ཐ་སྙད་དང་དེའི་དབྱེ་བ།

[གནད་བཏུས] རྩོམ་འདིར་དེང་རབས་སྐད་བརྡ་རིག་པའི་དཔྱད་ལུགས་ཇི་བཞིན། བརྗོད་བྱའི་དོན་ཡོངས་སུ་རྫོགས་པ་སྟོན་པར་བྱེད་པའི་བོད་སྐད་ཡིག་གི་ངག་གམ་རྗོད་པ་དེ་ཉིད་ཀྱང་། སྡེབ་སྦྱོར་གྱི་ཚོགས་ཆུང་ངུར་དགྲོལ་བ་ན་སྒྲ་དོན་གཉིས་ཀའི་ཆ་ནས་ཆེས་ཆུང་བའི་མཐར་ཐུག་པ་ནི་ཐ་སྙད་ཀྱི་སྡེ་ཡིན་ལ། ཐ་སྙད་དག་ཀྱང་སོ་སོའི་བརྡ་སྤྲོད་པའི་ངོ་བོ་དང་འཇུག་ལྡོག་གི་ཁྱད་པར་གྱིས་མིང་དང་། བྱ་ཚིག་དང་། ཁྱད་ཚིག་དང་། རྒྱན་ཚིག་དང་། ཕྲད་དང་། རྐྱེན་ལ་སོགས་པའི་རིགས་དུ་མར་བཀར་ཏེེ། ཇི་ཙམ་རིགས་པས་ཞིབ་ཏུ་བརྡར་བ་ན། བོད་སྐད་ཡིག་གི་ཚིག་སྦྱོར་གྱི་གྲུབ་ལུགས་ཀྱང་དེ་ཙམ་གྱིས་རྟོགས་སླ་བར་འགྱུར་རོ། །

[གནད་ཚིག] བརྡ་སྤྲོད། སྦྱོར་སྡེ། ཐ་སྙད། མིང་། བྱ་ཚིག ཕྲད། རྐྱེན།

གླེང་སློང་བ།

        དེ་ཡང་བོད་ཀྱི་སྐད་ཡིག་འདི་ལ། སྔོན་བྱོན་མཁས་དབང་རྣམས་ཀྱིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་གྲངས་ཀྱིས་མི་ལངས་པ་བཞུགས་ཡོད་ཀྱང་། ཕལ་ཆེ་བ་ནི་ཚིག་སྦྱོར་གང་གི་བརྗོད་བྱའི་དོན་གྱི་ཁྱད་པར་དག་ལ་རབ་ཏུ་ཞུགས་པ་ལས། དེང་རབས་སྐད་བརྡ་རིག་པའི་རིགས་ལམ་ཇི་བཞིན་དུ། ཚིག་སྦྱོར་དེའི་ཕྱིའི་གྲུབ་ལུགས་ཀྱི་རྣམ་གཞག་ནི་འདི་ལྟའོ་ཞེས་གསུངས་པ་ཤིན་ཏུ་ཉུང་ངོ་། ། སྤྱིར་ན་སྐད་རིགས་གང་ཞིག་ཡིན་རུང་། སྐད་ཆའི་རྒྱུ་རྣམས་ཇི་ལྟར་བསགས་ཏེ་ཡང་དག་པའི་ཚིག་སྦྱོར་སྤེལ་བའི་རྣམ་གཞག་དེ་སྐད་རིགས་དེའི་བརྡ་སྤྲོད་པའི་གཞུང་གི་བརྗོད་བྱ་གཙོ་བོ་ཡིན་དགོས་ཀྱང་། རང་ཅག་བོད་ཀྱི་བརྡ་སྤྲོད་བསྟན་བཅོས་རྣམས་སུ། ཚིག་སྦྱོར་གྱི་ཕྱིའི་གྲུབ་ལུགས་ལ་ཐུགས་གནང་མི་མཛད་པར། བརྗོད་དོན་གྱི་ཆ་ཤས་ཤིན་ཏུ་ཕྲ་བ་དག་ལ་འཇུག་སྤྲོ་བ་ཡིན་པ། རྣམ་དབྱེ་གཉིས་བཞིའི་སྐོར་གྱི་དགོངས་འགྲེལ་ཐ་དད་པ་དག་ལས་ཀྱང་རྟོགས་སླའོ། ། དུས་ད་ལྟ་ནི་ཚན་རྩལ་གྱི་དུས་རབས་ཤིག་སྟེ། རྩིས་འཁོར་སྐད་བརྡ་རིག་པ་ཞེས་རྩིས་འཁོར་རིགས་ལམ་གྱིས་ཀྱང་མི་རིགས་རང་གི་སྐད་ཡིག་ལ་ཞིབ་འཇུག་དང་དེ་ཉིད་རྒྱུད་འཛིན་དར་སྤེལ་བྱ་བའི་དུས་ལ་མངོན་པར་ཕྱོགས་པས་ན། མི་རིགས་རང་གི་བརྡ་སྤྲོད་དུ། རྗོད་པ་ངག་གི་གྲུབ་ལུགས་དང་། ཐ་སྙད་དག་གི་སྡེབ་ལུགས་དང་། དེ་བཞིན་སྡེབ་སྦྱོར་གྱི་སྡེའམ་ཚོགས② གཞན་དག་རྣམས་ཀྱང་འདི་ལྟར་གྲུབ་པ་ཡིན་ནོ་ཞེས་ཤིན་ཏུ་ཞིབ་པ་རྩིས་རིག་པའི་སྤྱི་འགྲོས་ཀྱི་ཚུལ་གྱིས་དཔྱད་དགོས་སོ། །

སྤྱི་ལོ༡༩༦༦ལ། ཨ་རིའི་དེང་རབས་སྐད་བརྡ་རིག་པའི་མཁས་དབངC.J.Fillmoreཡིས། Case grammar ཞེས་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཤིག་གསར་མཛད་གནང་བ་དང་། གཞུང་ལུགས་དེས་ནི་འཇིག་རྟེན་གྱི་སྐད་རིགས་ཐམས་ཅད་ཀྱི་བརྡ་སྤྲོད་པའི་ལུགས་ཀྱི་རྩ་བའི་ཆོས་ཉིད་ཀྱི་ཆ་དག་ཡོངས་སུ་བསྟན་ཡོད་དོ་ཞེས་ཀུན་གྱིས་བསྔགས་བརྗོད་ཚད་མེད་པ་བྱས་ཤིང་བྱེད་བཞིན་ཡོད་དོ། ། ཁོ་བོར་དེབ་དེའི་འགྱུར་མ་ཞིག་ཀློག་པའི་སྐལ་བ་ཡག་པོ་བྱུང་བས། བཀླགས་པ་ཙམ་གྱིས་འདི་དང་རྩ་བ་སུམ་ཅུ་བ་གཉིས་ཇི་འདྲའི་འདྲ་བ་ལ་སྙམ་པའི་འདུ་ཤེས་ཤིག་འགོག་མེད་དུ་སྐྱེས་ཤིང་།

གཞུང་དེ་གཉིས་རང་ནུས་ཀྱིས་ཕན་ཚུན་བསྡུར་བ་ཙམ་བྱས་ཏེ། དེའི་ལེགས་པའི་ཆ་རྣམས་བླངས་ནས་བོད་ཀྱི་བརྡ་སྤྲོད་ཀྱི་གཞུང་ལ་སྦྱར་ན་ཤིན་ཏུ་འབྱོར་བ་མ་ཟད། བོད་ཀྱི་རྣམ་དབྱེའི་རྣམ་གཞག་དང་། ཕྲད་དང་རྣམ་དབྱེའི་ཁྱད་པར། རྗོད་པའི་གྲུབ་ལུགས། ཚིག་དང་མིང་གི་དབྱེ་བ་ལ་སོགས་པ་བོད་ཀྱི་བརྡ་སྤྲོད་པའི་རྩ་བའི་ཆ་རྣམས་གསལ་བར་འགྱུར་བ་མ་ཟད། དེ་དག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རྣམས་ཀྱང་མངོན་པར་འགྱུར་རོ།།

        ཇི་སྐད་དུ། མི་རིགས་གཞན་གྱི་སྔོན་ཐོན་གྱི་སྐད་ཡིག་གི་ལེགས་པའི་ཆ་ལེན་རྒྱུ་དང་། མི་རིགས་རང་གི་སྐད་ཡིག་གི་ཞན་པའི་ཆ་གང་ཡོད་རིམ་བཞིན་ལེགས་བཅོས་སུ་བཏང་སྟེ་ལེགས་ཐོག་ལེགས་བརྩེགས་བྱེད་དགོས③ཞེས་གདམས་པ་ཇི་བཞིན་དུ། བོད་ཀྱི་བརྡ་སྤྲོད་པའི་ཚུལ་དེ་གོ་སླ་བ་དང་། ཟོར་ཡང་བ། འཇུག་བདེ་བ། དམིགས་སུ་རྩིས་འཁོར་ལའང་ཉེ་བར་སྤྱད་རུང་བའི་ཆེད་དུ། དེང་རབས་སྐད་བརྡ་རིག་པའི་ལུགས་ཇི་བཞིན། བོད་ཀྱི་ཐ་སྙད་དང་དེའི་དབྱེ་བ་བརྗོད་པ་ལ་གཉིས་ཏེེ། དང་པོ་ཐ་སྙད་ངོས་འཛིན་དང་། གཉིས་པ་དེའི་དབྱེ་བ་བརྗོད་པ་ལས།

དང་པོ། བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་སྡེ་ལྔ།

        ཨ་རིའི་མཁས་དབང་དེ་ཉིད་ཀྱི་ལྟ་བ་གཞིར་བཟུང་ན། ཤིང་མཁན་གྱིས་མདུན་རིའི་ནགས་ཚལ་སྟུག་པོ་རུ་སྟར་ཀའི་སྡོང་བོ་གཅོད་བཞིན་འདུག ལྟ་བུ་བརྗོད་དོན་ཡོངས་སུ་རྫོགས་པ་སྟོན་པའི་སྡེབ་སྦྱོར་གྱི་སྡེ(Grammatical unit)ཆེན་པོ་འདི་ལ་ངག་གམ་རྗོད་པ(Sentence)ཞེས་བྱའོ། །

