསྟུན་ནས། འཆད་མཁན་དང་ཉན་མཁན་མི་འདྲ་བ་མང་པོའི་དགའ་ཁ་འཁྱར་སོ་དང་ཆོས་ལུགས་གྲུབ་མཐའི་ལྟ་བ། ས་ཆ་སོ་སོའི་དམངས་སྲོལ་དང་འཚོ་བའི་དགོས་མཁོ་སོགས་ཀྱི་དབང་དུ་གྱུར་ཅིང་། འཕྲུལ་སྣང་དང་རབ་བཏགས་སོགས་ཀྱི་ཐབས་ལ་བརྟེན་ནས་སྒྱུ་རྩལ་གྱི་ལས་སྣོན་བྱས་པས།

སྔར་གྱི་ངག་རྒྱུན་ཇི་བཞིན་པ་ཞིག་མ་ཡིན་པར།ས་ཆ་ལ་ལར་ཁོས་ཉིན་རེར་དབུ་སྐྲ་སླེ་མཁན་གྱི་བུད་མེད་རེ་གསོད་པ་དང་། ས་ཆ་ལ་ལར་ཟླ་རེའམ་ལོ་རེར་བུ་སྟག་ལོ་བ་རེ་གསོད་པ། ས་ཆ་ལ་ལར་རྩམ་པ་དེ་ཀ་ར་དང་སྦྲང་རྩི་འདྲེས་མའི་བརྫིས་ཤིང་། ས་ཆ་ལ་ལར་རང་གི་ཨ་མའི་ནུ་ཆུས་བརྫིས་པ། དེ་མིན་གསང་བ་ཕྱི་ལ་བསྒྲགས་ཚུལ་གྱི་ཆ་ནས་ཡང་ཙིག་ཁུང་དང་ཕྱི་ཁུང་། ལྕགས་ཀྱི་སྦུག་གུ་སོགས་ས་གནས་སོ་སོར་ཁྱབ་པའི་གཏམ་རྒྱུད་རེ་རེ་ཡི་ཚིག་གི་རྣམ་པ་དང་ནང་དོན་གྱི་ཐད་འགྱུར་བ་ཆེན་པོ་ཡོད། དེ་བཞིན་དུ་གླུ་ལེན་པའི་སྐབས་བབ་དང་ལེན་མཁན་མི་འདྲ་བའི་ཡིད་འགྱུར་དང་བསྟུན་ནས་གླུ་གཅིག་ལེན་ཐེངས་རེར་གླུ་ཚིག་དང་དབྱངས་རྟའི་ཐད་འགྱུར་ལྡོག་གསར་བ་རེ་འབྱུང་བཞིན་ཡོད།