སྦྱོར་སྡེ་དེ་འགྲུབ་བྱེད་ཀྱི་རྒྱུ་ནི་རྣམ་དབྱེའོ། ། འབྲས་བུ་ནི་ལེའུ་སྒྲུབ་པར་བྱེད་དོ། །④གོང་གི་སྦྱོར་སྡེ་ཆེན་པོ་ངག་གམ་རྗོད་པ་དེ་ཉིད་ནི། རྣམ་དབྱེ(Case)དུ་མ་ལས་གྲུབ་པ་ཡིན་ཏེ། རྗོད་པ་དེའི་གྲུབ་རྒྱུ་རྣམས་སོ་སོར་དབྱེ་ན།

[1] ཤིང་མཁན /གྱིས /གཅོད་བཞིན་འདུག་ཅེས་པ་བྱེད་པོ་བརྗོད་པའི་རྣམ་དབྱེ་གསུམ་པ་དང་།

[2] མདུན་རིའི་ནགས་ཚལ་སྟུག་པོ /རུ /གཅོད་བཞིན་འདུག་ཅེས་པ་བྱ་བའི་ཡུལ་བརྗོད་པའི་རྣམ་དབྱེ་གཉིས་པ།

[3] སྟར་ཀའི་སྡོང་བོ /གཅོད་བཞིན་འདུག་ཅེས་པ་བྱ་བ་འཇུག་སའི་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་པོ⑤ བཅས་གསུམ་མོ། །

རྣམ་དབྱེ་དེ་གསུམ་པོ་སྤྱི་མཐུན་གྱི་བྱ་བ་གཅིག་པོ་དེར་མཉམ་དུ་བསྡུས་པ་ན། ཤིང་མཁན་གྱིས་མདུན་རིའི་ནགས་ཚལ་སྟུག་པོ་རུ་སྟར་ཀའི་སྡོང་བོ་གཅོད་བཞིན་འདུག་ཅེས་སམ། མདུན་རིའི་ནགས་ཚལ་སྟུག་པོ་རུ་ཤིང་མཁན་གྱིས་སྟར་ཀའི་སྡོང་བོ་གཅོད་བཞིན་འདུག སྟར་ཀའི་སྡོང་བོ་མདུན་རིའི་ནགས་ཚལ་སྟུག་པོ་རུ་ཤིང་མཁན་གྱིས་གཅོད་བཞིན་འདུག་ལ་སོགས་པའི་རྗོད་པ་ཕུན་སུམ་ཚོགས་པ་དྲུག་ཙམ་འགྲུབ་པར་བྱེད་དོ། །

རྣམ་དབྱེའི་རྒྱུ་ནི་ཚིག་གོ ། འབྲས་བུ་ནི་ངག་སྒྲུབ་པར་བྱེད་དོ། ། རྣམ་དབྱེའི་སྡེབ་སྦྱོར་ནི་ཚིག(Phrase)དུ་མས་གྲུབ་པ་ཡིན་ནོ། ། སྟར་ཀའི་སྡོང་བོ་གཅོད་བཞིན་འདུག ལྟ་བུའི་རྣམ་དབྱེ་དང་པོ་འདི་ལ་གྲུབ་རྒྱུ་གཉིས་ཡོད་དེ། ཨི་ལྡན་གྱི་ཕྲད་ཀྱིས་མཚམས་སྦྱར་བའི་སྟར་ཀའི་སྡོང་བོ་ཞེས་པའི་མིང་གི་ཚིག(Noun Phrase)དང་། གཅོད་བཞིན་འདུག་ཅེས་པའི་བྱ་བའི་ཚིག(Verd Phrase)གཉིས་སོ། ། སྟར་ཀའི་སྡོང་བོ་ཞེས་པ་ནི་མིང་གི་ཚིག་སྟེ། དེ་ཡང་རྒྱུ་དུ་མས་གྲུབ་པས་ན་ཚིག་གི་རྣམ་པ་དང་། ངོ་བོ་མིང་ཙམ་ཡིན་པས་སོ། ། དེ་བཞིན། གཅོད་བཞིན་འདུག་ཅེས་པ་བྱ་བའི་ཚིག་ཡིན་ཏེ། རྒྱུ་དུ་མས་གྲུབ་པས་ཚིག་གི་རྣམ་པ་ཡོད་ཀྱང་དོན་གྱི་ངོ་བོ་བྱ་ཚིག་ཡིན་ནོ། ། དེ་བས། ཚིག་ལ་རིགས་གཉིས་ཏེ། མིང་གི་ཚིག་དང་བྱ་བའི་ཚིག་གོ །

ཚིག་གི་རྒྱུ་ནི་ཐ་སྙད་དོ། ། འབྲས་བུ་ནི་རྣམ་དབྱེ་སྒྲུབ་པར་བྱེད་དོ། ། ཚིག་དེ་དག་གི་བརྗོད་དོན་གྱི་ཐུང་བའི་མཐར་ཐུག་པ⑥ནི་ཐ་སྙད(Word)དེ། སྟར་ཀའི་སྡོང་བོ་ཞེས་པའི་མིང་གི་ཚིག་དེ་ནི། སྟར་ཀ་དང། འི་དང་། སྡོང་བོ་བཅས་ཐ་སྙད་གསུམ་གྱིས་གྲུབ་པ་དང། གཅོད་བཞིན་འདུག་ཅེས་པའི་བྱ་བའི་ཚིག་དེ་ཡང། གཅོད་དང་། བཞིན་དང་། འདུག་བཅས་པས་གྲུབ་པ་ཡིན་ནོ། ། ཐ་སྙད་དེ་དག་ཀྱང་སོ་སོའི་བརྡ་སྤྲོད་པའི་ངོ་བོའི་ཁྱད་པར་གྱིས་རིགས་དུ་མར་དགར་བ་ཡིན་ཏེ། སྟར་ཀ་དང་། སྡོང་བོ་ལྟ་བུ་ལ་མིང་ཞེས་བྱ་ཞིང་། འི་ལྟ་བུ་ལ་ཕྲད། གཅོད་ལྟ་བུ་ལ་བྱ་ཚིག་དང་། བཞིན་དང་འདུག་ལྟ་བུ་ལ་རྣམ་གཅོད་ཀྱི་སྒྲ་སྟེ། སྔ་མས་དུས་གསལ་བྱེད་དང་ཕྱི་མས་ངེས་པ་གསལ་བར་བྱེད་པ་ལྟ་བུའོ། །

ཐ་སྙད་ཀྱི་རྒྱུ་ནི་ཡི་གེའོ། ། འབྲས་བུ་ཚིག་སྒྲུབ་པར་བྱེད་དོ། ། ཡིན་ཏེ། སྟར་ཀ་དང་། འི་དང་། སྡོང་བོ་དང་། གཅོད་དང་། བཞིན་དང་། འདུག་ལ་སོགས་པའི་ཐ་སྙད་དག་ནི་ཡི་གེ་ལས་གྲུབ་པ་ཡིན་ནོ། །

བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་ཚོགས་ཐོག་མ་ནི་ཡི་གེ(Character)སྟེ་གདངས་ལས་བྱུང་བའོ། ། འབྲས་བུ་ནི་ཐ་སྙད་སྒྲུབ་པར་བྱེད་དོ། ། འདིའི་སྐོར་ལ་བརྡ་སྤྲོད་བསྟན་བཅོས་རྣམས་ཀྱི་དགོངས་པ་གཅིག་མཐུན་ཡིན་པས། འདིར་སྤྲོས་པའི་དགོས་པ་མ་མཆིས་སོ། །

འདི་ལྟར་བོད་སྐད་ཡིག་གི་བརྡ་སྤྲོད་པའི་སྡེབ་སྦྱོར་གྱི་སྡེའམ་ཚོགས་ཞེས་པ་ཡི་གེ་དང་། ཐ་སྙད་དང། ཚིག་དང་། རྣམ་དབྱེ་དང་། རྗོད་པ་བཅས་ལྔ་རུ་དབྱེ་བ་ན། རྣམ་དབྱེའི་ཐུན་མོང་མ་ཡིན་པའི་བརྡ་སྤྲོད་ཀྱི་ནུས་པའང་མངོན་པར་གསལ་བར་འགྱུར་ལ། སྦྱོར་སྡེ་སྔ་མ་གང་ཞིག་ཕྱི་མའི་རྒྱུ་རུ་འགྲོ་ཞིང་། ཕྱི་མ་གང་ཞིག་སྔ་མའི་འབྲས་བུར་སྣང་ངོ་། །

དེ་ཡང་། སྦྱོར་སྡེ་དང་པོ་ཡི་གེ་ལ། སོ་སོའི་བརྡ་སྤྲོད་པའི་ཁྱད་པར་གྱི་དབང་གིས། སྤྱིར་ན་དབྱངས་གསལ་གཉིས་སུ་དགར་ཞིང་། སྒོས་སུ་གསལ་བྱེད་རྣམས་ཀྱང་མིང་གཞི་འཕུལ་རྟེན། མགོ་འདོགས་བརྩེགས་ཅན། ཕོ་མོ་མ་ནིང་ལ་སོགས་པར་དབྱེ་བ་ཇི་བཞིན་དུ། སྦྱོར་སྡེ་གཉིས་པ་སྟེ་ཐ་སྙད་ཀྱི་སྡེ་ཡང་སོ་སོའི་བརྡ་སྤྲོད་པའི་འཇུག་ལྡོག་གི་ཁྱད་པར་གྱིས། མིང་དང་། བྱ་ཚིག་དང། ཁྱད་ཚིག་དང་། རྒྱན་ཚིག་དང་། ཕྲད་དང་། རྐྱེན་ལ་སོགས་པར་རབ་ཏུ་དབྱེ་བར་འོས་སོ། ། གོང་གི་དཔེར་བརྗོད་པའི་ངག་དེ་ཉིད། དང་པོ་རྣམ་དབྱེ་རུ་བཀྲལ། དེ་ཡང་ཚིག་ཏུ་བཀྲལ། དེ་ཡང་ཞིབ་ཏུ་བཀྲལ་ན། དོན་གྱི་མཐར་ཐུག་པའི་ཐ་སྙད་དུ་མར་ཐུག་ཡོད་པ་ལས། ཤིང་དང་། མདུན་རི་དང་། ནགས་ཚལ་དང་། སྟུག་པོ་དང། སྟར་ཀ་དང་། སྡོང་པོ་ལ་སོགས་པ་ནི་མིང་དང་། གཅོད་ནི་བྱ་ཚིག་དང་། འི་ནི་ཕྲད་དང་། གྱིས་དང་དུ་གཉིས་ལ་རྣམ་དབྱེའི་ཕྲད་དང་། མཁན་དང་བཞིན་དང་འདུག་བཅས་ལ་རྐྱེན་ཞེས་སོ་སོར་གདགས་པར་འོས་ཏེ། དེ་དག་གི་བརྡ་སྤྲོད་པའི་འཇུག་ལྡོག་ཐ་དད་པས་སོ། ། དེ་བཞིན་ཚིག་ལའང་ངོ་བོའི་སྒོ་ནས་རིགས་གཉིས་སུ་བགར་ཞིང། རྣམ་དབྱེ་རྣམས་ནི་ཕྱིའི་གྲུབ་ལུགས་ཆ་འདྲ་བ་ཡིན་ཡང། བརྗོད་དོན་གྱི་ཁྱད་པར་གྱི་དབང་གིས་རྣམ་དབྱེ་བརྒྱད་དུ་བཀར་བ་ཡིན་ནོ། ། ཡིན་ཏེ།

[1] ཤིང་མཁན /གྱིས /གཅོད་བཞིན་འདུག་ཅེས་པའི་རྣམ་དབྱེ་གསུམ་པ་བྱེད་པ་པོ་དང་།

[2] མདུན་རིའི་ནགས་ཚལ་སྟུག་པོ /རུ /གཅོད་བཞིན་འདུག་ཅེེས་པའི་རྣམ་དབྱེ་གཉིས་པ་བྱ་བའི་ཡུལ་དང་།

[3] སྟར་ཀའི་སྡོང་བོ /གཅོད་བཞིན་འདུག་ཅེེས་པའི་རྣམ་དབྱེ་དང་པོ་ཆོས་དངོས་རྣམས་ཀྱང་མིང་གི་ཚིག་ལ་ཕྲད་སྦྱར། དེ་ལ་བྱ་བའི་ཚིག་སྦྱར་ཏེ་གྲུབ་པ་ཡིན་ཡང་། ཚིག་སྔ་ཕྱི་དེ་གཉིས་ཀྱི་བརྗོད་དོན་གྱི་འབྲེལ་བ་ཅི་ཡིན་པ་དེ་ནི་རྣམ་དབྱེའི་མཚན་ཉིད་ཡིན་ཏེ། ཤིང་མཁན་ནི་བྱ་བའི་ཚིག་དེ་ལ་བལྟོས་པའི་བྱེད་པ་པོ་ཡིན་པས། ཤིང་མཁན་གྱིས་གཅོད་བཞིན་འདུག་ཅེས་པ་ནི་རྣམ་གསུམ་པ་བྱེད་པ་པོ་རུ་འབོད་པ་དང་། མདུན་རིའི་ནགས་ཚལ་སྟུག་པོ་དེ་བྱ་བའི་ཡུལ་དུ་སྣང་བས་ན། མདུན་རིའི་ནགས་ཚལ་སྟུག་པོ་རུ་གཅོད་བཞིན་འདུག་ཅེས་པ་ལ་རྣམ་དབྱེ་གཉིས་པ་བྱ་བའི་ཡུལ་གྱི་མིང་བཏགས་པ་ཡིན་ནོ། ། དེ་བཞིན་དུ། སྟར་ཀའི་སྡོང་བོ་ནི་བྱ་བའི་ཚིག་དེས་བསྟན་པའི་བྱ་བ་དེ་ཉིད་འཇུག་སའི་ཆོས་དངོས་ཡིན་པས། སྟར་ཀའི་སྡོང་བོ་གཅོད་བཞིན་འདུག་ཅེས་པ་ནི་རྣམ་དབྱེ་དང་པོ་ཆོས་དངོས་ཀྱི་མཚན་གཞིར་བཞག་ཀྱང་ཤིན་ཏུ་འོས་སོ་སྙམ་མོ། ། རྣམ་དབྱེ་དང་པོ་འདིའི་མིང་གི་ཚིག་དང་བྱ་བའི་ཚིག་གཉིས་ཀྱི་བར་དུ་འདིའོ་ཞེས་པའི་རྣམ་དབྱེའི་ཕྲད་ཅིག་དངོས་སུ་མཐོང་བ་མེད་ཀྱང་། དོན་ཐོབ་ཀྱི་ཕྲད་ཅིག་ཅིས་ཀྱང་སྦྱར་ཡོད་པ་ཤིན་ཏུ་རྟོགས་སླ་བས་ན། རྩ་བ་སུམ་ཅུ་བའི་གཞུང་དུའང་རྣམ་དབྱེ་དང་པོ་ཆེད་དུ་མ་གསུངས་ལ། རྣམ་དབྱེ་འདི་ཉིད་ལ་ཕྲད་མེད་པས་ཡིན་ནམ་སྙམ་ཡང་དཔྱད་པའི་གནས་སོ། ། ཇི་སྐད་དུ། ས་སྐྱ་པཎ་ཆེན་གྱི་བསྟན་བཅོས་མཁས་པའི་ཁ་རྒྱན་གྱི་གཞུང་ཚིག་ཏུ། དོན་གྱི་མིང་སྟོན་པ་ནི་མིང་ངོ་། ། དེ་ལས་ཕ་རོལ་དུ་རྣམ་དབྱེ་རྣམས་སོ། ། ⑦ ཞེས་གསུངས་པ་ཇི་བཞིན་ནོ། ། མདུན་རིའི་ནགས་ཚལ་སྟུག་པོ་དང་། སྟར་ཀའི་སྡོང་བོ། ལྟ་བུའི་ཨི་ལྡན་གྱི་ཕྲད། མིང་གི་ངོ་བོ་ཅན་གྱི་ཐ་སྙད་གཉིས་སམ་དུ་མའི་བར་དུ་སྦྱར་བ་ནི། རྣམ་དབྱེ་བྱིངས་ཀྱི་གྲུབ་ལུགས་དང་མི་མཐུན་ཞིང་། བརྗོད་དོན་གྱི་ཆ་ནས་ཀྱང་མིང་ཙམ་དུ་ཟད་པས། ཚིག་ཕྲད་ཙམ་ལས་རྣམ་དབྱེའི་ཕྲད་མ་ཡིན་ནོ། །

སྤྱིར་ན་ཐ་སྙད་དང་མིང་གཉིས་ལ་སོ་སོར་མཚན་ཉིད་ཁྱད་པར་བ་རེ་བཞག་ཏུ་ཡོད་ཀྱང་། འདིར་ཐ་སྙད་ནི་སྤྱི་དང་མིང་ནི་དེའི་བྱེ་བྲག་ཏུ་ངོས་བཟུང་བ་ཡིན་ནོ།།

གཉིས་པ། ཐ་སྙད་ཀྱི་དབྱེ་བ།

སྤྱིར་ན་ཚིག་སྦྱོར་གྱི་ཐ་སྙད་སོ་སོའི་ངོ་བོ་ཅི་ཡིན་པ་ཚིག་སྦྱོར་དེའི་སྐབས་བབ་དང་བསྟུན་ནས་རྟོགས་དགོས་ཏེ། དཔེར་ན། གྲལ་བསྒྲིགས་པའི་བསྒྲིགས་ལ་ཡང་འཇུག་ཡོད། ལྟ་བུ་ལས། བསྒྲིགས་སྔ་མ་ནི་བྱ་ཚིག་དང་། ཕྱི་མ་ནི་རྟེན་གཞི་བརྗོད་པའི་མིང་ཙམ་ལས་བྱ་ཚིག་མ་ཡིན་པ་རྗོད་པ་དེའི་བརྗོད་དོན་གྱི་སྒོ་ནས་རྟོགས་ཐུབ་ལ། རྗོད་བྱེད་ཚིག་གི་གྲུབ་ལུགས་ཀྱི་ངོས་ནས་ཀྱང་གསལ་བོར་འབྱེད་ཐུབ་བོ། ། ཕྱག་རྟགས་ཀྱི་ཕྱག་ལ་ཡང་འཇུག་མེད། ཅེས་པ་དང་ཀུན་ནས་མཚུངས་སོ། ། དེ་བས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་གྲུབ་ལུགས་གཉིས་ཟུང་དུ་སྦྲེལ་ཏེ། ཚིག་སྦྱོར་གྱི་ཐ་སྙད་སོ་སོའི་ངོ་བོ་ཅི་ཡིན་པ་རྟོགས་པར་བྱེད་ཀྱི། འདི་དག་ནི་མིང་ངོ་དེ་དག་ནི་བྱ་ཚིག་གོ་ཞེས་ཐ་སྙད་དག་ལ་རྟགས་མི་འགྱུར་བ་རེ་བཀོད་དེ་ཚིག་སྦྱོར་གྱི་ཚུལ་ལ་དཔྱད་མི་རུང་ངོ་། །

ཀ མིང་དང་དེའི་དབྱེ་བ།

དོན་གྱི་ངོ་བོ་ཙམ་སྟོན་པ་མིང་སྟེ། བྱེ་བྲག་ཏུ།

དངོས་པོའི་མིང་ཞེས། རི་རབ། རྒྱ་མཚོ། མེ་ཏོག སེ་ར། པོ་ཏ་ལ་ལྟ་བུ་དང་།

ཕྱོགས་སྟོན་པའི་མིང་ཞེས། ཤར། སྟེང་། ནང་། ཡར་ལྟ་བུ་དང་།

གནས་ཡུལ་གྱི་མིང་ཞེས། བོད་ལྗོངས། རྒྱ་གར། དབུས་གཙང་ལྟ་བུ་དང་།

དུས་ཀྱི་མིང་ཞེས། དབྱར། སྔ་དྲོ། མཚན། གནམ་གང་། ལོ་གསར་ལྟ་བུ་དང་།

བྱ་བའི་མིང་ཞེས། སློབ་སྦྱོང་། སྒོམ་སྒྲུབ། མཆོད་མཇལ། ཕྱག་ལས་ལྟ་བུ་དང་།

ཁྱད་ཆོས་ཀྱི་མིང་ཞེས། སྔོ་སྐྱ། དཀར་གསལ། ཆེན་མོ། མྱུར་མོ། དགའ་དགའ་སྤྲོ་སྤྲོ། ཚ་ལམ་ལམ། ལྟ་བུ་དང།