གཉིས། གཞན་འགྱུར་གྱི་ནུས་པ་བཤད་པ།

དམངས་ཁྲོད་རྩོམ་རིག་ནི་རིག་པའི་གཞུང་ལུགས་ཀྱི་ཚོད་འཛིན་དང་ཚད་གཞི་མེད་པར།བོད་རང་ལ་ངང་གིས་གོམས་པའི་གསར་རྩོམ་གྱི་རིགས་ལམ་དང་སྐད་ཆའི་སྒྱུ་རྩལ་ལྟར་གསར་རྩོམ་བྱས་ཆོག་པར་མ་ཟད། ཡིག་རྩོམ་ཇི་བཞིན་གཏན་འབེབ་ཀྱི་རང་བཞིན་མི་ལྡན་པར་མི་སུ་དང་སུ་ཡིན་ཡང་རང་མོས་ཀྱི་སྒོ་ནས་བསྒྱུར་བཅོས་བྱས་ཆོག་པས།ནམ་ཡང་རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་པ་དང་འགྱུར་ལྡོག་ཁྲོད་གསོན་ཤུགས་ཀྱིས་གཏོས་པའི་རྩོམ་རིག་གི་རྣམ་པ་ཅིག་ཡིན། དཔེར་ན། ཕོ་མོའི་བརྩེ་དུང་སྟོན་པའི་གཏམ་རྒྱུད་ཅིག་ས་ཁུལ་མི་གཅིག་པ་སོ་སོར་ཁྱབ་གདལ་དུ་སོང་བ་ན།རྐྱེན་སྣ་ཚོགས་ཤིག་གིས་གཞོན་ནུ་ཕོ་མོ་བར་གྱི་ལྷད་མེད་བརྩེ་དུང་ལ་བར་ཆད་བྱུང་ཚུལ་སོགས་ནང་དོན་གྱི་ཆ་ནས་ཕལ་ཆེར་གཅིག་མཚུངས་ཡིན་མོད། ཁྱབ་ཡུལ་གྱི་དབང་གིས་ས་གནས་རང་རང་གི་ཡུལ་སྐད་དང་གོམས་སྲོལ། མི་སྒེར་གྱི་ཆགས་སྡང་གི་ཕྱོགས་ཞེན་བཅས་གྱི་ལྷད་མང་པོ་འདྲེས་ཏེ་གཏམ་རྒྱུད་ཀྱི་བྱུང་རིམ་དང་སྐད་ཆའི་སྟེང་ནས་མི་འདྲ་ས་མང་པོ་བྱུང་། དེ་མིན་གཏམ་རྒྱུད་ཀྱི་མཇུག་སྒྲིལ་ཚུལ་ལའང་ས་ཆ་ལ་ལར་མཐར་གཞོན་ནུ་དེ་གཉིས་བྱིའུ་ཆུང་གཉིས་སུ་གྱུར་བ་དང་། ལ་ལར་ཕྱེ་ལེབ་ཆ་ཞིག་ཏུ་གྱུར་བ། ལ་ལར་ཇ་དང་ཚྭ་ཁུ་རུ་གྱུར་བ། ཡང་ས་ཆ་ཁ་ཤས་སུ་ཡལ་འདབ་ཕན་ཚུན་ལ་དམ་པོར་འཁྱུད་པའི་སྡོང་བོ་གཉིས་སུ་གྱུར་བ་སོགས་བཤད་ཚུལ་འདྲ་མིན་སྣ་ཚོགས་བྱུང་ཡོད་པས། གཞན་འགྱུར་རང་བཞིན་ནི་དམངས་ཁྲོད་རྩོམ་རིག་གསར་རྩོམ་བྱེད་པར་སྐུལ་འདེད་ཀྱི་དོན་སྙིང་ལྡན་པའི་ཁྱད་ཆོས་གལ་ཆེན་ཞིག་ཡིན། དེས་བོད་ཀྱི་དམངས་ཁྲོད་རྩོམ་རིག་གི་ནང་དོན་དང་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་མ་ཟད། དམངས་ཁྲོད་རྩོམ་རིག་གི་ལོ་རྒྱུས་རང་བཞིན་དང་ས་གནས་རང་བཞིན། གསར་གཏོད་རང་བཞིན་བཅས་ཀྱི་ཁྱད་ཆོས་འབུར་དུ་བཏོད་ཐུབ།

གཞན་ཡང་བོད་ཀྱི་མཁས་པ་རྣམས་ཀྱིས་བོད་མི་རྣམས་ཤིན་ཏུ་དགའ་བའི་གླུ་གཞས་སྒྱུ་རྩལ་གྱི་རྣམ་པ་སྤྱད་ནས་བརྩམས་པའི་ཡིག་རྩོམ་འགའ་ཞིག་དམངས་ཁྲོད་དུ་ཁྱབ་ནས་དམངས་ཁྲོད་རྩོམ་རིག་ཏུ་གྱུར་པ་དང་རྩོམ་གྱི་ནང་དོན་དང་རྣམ་པའི་ཐད་གཞན་འགྱུར་བྱུང་བའང་ཡོད་དེ། དཔེར་ན།《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས།

བྱ་དེ་ཁྲུང་ཁྲུང་དཀར་མོ། །  

གཤོག་རྩལ་ང་ལ་གཡོར་དང་། །

ཐག་རིང་རྒྱང་ལ་མི་འགྲོ། ། 

 ལི་ཐང་བསྐོར་ནས་སླེབས་ཡོང་། །ཞེས་པ་དུས་རབས་མི་འདྲ་བ་དང་ས་གནས་མི་འདྲ་བ། གཞས་མཁན་མི་འདྲ་བའི་དབང་གིས་རིམ་བཞིན་གཞན་འགྱུར་བྱུང་སྟེ།

བྱ་དེ་ཁྲུང་ཁྲུང་དཀར་མོ། །  

གཤོག་རྩལ་ང་ལ་གཡོར་དང་། །

ཐག་རིང་རྒྱང་ལ་མི་འགྲོ། །  

བྱམས་པ་མཇལ་ནས་ལོག་ཡོང་། ། ཞེས་པ་ལྟ་བུ་དང་།

ཡང་ས་ཆ་ཁ་ཤས་སུ“སྙིང་སྡུག་གཏུག་ནས་སླེབས་ཡོང།།” “ཕ་མ་འཇལ་ནས་ལོག་ཡོང།” ཞེས་ཚིག་རེ་གཉིས་ཙམ་ལ་འགྱུར་བ་བྱུང་ཚེ། བརྗོད་བྱའི་ནང་དོན་ཐད་འགྱུར་བ་ཆེན་པོ་འབྱུང་བཞིན་པ་ནི་དམངས་ཁྲོད་རྩོམ་རིག་ལས་ཆེས་ཁྱབ་གདལ་དུ་སོང་བའི་སྣང་ཚུལ་ཞིག་ཡིན་པར་མ་ཟད། དམངས་ཁྲོད་རྩོམ་རིག་ལ་བྱུང་རིམ་ཀྱག་ཀྱོག་ཅན་དང་མི་གཤིས་མངོན་གསལ་ཅན། སྣང་བརྙན་དཔེ་མཚོན་ཅན། ཡུལ་བཀོད་གསོན་ཉམས་ཅན། བྲོ་ཉམས་ངོ་མཚར་ཅན་གྱི་པར་གཞི་མི་འདྲ་བ་མང་དུ་བྱུང་བའི་རྒྱུ་རྐྱེན་ཡང་དེ་ལ་ཐུག་ཡོད་པས། ངག་རྩོམ་གཅིག་ལ་པར་གཞི་མི་འདྲ་བ་མང་པོ་བྱུང་ཡོད་པ་དེར་ཡིག་རྩོམ་ལས་མཐོང་དཀའ་བའི་དོན་སྙིང་མངོན་ གསལ་ཞིག་ལྡན།  དམངས་ཁྲོད་རྩོམ་རིག་ནི་རྒྱུན་ཆད་མེད་པར་གཞན་འགྱུར་འབྱུང་བཞིན་ཡོད་པ་ཞིག་ཡིན་མོད། འོན་ཀྱང་ང་ཚོས་དམངས་ཁྲོད་རྩོམ་རིག་འཚོལ་སྡུད་བྱེད་སྐབས་དེའི་གཞན་འགྱུར་རང་བཞིན་ལ་དོ་སྣང་དེ་འདྲ་མི་བྱེད་པར། ཐབས་བརྒྱ་ཇུས་སྟོང་གིས་གནའ་བོའི་ཉམས་དང་སྲོལ་རྒྱུན་གྱི་ཁྱད་ཆོས་གཙོར་འཛིན་པ་དང་། ལན་རེར་གཞན་འགྱུར་ནི་རང་ཤུགས་ཀྱིས་བྱུང་བ་ཞིག་ཡིན་པར་འདོད་པ་ལས་དེའི་གསར་རྩོམ་གྱི་བརྒྱུད་རིམ་ལ་དོ་སྣང་མི་བྱེད། དམངས་ཁྲོད་རྩོམ་རིག་ནི་ངག་ཐོག་གི་རིག་གནས་སྲོལ་རྒྱུན་ཞིག་ཡིན་པས། མི་རྣམས་ཀྱིས་རྒྱུན་པར་བཀོད་སྤྱོད་བྱེད་བཞིན་ཡོད་དེ། དཔེར་ན། ད་ལྟའི་གླུ་གཞས་དང་ཁ་པར་གླུ་གཞས། ཁ་པར་ཆ་འཕྲིན། དྲ་ཐོག་རྩོམ་རིག  སྒྱུ་འཕྲུལ་སྒྲུང་གཏམ། འགུལ་རིས་གློག་བརྙན་སོགས་ལས་ཁ་ཤས་ནི་སྲོལ་རྒྱུན་གྱི་དམངས་ཁྲོད་རྩོམ་རིག་ལ་དུས་རབས་ཀྱི་ཁྱད་ཆོས་དང་འཚོ་བའི་དགོས་མཁོ་ལྟར་གཞན་འགྱུར་བྱུང་བ་ཤ་སྟག་ཡིན། དེ་མིན་སློབ་གསོ་དང་དྲིལ་བསྒྲགས་ལ་དམིགས་ནས་དམངས་ཁྲོད་རྩོམ་རིག་ཁ་ཤས་ལེགས་སྒྲིག་དང་བསྒྱུར་བཅོས་བྱས་ཏེ། ད་ལྟ་དམངས་གླུའི་ཁྲོད་དུའང་གླུ་གཞས་གསར་བ་བསྣན་ཡོད་པར་མ་ཟད། དོན་གྱི་ཆ་ནས་ས་གནས་ཀྱི་བླ་སྤྲུལ་དང་ཏང་གི་སྲིད་ཇུས་སོགས་བརྗོད་བྱར་བཟུང་ནས་བྲིས་པ་མང་དུ་ཡོད། འདི་ལྟ་བུ་ནི་དམངས་ཁྲོདརྩོམ་རིག་གི་གཞན་འགྱུར་རང་བཞིན་སྟེང་གྲུབ་པའི་དེང་རབས་སྒྱུ་རྩལ་གྱི་རྣམ་པ་གསར་བ་ཞིག་ཡིན།