གྲངས་ཀྱི་མིང་ཞེས། ལྔ། ཉིས་སྟོང་བརྒྱ་མེད་བཅོ་ལྔ། ཁྲི་ལྔ་ལྟ་བུ་དང་། གཞན་ཡང་། མངོན་བརྗོད་ཀྱི་མིང་། བརྡ་ཆད་ཀྱི་མིང་། རིགས་རུས་ཀྱི་མིང་ལ་སོགས་པར་ཇི་ཙམ་ཞིབ་ཏུ་དབྱེ་ན་དེ་ཙམ་གྱིས་དགེ་མཚན་ཆེའོ། །

འདིར་ཆེད་དུ་ཞུ་བ་ལ། བྱ་བ་གང་ཞིག་དེའི་ངོ་བོ་ཙམ་བརྗོད་པའི་སྒྲ་དང་། བྱ་བ་དེར་མངོན་པར་ཞུགས་ཤིང་བགྱི་བའི་རྣམ་པ་གསལ་བྱེད་ཀྱི་སྒྲ་གཉིས་ལ་བརྡ་སྤྲོད་ཀྱི་ཁྱད་པར་ཤིན་ཏུ་ཆེ་བས་ན། འདིར་སྔ་མ་ལ་བྱ་བའི་མིང(Verb Noun)དང་། ཕྱི་མ་ལ་བྱ་ཚིག(Verb)ཅེས་སོ་སོར་ཡང་དག་པར་བཀར་བ་ཡིན་ནོ། ། དཔེར་ན། སྒོམ་སྒྲུབ་མཛད་ལྟ་བུ་ལས། སྒོམ་སྒྲུབ་ནི་བྱ་བའི་མིང་དང་། མཛད་ནི་བྱ་ཚིག་ཡིན་ལ། མཉམ་དུ་སྦྱར་བས་བྱ་བའི་ཚིག་བསྒྲུབས་པ་ཡིན་ནོ། ། དེ་བཞིན། ཀུན་བཟང་གིས་བྲིས་དང་། བྲིས་པའི་རི་མོ་ལྟ་བུ་ལས། བྲིས་དང་བྲིས་པ་གཉིས་ལའང་བརྡ་སྤྲོད་པའི་ཁྱད་པར་ཆེ་བས། འདིར་བྲིས་ནི་བྱ་ཚིག་དང་། བྲིས་པ་ཞེས་པའི་བྱ་ཚིག་པ་མཐའ་ཅན་འདི་བྱ་བའི་མིང་ཙམ་དུ་འདོད་དོ། །

སུམ་ཅུ་བའི་འགྲེལ་ཆེ་ཆུང་རབ་འབྲིང་ཐམས་ཅད་དུ་དེ་གཉིས་ལ་ཁྱད་པར་མི་འབྱེད་པར་བྱ་བའི་མིང་ངོ་ཞེས་རིགས་གཅིག་ཏུ་བསྡུ་བར་བྱེད་མོད། དེ་ལྟར་ན། ཀུན་བཟང་གིས་བྲིས་པ། ཞེས་ཚིག་ཏུ་མི་འགྲུབ⑧ ལ། བྲིས་ཀྱི་རི་མོ། ཞེས་བརྗོད་དུ་མི་རུང་བའི་རྒྱུ་མཚན་ཅི་ཡིན་པ་སུས་ཀྱང་བཤད་མི་ནུས་སོ། ། དེར་མ་ཟད། བྱ་ཚིག་དང་བྱ་བའི་མིང་གཉིས་ལ་རྣམ་དབྱེའི་ཕྲད་སྦྱར་རུང་མིན་གྱི་ཁྱད་པར་ཡང་ཡོད་དེ། དཔེར་ན། གསུངས་པ་ལེགས་སོ། །⑨གསུངས་པར་འདོད།⑩ གསུངས་པས་མཚོན།གསུངས་པར་ཞུ་བ་ཕུལ། གསུངས་པ་ལས་གསལ་བར་ཤེས་སོོ། ། གསུངས་པའི་ཆོ་ག་ཡིན་ནོོ། །གསུངས་པ་ལ་དོན་ཡོད་དོ། ། ལྟ་བུའི་བྱ་ཚིག་པ་བའི་མཐའ་ཅན་དག་ལ་ནི་རིམ་བཞིན། རྣམ་དབྱེ་དང་པོའི་དོན་ཐོབ་ཀྱི་ཕྲད། རྣམ་དབྱེ་གཉིས་པའི་ཕྲད། རྣམ་དབྱེ་གསུམ་པའི་ཕྲད། རྣམ་དབྱེ་བཞི་བའི་ཕྲད། རྣམ་དབྱེ་ལྔ་བའི་ཕྲད། ཨི་ལྡན་གྱི་ཚིག་ཕྲད། རྣམ་དབྱེ་བདུན་པའི་ཕྲད་བཅས་སྦྱར་རུང་ཡང་། བྱ་ཚིག་རྐྱང་བ་ལ་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དེ། གསུངས་ཀྱང་མ་ཐོས། གསུངས་ཏེ་དེངས་སོ། ། གསུངས་སམ་མ་གསུངས། ལྟ་བུ་སྦྱོར་བ་ལས། རྣམ་དབྱེའི་ཕྲད་སྦྱར་བ་ན། གསུངས་ལེགས་སོ། ། གསུངས་སུ་འདོད། གསུངས་ཀྱིས་མཚོན། གསུངས་སུ་ཞུ་བ་ཕུལ། གསུངས་ལས་གསལ་བར་ཤེས་སོ། ། གསུངས་ཀྱི་ཆོ་ག་ཡིན་ནོ། ། གསུངས་སུ་དོན་ཡོད་དོ། ། ལ་སོགས་པ་བོད་ཀྱི་བརྡ་སྤྲོད་དུ་མི་འབྱུང་ངོ་། ། དེ་བས། བྱ་ཚིག་གང་ཞིག་རྣམ་དབྱེའི་ཕྲད་ཀྱི་སྦྱར་གཞི་ལ་འཇུག་པའི་ཆེད་དུ། དེ་ལ་པ་བའི་མཐའ་སྦྱར་ཏེ་བྱ་བའི་མིང་དུ་སྒྲུབ་པ་ནི་བོད་ཡིག་གི་མཆོག་ཏུ་གྱུར་པའི་ཁྱད་ཆོས་ཤིག་ཏུ་སྣང་ངོ་། །

དེ་བཞིན་དུ། ཁྱད་ཆོས་གང་གི་ངོ་བོ་ཙམ་བརྗོད་པའི་སྒྲ་དང་ཁྱད་ཆོས་དེ་ཉིད་གསལ་བར་བྱེད་པའི་སྒྲ་གཉིས་ལའང་བརྡ་སྤྲོད་ཀྱི་ཁྱད་པར་ཡོད་དེ། དཔེར་ན། ཕ་ཡུལ་མཛེས་དང་མཛེས་པའི་ཕ་ཡུལ་ལྟ་བུ་ལས། མཛེས་ཞེས་པ་ནི་ཁྱད་ཆོས་དེ་གསལ་བར་བྱེད་པའི་སྒྲ་སྟེ་ཁྱད་ཚིག(Adjective)དང་། མཛེས་པ་ནི་ཁྱད་ཆོས་དེའི་ངོ་བོ་ཙམ་བརྗོད་པའི་མིང་སྟེ་ཁྱད་ཆོས་ཀྱི་མིང(Adjective Noun)ངོ་། ། མཛེས་དང་མཛེས་པ་གཉིས་ལ་ཁྱད་པར་མེད་ཅེ་ན། ཕ་ཡུལ་མཛེས་པ་ཞེས་ཚིག་ཏུ་མི་འགྲུབ་ལ། མཛེས་ཀྱི་ཕ་ཡུལ་ཞེས་བརྗོད་དུ་མི་རུང་བའི་རྒྱུ་མཚན་ཡང་བྱ་ཚིག་གི་སྐབས་དང་མཐུན་ནོ། །

གཞན་ཡང་། དཀར་གསལ་གྱི་ཟླ་བ་དང་ཟླ་བ་གསལ་ལྟ་བུས་མཚོན་ཐུབ་པ་སྟེ། ཁྱད་ཚིག་ནི་གཞི་གང་གི་ཁྱད་ཆོས་གསལ་བར་བྱེད་པའི་ཆེད་དུ་དེའི་རྗེས་སུ་སྦྱོར་བ་ལས། ཁྱད་ཆོས་ཀྱི་མིང་ནི་གཞི་དེའི་ཁྱད་ཆོས་གསལ་བྱེད་དུ་སྦྱོར་བ་མ་ཡིན་ནོ། ། འོ་ན། བུམ་པ་དཀར་པོ་ཞེས་པ་ནི་གཞི་ལ་ཁྱད་ཆོས་ཀྱི་མིང་སྦྱར་ཏེ་གཞི་དེའི་ཁྱད་ཆོས་གསལ་བར་བྱས་པ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། བུམ་པ་དཀར་པོ་ཞེས་པའི་དུས་ན། གཞི་བུམ་པ་ལ་ཁྱད་ཆོས་ཀྱི་མིང་དཀར་པོ་སྦྱར་བ་ཡིན་ཡང་། ཚོགས་སྤྱི་དེས་དཀར་པོའི་ཁྱད་ཆོས་དང་ལྡན་པའི་བུམ་པ་ཁྱད་པར་བ་དེ་ཉིད་དམིགས་སུ་བཟུང་སྟེ། ཁྱད་གཞི་བུམ་པ་གསལ་བར་སྟོན་པ་ལས་དེའི་ཁྱད་ཆོས་གསལ་བར་བརྗོད་པ་མ་ཡིན་པས། བུམ་པ་དཀར་རོ། ། ཡང་ན། བུམ་པ་དཀར་ལྟ་བུ་གཞི་ལ་ཁྱད་ཚིག་སྦྱར་བའི་ཚིག་སྦྱོར་འདི་དག་དང་ཁྱད་པར་ཆེའོ། ། དེ་བས། བུམ་པ་དཀར་པོ་ཞེས་པ་མིང་གི་ཚིག་སྦྱོར་དང་། བུམ་པ་དཀར་རོ་ལྟ་བུ་རྣམ་དབྱེའི་ཚིག་སྦྱོར་དུ་ཤེས་པར་བྱའོ། །