གསུམ། གཞན་འགྱུར་གྱི་འབྱུང་རྐྱེན་བཤད་པ།

གཞན་འགྱུར་རང་བཞིན་ཇི་ལྟར་བྱུང་བ་ཡིན་ཞེ་ན། གཙོ་བོ་ངག་རྩོམ་གྱི་ཐུན་མོང་རང་བཞིན་དང་ངག་བརྒྱུད་རང་བཞིན་གཉིས་ལ་འབྲེལ་བ་དམ་པོ་ཡོད་དེ།ཐུན་མོང་གིས་ངག་ཐོག་ནས་ཁྱབ་གདལ་དང་བརྒྱུད་འཛིན་བྱེད་སྐབས་སྤྱི་ཚོགས་ཀྱི་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་སྣ་ཚོགས་དང་ངག་རྩོམ་རང་སྟེང་གི་འགྱུར་སླ་བའི་ཁྱད་ཆོས་ཀྱི་དབང་གིས་མ་རྩོམ་དེ་ཉིད་སྔར་བཞིན་འགྱུར་ལྡོག་ཅི་ཡང་མི་འབྱུང་བར་ཁྱབ་གདལ་དུ་གཏོང་མི་ཐུབ་ལ། སྤྱིར་བཏང་གི་འགྱུར་ལྡོག་ཆེ་ཆུང་ཅི་རིགས་འབྱུང་བཞིན་པ་ནི་དམངས་ཁྲོད་རྩོམ་རིག་ཁྱབ་གདལ་དུ་གཏོང་བའི་གནས་བབ་གལ་ཆེན་ཞིག་རེད།

དམངས་ཁྲོད་རྩོམ་རིག་གི་གསར་རྩོམ་གྱི་ངོ་བོ་ནི་ཐེངས་གཅིག་ལ་ལེགས་པར་འགྲུབ་པའམ་དཀའ་བ་སྤྱོད་ཐེངས་གཅིག་གིས་འགྲུབ་པར་འགྱུར་བ་ཞིག་མིན་ལ།ནམ་ཡང་འགྱུར་བ་མེད་པར་གཏན་ཆགས་ཀྱི་རྣམ་པ་ཞིག་ཀྱང་མི་ལྡན་པར། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དང་འགྲོགས་ནས་ཁྱབ་གདལ་དུ་འགྲོ་བའི་བརྒྱུད་རིམ་ཁྲོད་དུ།རྒྱུན་ཆད་མེད་པར་འགྱུར་ལྡོག་འབྱུང་བཞིན་ཡོད། དམངས་ཁྲོད་རྩོམ་རིག་གི་གཞན་འགྱུར་རང་བཞིན་ནི་མང་ཚོགས་ཀྱི་ངག་ཐོག་ནས་གསར་རྩོམ་དང་ཁྱབ་གདལ་བྱེད་སྐབས་བྱུང་བ་མ་གཏོགས་ད་དུང་ཕྱི་རོལ་ཡུལ་གྱི་རྒྱུ་རྐྱེན་གཞན་དག་ཀྱང་ཡོད་དེ།

(༡)དམངས་ཁྲོད་རྩོམ་རིག་ནི་མི་དམངས་མང་ཚོགས་ཀྱིས་ཡིད་འཛིན་ལ་བརྟེན་ནས་ཉར་ཚགས་བྱེད་པ་ཞིག་ཡིན་མོད། ཡིད་འཛིན་ནི་རྒྱུན་པར་ཡིག་ངོས་སུ་ཕབ་པ་ལྟར་འགྱུར་བ་མེད་པ་ཞིག་མིན་པར་། རྩོམ་རིག་གི་ནང་དོན་ཉར་ཚགས་བྱེད་བདེ་ཡང་ཁྱབ་གདལ་བྱེད་སྐབས་འགྱུར་བ་ཅུང་ཙམ་རེ་འབྱུང་སྲིད།དམངས་ཁྲོད་ཀྱི་གླུ་བ་དང་སྒྲུང་བ་སུ་ཡིན་ཡང་སྔར་གྱི་རྩོམ་རྙིང་ཇི་བཞིན་ཆད་ལྷག་མེད་པར་འཆད་ལེན་བྱེད་དཀའ་བ་དང་ཉན་མཁན་གྱི་བློ་ལ་ཇི་བཞིན་ངེས་དཀའ་བས།སྐབས་འགར་ཡིད་ནས་བརྗེད་དེ་སྔར་ཡོད་ལ་ཆད་ལུས་བྱུང་བ་དང་། སྐབས་འགར་གོ་ལོག་བརྡ་ལོག་བྱུང་བ།ཡང་སྐབས་འགར་སྔར་མེད་པ་ཅིག་རང་ཉིད་ཀྱི་བསམ་བློའི་ཆགས་སྡང་ལྟར་ཁ་སྣོན་བྱས་ཏེ་དམངས་ཁྲོད་རྩོམ་རིག་ལ་ཕྱོགས་གང་ཅིའི་ཐད་གཞན་འགྱུར་བྱུང་བ་རེད། 

(༢)དམངས་ཁྲོད་རྩོམ་རིག་ནི་མི་སྒེར་གང་ཡང་རུང་བ་ཞིག་ལ་དབང་བ་མ་ཡིན་པར། སུ་ཡིན་ཡང་དེར་ལས་སྣོན་དང་བཟོ་བཅོས་བྱ་བའི་དབང་ཆ་ཡོད་པས།གླུ་ལེན་མཁན་དང་གཏམ་བཤད་མཁན་ཚོས་ཡུལ་དང་དུས།མི་བཅས་ཀྱི་ཆ་རྐྱེན་གང་ལའང་མི་བལྟ་བར་རང་གི་ཡིད་ངོར་ཡོད་པའི་དམངས་ཁྲོད་རྩོམ་རིག་གི་མ་ཕྱིའི་མིང་དང་ཐ་སྙད། བརྗོད་བྱ་སོགས་ཅི་འདོད་དུ་བསྒྱུར་བཅོས་བྱས་ཆོག་པས། དམངས་ཁྲོད་རྩོམ་རིག་ཁྱབ་གདལ་དང་གསར་རྩོམ་བྱེད་མཁན་གཉིས་ལ་ཁྱད་པར་ཅི་ཡང་མེད་པར། ཁྱབ་གདལ་བྱེད་པ་ནི་ཡང་བསྐྱར་གསར་རྩོམ་བྱེད་པའི་བརྒྱུད་རིམ་ཞིག་ཡིན། དེ་བས་ངག་རྩོམ་ལ་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་ནི་རང་བཞིན་གྱིས་གྲུབ་པ་ཞིག་རེད། ངག་ནས་ངག་བརྒྱུད་དེ་ཁྱབ་གདལ་བྱེད་པའི་བརྒྱུད་རིམ་ནི། དམ་ངས་ཁྲོདརྩོམ་རིག་ལ་མུ་མཐུད་དུ་བཟོ་བཅོས་དང་ཁ་སྣོན་བྱེད་པའི་བརྒྱུད་རིམ་ཞིག་ཡིན།