ཁ། བྱ་ཚིག་དང་དེའི་དབྱེ་བ།

བྱ་ཚིག་ནི་བྱ་བ་གང་ཞིག་བགྱི་བའི་རྣམ་པ་གསལ་བྱེད་ཀྱི་སྒྲའོ། ། དེ་ལ།

བྱ་བྱེད་ཐ་དད་པའི་བྱ་ཚིག་ཅེས། གཅོད། གཅད། བཅད། ཆོད་ལྟ་བུ་དང་།

བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཅེས། འབབ། བབས། འགྲོ། ཆད་ལྟ་བུ་དང་།

དགག་སྒྲུབ་བྱ་ཚིག་ཅེས། ཡིན། མིན། རེད། ཡོད། མེད་ལྟ་བུ་དང་།

ཡུལ་ཅན་གྱི་བྱ་ཚིག་ཅེས། བལྟ། ཉན། མནམ། མྱང་། རེག་ལྟ་བུ་དབང་པོ་ལྔ་དང་འབྲེལ་བའི་བྱ་ཚིག་ལ་སོགས་པ་རིགས་དུ་མར་དབྱེའོ། །

ཁྱད་ཚིག་ནི་ཁྱད་གཞི་གང་གི་ཁྱད་ཆོས་གསལ་བྱེད་ཀྱི་སྒྲ་སྟེ། དཀར། མཛེས། ལེགས། བདེན་ལྟ་བུའོ། ། དེའི་བརྡ་སྤྲོད་ཀྱི་འཇུག་ལྡོག་ནི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་དང་ཀུན་ནས་མཚུངས་པས། བྱ་ཚིག་གི་ཁོངས་སུ་བསྡུས་ཀྱང་རུང་བ་ཡིན་ནོ། །

བྱ་བའི་མིང་དང་བྱ་ཚིག ཁྱད་ཆོས་ཀྱི་མིང་དང་ཁྱད་ཚིག་ཅེས་སྲོལ་རྒྱུན་དང་མི་མཐུན་པའི་རིགས་ཀྱི་དབྱེ་བ་བྱས་པ་ལ་དགོས་པ་ཅི་ཡོད་ཅེ་ན། གོང་དུ་བཤད་པ་ལྟར། དེ་དག་གི་བརྡ་སྤྲོད་པའི་འཇུག་ལྡོག་ཐ་དད་པའི་ཕྱིར་རོ། ། སྒོམ་སྒྲུབ་ལྟ་བུ་ནི་བྱ་བའི་མིང་ཡིན་དུ་ཆུག་ཀྱང་། གསུངས་པ་ཞེས་བྱ་ཚིག་པ་མཐའ་ཅན་གྱི་སྔོན་དུ་ད་དུང་སྦྱར་བར་བྱ་བའི་ཆོས་གཞན་ཡོད་པས་སྒྲུབ་བྱེད་ཀྱི་དཔེར་མི་འོས་སོ་སྙམ་ན། ཁྱེད་ཀྱིས་གསུངས་པ་བདེན་ནོ་ལྟ་བུའི་ངག་ཅིག་དཔེ་དྲངས་ནས་དེའི་ཐ་སྙད་དག་གི་སྡེབ་ལུགས་དང་བཅས་ཞིབ་ཏུ་དཔྱད་པར་བྱ་སྟེ།

ཐུན་མོང་གི་འདོད་པ་ལྟར་ན། གོང་གི་ངག་དེའི་ཐ་སྙད་ཀྱི་སྡེབ་ཕྱོགས་ནི། ཁྱེད /ཀྱིས /གསུངས་པ /བདེན /ནོ་ལྟ་བུར་བཞེད་ཀྱང་། དེ་ལ་དོགས་པ་འདི་འདྲ་ཡོད་དེ། གསུངས་པ་ཞེས་པའི་སྡེབ་འདིའི་ངོ་བོ་ཅི་ཡིན། ཁྱེད་རང་རྣམ་དབྱེ་གསུམ་པའི་ཕྲད་ཀྱི་མཇུག་ཏུ་བྱུང་བས་བྱ་ཚིག་གི་ངོ་བོ་ཡིན་དགོས་ལ། བདེན་ཞེས་པའི་ཁྱད་ཚིག་གི་སྔོན་དུ་སྦྱར་བས་ན་ཁྱད་གཞིའི་མིང་ཙམ་ལས་བྱ་ཚིག་ཏུ་འོས་མེད་དོ། ། ཐ་སྙད་གང་ཞིག་ཚིག་སྦྱོར་དུ་བྱུང་ཙ་ན་དེ་ལ་གཏན་འཁེལ་བའི་བརྡ་སྤྲོད་ཀྱི་ངོ་བོ་གཅིག་ལས་དུ་མ་འབྱུང་མི་སྲིད་དོ། །

དེ་བས་ན། ཐ་སྙད་དེ་དག་གི་སྡེབ་ལུགས་ནི། ཁྱེད /ཀྱིས /གསུངས /པ /བདེན /ནོ /། ཡིན་ཏེ། སྔོན་ལ་ཁྱེད་ཀྱིས་གསུངས། ཞེས་པའི་རྣམ་དབྱེ་གསུམ་པ་གྲུབ། རྣམ་དབྱེ་དེ་ལ་པ་མཐའ་སྦྱར་བས། ཁྱེད་ཀྱིས་གསུངས/པ། ཞེས་མིང་གི་ངོ་བོར་བསྒྲུབས་ཤིང་ཁྱད་གཞི་བརྗོད་པའི་སྒྲར་བསྒྲུབས་ནས། དེ་ལ་ཁྱད་ཚིག་སྦྱར་བ་ན། ཁྱེད་ཀྱིས་གསུངས་པ /བདེན /ནོ /ཞེས་ཁྱད་གཞི་གང་གི་ཁྱད་ཆོས་གསལ་བར་བྱེད་པའི་ཚིག་སྦྱོར་གྱི་རྣམ་པ་སྟེ། རྣམ་དབྱེ་དང་པོའོ། །

དེ་བཞིན། བྱས་པའི་འབྲས་བུ་ལྟ་བུ་ཡང་། བྱ་ཚིག་ལ་པ་མཐའ་སྦྱར་བས་བྱ་བའི་མིང་དུ་བསྒྲུབས། བྱ་བའི་མིང་དང་འབྲས་བུ་གཉིས་ཨི་ལྡན་གྱི་ཕྲད་ཀྱིས་སྦྱར་བས་བྱས་འབྲས་བརྗོད་པའི་མིང་གི་ཚིག་ཏུ་བསྒྲུབས་པ་ཡིན་ནོ། ། དེ་བཞིན་སྒྲུབ་པ་པོ་ལྟ་བུ་ཡང་། བྱ་ཚིག་ལ་པ་པོ་གཉིས་ཆབས་གཅིག་ཏུ་སྦྱར་བ་མ་ཡིན་པར། བྱ་ཚིག་ལ་པ་མཐའ་སྦྱར་བས་བྱ་བའི་མིང་དུ་བསྒྲུབས། དེ་ལ་པོ་རྐྱེན་སྦྱར་བས། བྱ་བ་དེའི་བྱེད་པོའི་མིང་དུ་བསྒྲུབས་པ་ཡིན་ནོ་ཞེ་ན། རིགས་པའི་ཞིབ་ཆ་དང་ལྡན་པ་ཡིན་ནོ། ། དེ་ཡང་། མ་གྲགས་ཕྱིར་ན་དེ་མིང་མིན། ཞེས་པ་ལྟར། བྱ་ཚིག་པ་མཐའ་ཅན་གྱི་བྱ་བའི་མིང་དེ་དག་ལས་གྲགས་ཆེ་བ་རྣམས་རིམ་གྱིས་མིང་དུ་གྱུར་ཡོད་དེ། འགྲོ་བ། རྟོག་པ། སྟོན་པ། མངོན་པ་ལ་སོགས་པའོ། ། དབུས་གཙང་གི་སྐད་དུ། གདངས་ཀྱི་མཐོ་དམན་གྱིས་བྱ་ཚིག་དང་བྱ་བའི་མིང་གཉིས་ཀྱི་ཁྱད་པར་ཤིན་ཏུ་གསལ་བར་འབྱེད་པར་བྱེད་དོ། ། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་ཞེས་པ་ནི་རྣམ་དབྱེ་གཉིས་པའི་ཚིག་སྦྱོར། སྤྱི་ལ་པ་མཐའ་སྦྱར་བས། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཞེས་བྱ་བའི་མིང་གི་ངོ་བོར་བསྒྲུབས་ཤིང་། གྲགས་ཆེ་བས་ན་བསྡུས་ཏེ་ཤེར་ཕྱིན་ཞེས་བྱའོ། །

མིན་མེད་གཉིས་ནི་བྱ་ཚིག་གི་ངོ་བོ་ཅན་ཡིན་གྱི། དགག་སྒྲའི་ཕྲད་མ་ཡིན་ནོ། ། དཔེར་ན། སྟེང་ན་ཡོད་དང་། སྟེང་ན་མེད། དགག་སྒྲུབ་གཉིས་ཀའི་བརྡ་སྤྲོད་ཀྱི་འཇུག་ལྡོག་གཅིག་པའི་ཕྱིར་རོ། །

ག རྒྱན་ཚིག

བོད་ཀྱི་བརྡ་སྤྲོད་བསྟན་བཅོས་རྣམས་སུ། རྟག་ཏུ /བརྩོན། རྣམ་པར /རྒྱལ། རབ་ཏུ /གནས། ཀུན་ཏུ /བཟང་། ཤིན་ཏུ /མཛེས། མངོན་པར /གསལ་ལྟ་བུའི་བྱ་ཚིག་གི་སྔོན་དུ་བཅུག་པའི་མི་ཟད་པའི རྒྱན་ཚིག་འདི་རྣམས་ཀྱང་། རྣམ་དབྱེ་གཉིས་པའི་ཁོངས་གཏོགས་དེ་ཉིད་དུ་འདོད་པ་ལ་དཔྱད་གཞི་འདི་འདྲ་ཡོད་དེ།

གཅིག གསེར་དུ་བསྒྱུར། ལྟ་བུའི་དེ་ཉིད་ཀྱི་མཚན་གཞི་ལ་མཚོན་ན། གསེར་ཞེས་པའི་མིང་དང། བསྒྱུར་ཞེས་པའི་བྱ་ཚིག་གཉིས་ཀྱི་བར་དུ། ལ་དོན་གྱི་ཕྲད་དུ་སྒྲ་སྦྱར་བ་ན། བསྒྱུར་བྱ་གང་ཞིག་གསེར་དེ་ཉིད་དུ་བསྒྱུར་བ་སྟོན་པས་ན། གསེར་ལ་དེ་ཉིད་ཀྱི་མིང་དང་། དུ་སྒྲ་ལ་དེ་ཉིད་ཀྱི་ཕྲད་ཅེས་བརྗོད་པ་ཡིན་ཏེ། བཀྲ་ཤིས་ཀྱིས་བསྒྱུར་ཞེས་པའི་རྣམ་དབྱེ་གསུམ་པའི་མཚན་གཞི་ལས། བཀྲ་ཤིས་ལ་བྱེད་པ་པོའི་མིང་དང་། ཀྱིས་ལ་བྱེད་སྒྲའི་ཕྲད་ཅེས་བརྗོད་པས་རིགས་བསྒྲེས་པར་བྱའོ། ། དེ་ཉིད་ཀྱི་ཚིག་སྦྱོར་ནི་རྣམ་དབྱེ་གང་གི་ཁོངས་སུ་གཏོགས་པར་བཞེད་པ་མི་མཐུན་པ་ཡོད་མོད། བརྗོད་བྱ་དང་རྗོད་བྱེད་གང་གི་སྒོ་ནས་བལྟས་ཀྱང་། དེ་ཉིད་རྣམ་དབྱེའི་ཁོངས་སུ་བསྡུས་པ་ལ་ཐེ་ཚོམ་ཅི་ཡང་ཡོད་མི་དགོས་སོ། ། གོང་གི་དེ་ཉིད་ཀྱི་མཚན་གཞིའི་དཔེར་བརྗོད་དང་བསྡུར་ན། རྣམ་པར་རྒྱལ། ཤིན་ཏུ་མཛེས་ལྟ་བུའི་ཚིག་སྦྱོར་གྱི་ར་སྒྲ་དང་ཏུ་སྒྲ་ནི་སྦྱར་གཞི་རང་རྐྱ་བ་གཉིས་ཀྱི་བར་དུ་རྣམ་དབྱེའི་ཕྲད་ཇི་བཞིན་དུ་སྦྱར་བ་མ་ཡིན་ཏེ། རྣམ་པ/ར /རྒྱལ། ཤིན /ཏུ /མཛེས། ཞེེས་ལ་དོན་གྱི་ཕྲད་དེས་མཚམས་བཅད་པ་ན། ཕྲད་ཀྱི་འཇུག་ཡུལ་ཏེ་རྣམ་པ་དང་ཤིན་གཉིས་ཀྱིས་རྣམ་པར་དང་ཤིན་ཏུ་ཞེས་པའི་དོན་སྟོན་མི་ཐུབ་བོ། ། དེས་ན། རྣམ་པར་རྒྱལ། ཤིན་ཏུ་མཛེས་ལྟ་བུའི་ཚིག་སྦྱོར་འདི་དག་གི་སྡེབ་ལུགས་ནི། རྣམ་པ /ར /རྒྱལ། ཤིན /ཏུ /མཛེས་ལྟར་མ་ཡིན་པར། རྣམ་པར /རྒྱལ། ཤིན་ཏུ /མཛེས་ཞེས་སྦྱར་གཞི་བྱ་ཚིག་ཁོ་ན་ལ། སྦྱར་ཆོས་རྣམ་པར་དང་། ཤིན་ཏུ་ཞེས་པའི་ཐ་སྙད་དག་མཚམས་མེད་པར་སྦྱར་བ་ཡིན་ནོ། །

གཉིས། གོས་སུ་གྱོན། ལྟ་བུའི་དེ་ཉིད་ལ་མཚོན་ན། གྱོན་བྱ་ལྗང་ལོ་ལྟ་བུ་ཞིག་གོས་སུ་གྱོན་པ་སྟོན་པས་ན། དེ་ཉིད་ཀྱི་མིང་སྟེ་གོས་ནི་བྱ་བ་དེའི་འབྲས་བུ་ལྟ་བུར་སྣང་བ་དང་། ཤིན་ཏུ་མཛེས་ལྟ་བུ་ལས་ཤིན་ཏུ་ཞེས་པ་དེས། སྦྱར་གཞིའི་བྱ་ཚིག་གི་ངོ་བོ་ཅི་ཡིན་པ་དེ་གསལ་བར་བྱེད་པ་ལས་ལོགས་པའི་ཆོས་གཞན་ཅི་ཡང་མི་སྟོན་ནོ། །

གསུམ། ལྕགས་བསྒྱུར། ཞེས་པའི་རྣམ་དབྱེ་དང་པོ་དང་། གསེར་དུ་བསྒྱུར། ཞེས་པའི་དེ་ཉིད་གཉིས། ཚིག་སྦྱོར་དུ་གོ་བརྗེས་ཀྱང་བརྗོད་དོན་ཡང་དག་པ་སྟོན་ཐུབ་སྟེ། དཔེར་ན། ལྕགས་གསེར་དུ་བསྒྱུར། ཞེས་པའམ། གསེར་དུ་ལྕགས་བསྒྱུར། ཞེས་ཚིག་སྦྱོར་གྱི་རྣམ་དབྱེ་གཉིས་པོའི་གོ་རིམ་བརྗོད་འདོད་ཀྱི་དབང་གིས་བརྗེ་ཡང་། དོན་ཡང་དག་པ་སྟོན་ཐུབ་བོ། ། ཤིན་ཏུ་ལྟ་བུ་ནི་སྦྱར་གཞིའི་བྱ་ཚིག་གིའམ་ཁྱད་ཚིག་གི་སྔོན་དུ་བར་མེད་པར་སྦྱོར་བ་མ་གཏོགས། བར་དུ་ཆོས་གཞན་བཅུག་ན་བརྗོད་བདེ་བ་མ་ཡིན་ཏེ། དཔེར་ན། དགྲ་ལས་རྣམ་པར་རྒྱལ་དང་། མེ་ཏོག་ཤིན་ཏུ་མཛེས་ཞེས་བརྗོད་པ་ལས། རྣམ་པར་དགྲ་ལས་རྒྱལ། ཤིན་ཏུ་མེ་ཏོག་མཛེས། ལྟ་བུ་འབྱུང་མི་རུང་ངོ་སྙམ་མོ། །

དེ་བས་ན། ཤིན་ཏུ་ལྟ་བུ་ནི་རྒྱན་ཚིག་སྟེ། བྱ་ཚིག་གིའམ་ཁྱད་ཚིག་གི་སྔོན་དུ་ཉེ་བར་སྦྱར་ཏེ་སྦྱར་གཞི་དེའི་ངོ་བོ་གསལ་བར་བྱེད་པའི་ཐ་སྙད་ཀྱི་རིགས་སོ། ། ངེས་པར་དུ /བསྒྲུབ་དགོས། ངེས་པར /བསྒྲུབ་དགོས། ཆེས /ཆེའོ། ། ཧ་ཅང /ཡངས། ཁྱད་དུ /སེལ་ལ་སོགས་པ་བྱ་ཚིག་གིའམ་ཁྱད་ཚིག་གི་སྔོན་དུ་སྦྱར་བ་དག་གིས་ཀྱང་བྱ་བའམ་ཁྱད་ཆོས་གང་དེའི་ངོ་བོ་ལྷག་པར་གསལ་བར་བྱེད་པས་ན་རྒྱན་ཚིག་ཅེས་བྱའོ། །

ང་། ཕྲད་དང་དེའི་དབྱེ་བ།

ཕྲད(Function Word)ནི་མཚམས་སྦྱོར་ཏེ་སྦྱར་གཞི་དང་སྦྱོར་ཆོས་གཉིས་མཚམས་སྦྱོར་བའོ། ། མིང་དང་བྱ་ཚིག་གཉིས་སམ། ཡང་ན། མིང་དང་ཁྱད་ཚིག་གཉིས་ཀྱི་བར་དུ་སྦྱོར་བ་ནི་རྣམ་དབྱེའི་ཕྲད(Kasus)དེ་ངོ་བོ་མི་གཅིག་པའི་ཆོས་གཉིས་སོ་སོར་རྣམ་པར་འབྱེད་པའོ། ། རྣམ་དབྱེ་མ་ཡིན་པའི་ཕྲད(Non-Kasus)ལ་ཡང། བྱ་ཚིག་གཉིས་ཀྱི་བར་དུའམ། ཁྱད་ཚིག་གཉིས་ཀྱི་བར་དུའམ། མིང་གཉིས་ཀྱི་བར་དུའམ། བྱ་ཚིག་གི་མཐར་རམ། མིང་གི་མཐར་རམ། ཁྱད་ཚིག་གི་མཐར་རམ། རྣམ་དབྱེའི་ཕྲད་ཀྱི་མཐར་སྦྱོར་བ་དང་བཅས་རིགས་དུ་མ་ཡོད་དོ། ། བྱ་ཚིག་དང་མིང་། ཡང་ན་ཁྱད་ཚིག་དང་མིང་གི་བར་དུ་མཚམས་སྦྱོར་གྱི་ཕྲད་མི་འཇུག་གོ ། དེ་དག་ལས།

དང་པོ། རྣམ་དབྱེའི་ཕྲད་ནི་དཔེར་ན། ཤིང་གཅོད་ལྟ་བུ། བྱ་བ་འཇུག་སའི་ཆོས་དངོས་དང་བྱ་ཚིག་གཉིས་ཀྱི་བར་དུ། རྣམ་དབྱེ་དང་པོ་དོན་ཐོབ་ཀྱི་ཕྲད་ཞུགས་པའོ། ། ནགས་ཚལ་དུ་གཅོད་ལྟ་བུ། བྱ་བའི་ཡུལ་གྱི་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་གཉིས་པའི་ཕྲད་སྦྱར་བའོ། ། བཀྲ་ཤིས་ཀྱིས་གཅོད་ལྟ་བུ། བྱེད་པ་པོའི་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་གསུམ་པའི་ཕྲད་སྦྱར་བའོ། ། ཁང་པ་བཟོ་བར་གཅོད། བྱ་བའི་མིང་དུ་བསྒྲུབས་པའི་དགོས་ཆེད་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་བཞི་བའི་ཕྲད་སྦྱར་བའོ། ། རྒྱ་མཚོ་ནས་བྱུང་ལྟ་བུ། འབྱུང་ཁུངས་ཀྱི་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་ལྔ་བའི་ཕྲད་སྦྱར་བའོ། ། ངའི་ཡིན་ལྟ་བུ། འབྲེལ་གཞི་བརྗོད་པའི་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་དྲུག་པའི་ཕྲད་སྦྱར་བའོ། ། སྟེང་དུ་ཡོད་ལྟ་བུ། རྟེན་གཞི་བརྗོད་པའི་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་རྣམ་དབྱེ་བདུན་པའི་ཕྲད་སྦྱར་བའོ། ། དཔེར་བརྗོད་འདི་དག་ལས། ཤིང་གཅོད་ལྟ་བུ་རྣམ་དབྱེ་དང་པོ་དང་། ངའི་ཡིན་ལྟ་བུ་རྣམ་དབྱེ་དྲུག་པའི་མཚན་གཞིར་བཞག་པའི་རྒྱུ་མཚན་དང་སྒྲུབ་བྱེད་སོགས་རྩོམ་གཞན་དུ་བཀོད་ཡོད་པས་འདིར་མ་བསྐྱར་རོ། །