(༣)ཡུལ་ཁམས་མི་འདྲ་བའི་འཚོ་བའི་གོམས་སྲོལ་དང་ཁོར་ཡུག   ཡུལ་སྲོལ་ཆ་ལུགས་བཅས་ཀྱང་དམངས་ཁྲོད་རྩོམ་རིག་གསར་རྩོམ་བྱེད་པར་འགྱུར་ལྡོག་འབྱུང་བའི་འབྱུང་རྩ་ཡིན།གཏམ་རྒྱུད་གཅིག་ས་ཁུལ་སོ་སོ་ནས་བཤད་པ་ཡོངས་སུ་མཚུངས་པའི་ངེས་པ་མེད་དེ། དཔེར་ན།ས་ཆ་སོ་སོའི་ས་བབ་ཀྱི་མཐོ་དམའ་དང་གནམ་གཤིས་ཀྱི་དྲོ་གྲང་ལྟར་ཞིང་ཕྱུགས་ཐོན་སྐྱེད་གཉེར་སྟངས་མི་འདྲ་བའི་དབང་གིས།ངག་རྩོམ་གཅིག་ས་གནས་སོ་སོར་ཁྱབ་དུས་ནང་དོན་ཐད་ལོ་ཏོག་རྨོ་འདེབས་དང་ཕྱུགས་ཟོག་འཚོ་སྐྱོང་། བཟོ་ལས་ཐོན་སྐྱེད། ཁ་བ་རི་བོ་སོགས་ས་གནས་རང་རང་གི་ཁྱད་ཆོས་མངོན་པར་མཚོན་ཡོད། དེ་བས། དམངས་ཁྲོད་རྩོམ་རིག་ཁྱབ་གདལ་བྱེད་སྐབས་མི་རིགས་རང་བཞིན་དང་ས་གནས་རང་བཞིན་གྱི་ཁྱད་ཆོས་ལྟར་ནང་དོན་ལ་འགྱུར་ལྡོག་འབྱུང་བཞིན་ཡོད།