གཉིས་པ། བྱ་ཚིག་གཉིས་ཀྱི་བར་དུའམ། མིང་གཉིས་ཀྱི་བར་དུ་སྦྱོར་བའི་ཚིག་ཕྲད་ནི་དཔེར་ན། བཟུང་ཡང་ཤོར་ལྟ་བུའི་ཚིག་རྒྱན་གྱིི་ཕྲད་དང་། བསྐོལ་ཏེ་འཁོལ་ལྟ་བུའི་ལྷག་བཅས་ཀྱི་ཕྲད། བཤད་དམ་གསང་ལྟ་བུའི་འབྱེད་སྡུད་ཀྱི་ཕྲད། བཅད་ཅིང་གཏུབ། ཕྲ་ཞིང་རིང་། མཛེས་ཤིང་སྡུག་ལྟ་བུའི་ཅིང་ཞིང་ཤིང་གསུམ་གྱི་ཕྲད། བསྒྲུབས་ན་འགྲུབ། ཁ་འཇམ་ལ་ཁོག་རྩུབ། འདི་ཡིན་གྱི་དེ་མ་ཡིན་ལ་སོགས་པའོ། ། ཕྲད་འདི་དག་ནི་ངོ་བོ་གཅིག་པའི་ཆོས་དུ་མ་ཕན་ཚུན་སྦྲེལ་ཏེ་ཚིག་ཏུ་སྒྲུབ་པར་བྱེད་པས་ན་རྣམ་དབྱེ་མ་ཡིན་པའི་ཚིག་ཕྲད་དོ། །

གངས་རི་དང་རྒྱ་མཚོ། ལྟ་བུའི་དང་སྒྲ། གངས་རིའི་རྩེ་མོ་ལྟ་བུའི་ཨི་ལྡན་གྱི་ཕྲད་ལ་སོགས་པའང་དེ་བཞིན་ནོ། །

གསུམ་པ། མཐར་སྦྱར་གྱི་ཕྲད་ནི་དཔེར་ན། གངས་རི་དེ་ལྟ་བུའི་དེ་སྒྲ་དང། དུས་ནམ་ལྟ་བུའི་སྤྱི་སྒྲ་ནི་མིང་རྐྱང་གི་མཐར་སྦྱར་བའི་སྒྲ་ཙམ་དང་། བཤད་དོ་ལྟ་བུའི་རྫོགས་ཚིག་ལ་སོགས་པའོ། ། རྒྱ་གར་དུའང་སོང་ལྟ་བུ་ནི་རྣམ་དབྱེའི་ཕྲད་ལ་སྦྱར་བའི་རྒྱན་སྡུད་ཀྱི་ཕྲད་དང། དབང་རྒྱལ་གྱིས་སོ་ལྟ་བུའི་སླར་བསྡུའི་ཚིག་ཕྲད་ལ་སོགས་པའང་སྦྱར་གཞི་རྣམ་དབྱེའི་ཕྲད་ཁོ་ནའི་མཐར་སྦྱར་བ་ཡིན་ནོ། །

འོ་ན། ཡོན་ཏན་དང་ལྡན་ལྟ་བུའི་དང་སྒྲ་དང། གཅིག་ལས་མེད་ལྟ་བུའི་ནས་ལས་ཀྱི་སྒྲ་ལ་སོགས་པའང་མིང་དང་བྱ་ཚིག་གཉིས་ཀྱི་བར་དུ་ཡོད་པས་ན། རྣམ་དབྱེའི་ཕྲད་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ཚིག་ངོས་སུ་དེ་ལྟར་སྣང་ཡང་། དོན་དུ་ན། དང་སྒྲ་དང་། ལས་སྒྲ་སོགས་སྦྱར་གཞིའི་མིང་ཁོ་ནར་སྦྱར་ནས་ཆོས་གང་ཞིག་ཤུགས་སུ་བསྡུས་པས་སྡུད་པའི་དོན་དུ་འཇུག་

པ ཡིན་ཏེ། ཡོན་ཏན་དང་ལྡན་ཞེས་བརྗོད་པའི་ཚེ་ན། ལྡན་པར་བྱ་བ་ནི་ཡོན་ཏན་ཁོ་ན་མ་ཡིན་པར། ཡོན་ཏན་དང། ཞེས་ད་དུང་སྤོབས་པ་ལ་སོགས་པའི་ཆོས་གཞན་དག་ཡོད་ཀྱང་བརྗོད་འདོད་ཀྱི་དབང་གིས་དང་སྒྲས་ཤུགས་སུ་བསྟན་ནས་བསྡུས་པ་ཡིན་ནོ། ། དེ་བཞིན་དུ། གཅིག་ལས་མེད་ཅེས་པའི་སྐབས་སུའང་། དགག་པར་བྱ་བའི་ཆོས་དངོས་ནི་གཅིག་མ་ཡིན་པར་དེ་ལ་ལས་སྒྲ་སྦྱར་བའི་ཚིག་སྟེ། གཅིག་ལས་ཞེས་བསྒྲུབ་བྱ་ལ་ལས་སྒྲ་སྦྱར་ཏེ་དགག་བྱའི་དངོས་པོ་དེ་ཤུགས་སུ་བསྟན་པའོ། ། དེ་བས། ཡོན་ཏན་དང་ཤེས་རབ་ལྡན་ཞེས་པའི་དང་སྒྲ་ནི་འབྱེད་པ་དང་། གཅིག་ལས་མང་པོ་མེད་ལྟ་བུའི་ལས་སྒྲས་ནི་མང་པོ་གང་ཞིག་གཅིག་ལས་ལོགས་སུ་བཀར་ཏེ་དགག་བྱར་བཟུང་བས་ན་དགར་བའོ། །

ང་། རྐྱེན།

བོད་ཀྱི་བརྡ་སྤྲོད་བསྟན་བཅོས་སུ། རྐྱེན ཞེས་པའི་བརྡ་ཆད་ཅིག་དྲངས་ཡོད་པ་ལ་དགེ་མཚན་དུ་མ་མཆིས་སོ། ། འདིར་བརྗོད་པའི་རྐྱེན(Affix)ཞེས་པ་ནི་ཐ་སྙད་ཀྱི་ངོ་བོ་སྒྱུར་བྱེད་དེ། གང་ཞིག་ཐ་སྙད་ཀྱི་ཐོག་མཐའ་བར་གསུམ་དུ་འཚམ་པར་སྦྱར་བ་ན། ངོ་བོ་གཞན་ཞིག་གམ། དོན་གཞན་ཞིག་སྟོན་པར་འགྱུར་རོ། ། རྐྱེན་ནི་སྦྱར་གནས་ཀྱི་དབང་གིས་རིགས་གསུམ་དུ་དབྱེ་བར་བྱ་སྟེ། སྔ་རྐྱེན་དང་། བར་རྐྱེན་དང་། མཐའ་རྐྱེན་བཅས་སོ། །

དང་པོ། སྔ་རྐྱེན།(Prefix) མ་མི་དགག་སྒྲ་ནི་བྱ་ཚིག་གི་སྔོན་དུ་ཞུགས་པ་ན། སྦྱར་གཞི་ལས་ལྡོག་པའི་དོན་སྟོན་པར་འགྱུར་རོ། ། ཡིན་ཡང་། དགག་སྒྲ་འདི་རྒྱན་ཚིག་གི་ཁོངས་སུ་བསྡུས་ཀྱང་ཆོག་གོ་སྙམ་མོ། །

གཞན། ཐ་ཐོར་ལ་ཐར་ཐོར། ར་རིབ་ལ་རབ་རིབ། མ་མོག་ལ་མག་མོག རྗ་རྗིན་ལ་རྗན་རྗིན། ཉ་ཉོག་ལ་ཉག་ཉོག ཀྱ་ཀྱོག་ལ་ཀྱག་ཀྱོག རླ་རློན་ལ་རླན་རློན་ལ་སོགས་པར་འབྲི་བ་དག་ཀྱང་། ཞིབ་ཏུ་དཔྱད་ན། ཐོག་མར་སྦྱར་གཞིའི་ཐ་སྙད་དེ། ཐོར་དང་། རིབ་དང་། མོག་དང་། རྗིན་དང་། ཉོག་དང་། ཀྱོག་དང་། རློན་ལ་སོགས་པ་བྱུང་། དེ་ནས། མིང་གཞིའི་སྒྲ་གང་ཞིག་སོ་སོའི་སྔ་རྐྱེན་དུ་དྲངས་ཏེ། ཐ་ཐོར་ལ་སོགས་པའི་མིང་གི་ངོ་བོ་ཅན་གྱི་ཐ་སྙད་དག་སྒྲུབ་པར་འདོད་དེ། སྒྲའི་སྐྱེ་གནས་ཀྱི་དབང་དུ་བྱས་ཀྱང་། ཐར་ནས་ཐོར་དུ་སྒྲ་འབྱིན་པ་ལས་ཐ་ནས་ཐོར་དུ་བརྗོད་བདེ་བ་བོད་པ་ཡོངས་ལ་མངོན་སུམ་དུ་གྲུབ་ཡོད་དོ། ། ཞེས་འདོད་ཀྱང་དཔྱད་པའི་གཞིའོ། །