དམངས་ཁྲོད་རྩོམ་རིག་གི་ས་གནས་རང་བཞིན་ནི་དེའི་གཞན་འགྱུར་རང་བཞིན་མཚོན་པའི་དན་རྟགས་མངོན་གསལ་ཞིག་ཡིན་ཞེས་བཤད་ཆོག གཞན་འགྱུར་བྱུང་བ་ནི་མ་རྩོམ་གཅིག་ལ་ཁྱབ་ཡུལ་གྱི་དབང་གིས་འགྱུར་ལྡོག་སྣ་ཚོགས་བྱུང་ཡོད་པར་མ་ཟད། དམངས་ཁྲོད་རྩོམ་རིག་ལ་ས་གནས་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་ལྡན་པའང་མཚོན་ཡོད།ཡུལ་ཁམས་ཁོར་ཡུག་གིས་ཡོད་ཚད་ཐག་གཅོད་པ་མིན་ཡང་། དེ་ནི་གཞན་འགྱུར་རང་བཞིན་གྱི་གྲུབ་ཆ་གལ་ཆེན་ཞིག་རེད། མའོ་ཞིང་གིས་ལྷ་སྒྲུང་དཔེར་བཀོད་ནས་རང་གི་ལྟ་བ་བཏོན་པ་ནི“མི་རིགས་སོ་སོའི་ལྷ་སྒྲུང་གི་ཁྱད་ཆོས་དང་ཁྱད་པར་ནི་མི་རིགས་སོ་སོའི་རང་རང་གི་ཁྱད་ཆོས་ལྡན་པའི་འཚོ་བ་ལས་བྱུང་བ་ཡིན། འོན་ཀྱང་མིའི་རིགས་ཀྱི་བྱིས་པའི་དུས་རབས་སུ།རྩོམ་རིག་གི་ཁྱད་ཆོས་སམ་མི་རིགས་ཀྱི་འཚོ་བའི་ཁྱད་ཆོས་གང་ཡིན་རུང་། དེ་གནས་སའི་རང་བྱུང་ཁོར་ཡུག་ལ་འབྲེལ་བ་དམ་པོ་ཡོད། རང་བྱུང་ཁོར་ཡུག་གིས་རིགས་སོ་སོའི་གནའ་རབས་སྐད་ཆ་དང་ཚིག་ཚོགས། སྐད་ཆའི་གྲུབ་སྟངས་སོགས་ལ་བག་ཆགས་ཟབ་མོ་བཞག་ཡོད་པར་མ་ཟད།ལྷ་སྒྲུང་དང་ལོ་རྒྱུས་སྙན་རྩོམ་རིང་མོ་སོགས་ཀྱི་ནང་དོན་གྱི་ཆ་ནས་ཀྱང་ཤུགས་རྐྱེན་ཟབ་མོ་བཞག་ཡོད། དཔེར་ན། ཕལ་ཆེར་མི་རིགས་ཡོངས་ལ་ཆུ་ལོག་གི་གཏམ་རྒྱུད་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་པ་རིགས་ལ་ཆུ་ལོག་གི་གཏམ་རྒྱུད་མེད། རྒྱུ་མཚན་ནི་རུས་རྒྱུད་ཚོ་ཁག་དེ་དག་རི་སྒང་ཏུ་གཞིས་ཆགས་ཡོད་པས་ཆུ་ལོག་གིས་བསྣུབས་པའི་གནས་ཚུལ་མེད། ཡང་དཔེར་ན། ཐོག་ལྷ་ནི་མི་རིགས་མང་པོའི་ལྷ་སྒྲུང་དུ་ལྡོག་ཕྱོགས་ཀྱི་མི་སྣ་ཞིག་ཡིན་པ་དང་ཆུ་ལོག་གི་གནོད་སྐྱོན་བཟོ་བའི་གཏེ་བོ་རེད།འོན་ཀྱང་ལི་རིགས་ཀྱིས་ཐོག་ལྷ་ནི་དྲང་ཕྱོགས་ཀྱི་མི་སྣ་ཞིག་ཏུ་འཛིན་པ་རེད།  དེ་ནི་ཧའེ་ནན་ཞིང་ཆེན་དུ་འབྲུག་སྒྲ་ཐོག་གློག་གི་གནོད་སྐྱོན་ཆེ་བས་ས་ཁུལ་གཞན་དང་བསྡུར་ན་ཐོག་ལྷར་དད་མོས་བྱེད་བཞིན་ཡོད” ⑤ཅེས་བརྗོད་ཡོད།

(༤)དུས་རབས་དང་སྤྱི་ཚོགས་འཚོ་བའི་འཕེལ་འགྱུར་དབང་གིས་ངག་རྩོམ་གྱི་ནང་དོན་དང་གསར་རྩོམ་གྱི་ངོ་བོའི་ཐད་འགྱུར་ལྡོག་འབྱུང་བཞིན་ཡོད། ངག་རྩོམ་དེ་མི་རབས་ནས་མི་རབས་སུ་བརྒྱུད་འཛིན་བྱེད་པའི་གོ་རིམ་ཁྲོད་ཕྱིས་ཀྱི་འཚོ་བའི་འགྱུར་ལྡོག་དབང་གིས་དེའི་ནང་དོན་ལ་འགྱུར་ལྡོག་འབྱུང་བཞིན་པ་ནི་རང་བཞིན་གྱི་ཆོས་ཉིད་ཅིག་རེད། དཔེར་ན།《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ》ལས།  

བྱ་དེ་ཁྲུང་ཁྲུང་དཀར་མོ། །  

གཤོག་རྩལ་ང་ལ་གཡོར་དང་། །

ཐག་རིང་རྒྱང་ལ་མི་འགྲོ། ། 

 ལི་ཐང་བསྐོར་ནས་སླེབས་ཡོང་། ། ཞེས་པ་བཅིངས་འགྲོལ་ཐོབ་རྗེས།

བྱ་དེ་ཁྲུང་ཁྲུང་དཀར་མོ། །  

གཤོག་རྩལ་ང་ལ་གཡོར་དང་། །

ཐག་རིང་རྒྱང་ལ་མི་འགྲོ། །  

པེ་ཅིན་་བསྐོར་ནས་སླེབས་ཡོང་། ། ཞེས་འགྱུར་བ་ལྟ་བུའོ།

དོན་གྱིས་གཞན་འགྱུར་ནི་དམངས་ཁྲོད་རྩོམ་རིག་གི་གནས་པའི་ཚུལ་ཏེ། ངག་རྩོམ་མང་པོ་ངག་ནས་ངག་དང་སྙན་ནས་སྙན་བརྒྱུད་དེ་གཞན་འགྱུར་འབྱུང་བཞིན་ནང་དོན་ཕུན་སུམ་ཚོགས་པོར་བཏང་ཞིང་སྒྱུ་རྩལ་གྱི་རང་བཞིན་མཐོ་རུ་བཏེགས་ཏེ། ཉན་མཁན་དང་ལེན་མཁན་མང་པོའི་ཡིད་ཀྱི་སྤྲོ་བ་འདྲེན་ཐུབ་པས། བོད་ཀྱི་དམངས་ཁྲོད་རྩོམ་རིག་ཁྱོན་ཡོངས་ལ་དར་ཁྱབ་དང་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཏུ་གྱུར་ཡོད། དམངས་ཁྲོད་རྩོམ་རིག་གང་ཡིན་ཡང་ངག་ཐོག་ནས་ཡང་བསྐྱར་བཟླས་ཤིང་འཛད་མེད་དུ་ལོངས་སུ་སྤྱོད་པ་ཞིག་ཡིན་ཏེ། ལྷ་སྒྲུང་ལྟ་བུར་མཚོན་ན། ལྷ་སྒྲུང་སླར་བཤད་པ་ནི་གཏམ་རྒྱུད་ཀྱི་ནང་དོན་གཙོ་བོ་དང་ཡང་ན་བྱུང་རིམ་ག་གེ་མོ་ཞིག་གི་ནང་དོན་གཙོ་བོ་སྐྱར་ཟློས་བྱས་པ་ཙམ་དུ་སྣང་ཡང་། གཏམ་རྒྱུད་ཧྲིལ་བོ་ཇི་བཞིན་དུ་བསྐྱརཟློས་བྱེད་པ་ཙམ་མིན་ཏེ། གཏམ་རྒྱུད་ཀྱི་བྱུང་རིམ་ལ་རྒྱས་བསྡུས་དང་འཚོ་བའི་ཉམས་འགྱུར་ཟབ་པའི་བརྗོད་བྱ་སྣ་ཚོགས་ཁ་སྣོན་བྱས་ཡོད་པས། སྔར་གྱི་གཏམ་རྒྱུད་ཅིག་བརྗོད་པ་དང་ཆབས་ཅིག་ཏུ་གཏམ་རྒྱུད་དེ་མིའི་རིགས་ཀྱི་དྲན་འཛིན་ཁྲོད་ཡུན་རིང་དུ་གནས་ཐུབ་པར་བྱས་ཡོད་ལ། གཏམ་རྒྱུད་ལ་འགྱུར་བཅོས་གང་འཚམ་བྱས་ཏེ་སྣང་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་གསལ་ལེར་རྟོགས་ཤིང་རྣམ་པར་འཕེལ་བ། ལྷ་སྒྲུང་གཏམ་རྒྱུད་ཉམས་པ་མེད་པར་ཡུན་རིང་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པ་ཡིན་ནོ། །


མཆན་འགྲེལ། 

① 万建中:《民间文学引论》,北京大学出版社,2006年版,第73页。

② མིག་དམར་གྱིས་བརྩམས་ཤིང་།  2005ལོར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《དམངས་ཁྲོད་རྩོམ་རིག་རྣམ་བཤད》ཀྱི་ཤོག་ངོས92པར་གསལ།

③ ངག་རྒྱུན་འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི06ལོའི་བོད་དབྱིན་འཛིན་གྲྭའི་སློབ་བུ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་འདོན་སྤྲོད་བྱས་པ་ཡིན།

④ ངག་རྒྱུན་འདི་ནི་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི06ལོའི་བོད་དབྱིན་འཛིན་གྲྭའི་སློབ་བུ་དཀོན་མཆོག་ལགས་ཀྱིས་འདོན་སྤྲོད་བྱས་པ་ཡིན།

⑤ 《中国社会科学院学者文选·毛星集》中国社会科学出版社2002年版,第361-362页。

རྩོམ་སྒྲིག་པ། : ཀླུ་མོ་མཚོ།