གཉིས་པ། བར་རྐྱེན(Mid-Affix)ནི་མིང་གཉིས་ཀྱིའམ་བྱ་ཚིག་གཉིས་ཀྱི་བར་དུ་སྦྱོར་བའི་ཡི་གེ་སྟེ། དཔེར་ན། རོང་མ་འབྲོག གངས་མ་ཆར། ར་མ་ལུག་ལ་སོགས་པའི་མ་སྒྲ་ལྟ་བུའོ། ། འདི་ལྟ་བུའི་མ་སྒྲ་ནི་བྱ་ཚིག་གིའམ་ཁྱད་ཚིག་གི་སྔོན་དུ་སྦྱོར་བའི་སྤྱིར་བཏང་གི་དགག་སྒྲའི་ཕྲད་དང་མི་མཐུན་པར། དགག་པར་བྱ་བའི་ཆོས་གཉིས་ཀྱི་བར་དུ་མཉམ་པར་འཇུག་ཅིང་། དོན་གྱི་ཆ་ནས་ཀྱང་། ར་མ་མ་ཡིན་ལ་ལུག་ཀྱང་མ་ཡིན་པའི་ཕུང་གསུམ་པ་ཞིག་སྟོན་པར་འགྱུར་བས་ན། དེ་ལ་དགག་སྒྲ་ལས་བར་རྐྱེན་ཞེས་པའི་མིང་བཏགས་ན་ལེགས་པར་སེམས་སོ། ། གཞན་ཡང་། ཁྲི་མ་འབུམ། ལྟ་བུ་གྲངས་གཉིས་ཀྱི་བར་དུ་སྦྱོར་བའང་ཅུང་ཟད་ཡོད དོ། ། གཉིད་མ་སད་ཅེས་བྱ་ཚིག་གཉིས་ཀྱི་བར་དུ་སྦྱར་བའི་མ་སྒྲས་ཀྱང་། མ་གཉིད་པ་དང་མ་སད་པའི་སྐབས་གསུམ་པ་ཞིག་སྟོན་པར་འགྱུར་ཞིང་། བརྡ་སྤྲོད་ཀྱི་ཆ་ནས་ཀྱང་མིང་གི་འཇུག་ལྡོག་དང་མཐུན་སྟེ། གཉིད་མ་སད་ཀྱི་ངང་ནས་ཞེས་ཨི་ལྡན་གྱི་ཕྲད་ཀྱི་སྦྱར་གཞི་ལ་རུང་ངོ་། །

གསུམ་པ། མཐའ་རྐྱེན(Suffix)ལ་ནི་རིགས་མང་སྟེ།

[1] དངོས་པོ་བདག་གཞན་བརྗོད་པའི་སྒྲ་ལ་དཔེར་ན། བསྒྲུབ་བྱ། བསྒྲུབ་རྒྱུ། སྒྲུབ་བྱེད། སྒྲུབ་མཁན་ལ་སོགས་པའི་མཐར་གནས་ཀྱི་བྱ་དང་། རྒྱུ་དང་། བྱེད་དང། མཁན་ལ་སོགས་པའོ། ། བྱ་ཚིག་གི་མཐར་རྐྱེན་དེ་དག་ཞུགས་པས་མིང་དུ་བསྒྲུབས་པ་ཡིན་ནོ། །

[2] རྣམ་དབྱེ་གསལ་བྱེད་ཀྱི་སྒྲ་སྟེ། གཅོད་དུས། བཅད་མ་ཐག གཅོད་ཕྱིར་ལྟ་བུ་དུས་དང་། མ་ཐག་དང། ཕྱིར་ལ་སོགས་པ་སྦྱར་གཞི་བྱ་ཚིག་གང་གི་རྗེས་སུ་ཞུགས་པས། རྣམ་དབྱེའི་ཕྲད་ཀྱི་དོད་དུ་རུང་བ་དག་གོ།

[3] འགྱུར་རོ་ཅོག ཡོད་དོ་ཅོག བཤད་ཚད། ཆེ་ཤོས། མང་ཙམ། ཉུང་ངུ་ལ་སོགས་པ། བྱ་ཚིག་གིའམ་ཁྱད་ཚིག་གི་རྗེས་སུ་ཞུགས་པའི་རྐྱེན་དེ་དག་གིས་ནི། བྱ་ཚིག་དེའམ་ཁྱད་ཚིག་དེ་དང་འབྲེལ་བའི་ཚད་ཅིག་བརྗོད་པའི་མིང་སྒྲུབ་པར་བྱེད་དོ། ། བསྒྲུབ་པ། སྒྲུབ་པ། བསྒྲུབས་པ་ལ་སོགས་པའི་བྱ་ཚིག་གིའམ་ཁྱད་ཚིག་གི་མཐར་སྦྱར་པའི་པ་བ་དག་གིས་ནི་བྱ་ཚིག་གམ་ཁྱད་ཚིག་གང་ཞིག་བྱ་བའི་མིང་དུའམ་ཁྱད་ཆོས་བརྗོད་པའི་མིང་དུ་སྒྱུར་བར་བྱེད་དོ། །

[4]གསལ /ལྷང་ངེ་། སྟོང /སང་ངེ་། ནག /རོག་གེ སད /ཏིང་ངེ། དམར /ལེམ་མེ། བརྗིད /ལྷུན་ནེ། བརྗིད /ལྷམ་མེ་ལ་སོགས་པ་ཉེ་བར་སྟོན་པའི་སྒྲ དག་ཀྱང་སྦྱར་གཞི་ཁྱད་ཚིག་དག་ལ་རྐྱེན་གྱི་ཚུལ་དུ་སྦྱར་བ་ཡིན་ཏེ། གསལ་ཞེས་པ་ནི་ཁྱད་ཚིག་དང་། གསལ་ལྷང་ངེ་ཞེས་པ་ནི་ཁྱད་ཆོས་བརྗོད་པའི་མིང་ངོ་། །

དེ་བས། རིག་པ /གསལ། རིག་པ /གསལ་ལྷང་ངེ /ར /གྱུར་ཅེས་བརྗོད་རུང་བ་ལས། རིག་པ་གསལ་ལྷང་ངེ་།

རིག་པ་གསལ་དུ་གྱུར་ཞེས་ན་བརྡ་མི་འཕྲོད་པའང་སོ་སོའི་བརྡ་སྤྲོད་ཀྱི་ངོ་བོ་མི་གཅིག་པས་ཚིག་སྦྱོར་དུ་འཇུག་ལྡོག་ཐ་དད་པ་བྱུང་བ་ཡིན་ནོ། ། ཁྱད་ཚིག་ལ་ཉེ་བར་སྟོན་པའི་རྐྱེན་སྦྱར། དེ་ལ་པ་བའི་མཐའ་སྦྱར་ན། ཁྱད་ཆོས་སྟོན་པའི་མིང་དུ་འགྱུར་ཏེ། ཁོང་གིས་སྟོད་གོས་དམར་ལེམ་མེ་བ་ཞིག་གྱོན། ཞེས་པ་དང་། ཁོང་གིས་སྟོད་གོས་དམར་བོ་ཞིག་གྱོན། ཞེས་པ་གཉིས་བརྗོད་བྱ་དང་རྗོད་བྱེད་གང་ཅིའི་ཐད་ནས་ཆ་འདྲ་བ་ཡིན་ནོ། །

གསུམ་པ། མཇུག་བསྡུ་བ།

འདི་ལྟར་བོད་ཀྱི་བརྡ་སྤྲོད་ལ་སྡེབ་སྦྱོར་གྱི་སྡེ་ལྔ་རུ་བགོས་ན། སོ་སོའི་བར་གྱི་རྒྱུ་འབྲས་ཀྱི་འབྲེལ་བ་རྟོགས་སླ་ཞིང་། ལྷག་པར་དུ་རྣམ་དབྱེ་ཞེས་པའི་སྦྱོར་སྡེ་ཐུན་མོང་མ་ཡིན་པ་འདིའི་རྨད་དུ་བྱུང་བའི་དགེ་མཚན་ཡང་རབ་ཏུ་མངོན་པར་འགྱུར་རོ། ། ད་ནི་དཔེར་བརྗོད་ཅིག་གིས་དཔྱད་རྩོམ་ཙམ་པོ་འདིའི་མཇུག་སྒྲིལ་བ་ལ། དུས་རབས་བདུན་པའི་སྟོད་ཀྱི་ཆར། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་རྒྱ་གར་ཆོས་ཀྱི་ཡུལ་དུ་ཡི་གེ་སློབ་པར་མངགས་སོ། ། ལྟ་བུའི་སྦྱོར་སྡེ་ཆེན་པོ་ངག་གི་རྗོད་པ་འདི་ཉིད། རྣམ་དབྱེ་ལྔ་ཡིས་གྲུབ་པ་ཡིན་ཏེ། དུས་རབས་བདུན་པའི་སྟོད་ཀྱི་ཆར་མངགས། ཞེས་གཉིས་པའི་ཚེ་སྐབས་བརྗོད་པའི་རྣམ་དབྱེ་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས་མངགས། ཞེས་གསུམ་པ་བྱེད་པོ་བརྗོད་པའི་རྣམ་དབྱེ་དང་། བོད་ཀྱི་བློན་པོའི་བུ་བློ་རྣོ་བ་བཅུ་དྲུག་མངགས། ཞེས་དང་པོ་ཆོས་དངོས་བརྗོད་པའི་རྣམ་དབྱེ་དང་། རྒྱ་གར་ཆོས་ཀྱི་ཡུལ་དུ་མངགས། ཞེས་གཉིས་པ་བྱ་བའི་ཡུལ་བརྗོད་པའི་རྣམ་དབྱེ་དང་། ཡི་གེ་སློབ་པར་མངགས། ཞེས་བཞི་བ་དགོས་ཆེད་བརྗོད་པའི་རྣམ་དབྱེ་བཅས་སོ། །

རྣམ་དབྱེ་ནི་བརྗོད་དོན་གྱི་དབང་གིས་རིགས་དུ་མར་བཀར་ཡང་། ཕྱིའི་གྲུབ་ལུགས་ཆ་འདྲ་བའོ། ། རྣམ་དབྱེ་ནི་ཚིག་གིས་བསྒྲུབ་པར་བྱ་སྟེ། གོང་གི་རྣམ་དབྱེ་གང་ཞིག་དེ་ནི། མིང་གི་ཚིག་ལ་རྣམ་དབྱེའི་ཕྲད་སྦྱར། དེ་ལ་བྱ་བའི་ཚིག་སྦྱར་བའོ། ། དཔེར་ན། དུས་རབས་བདུན་པའི་སྟོད་ཀྱི་ཆ། ཞེས་པ་ནི་མིང་གི་ཚིག་(Noun Phrase)དང་། ར་ནི་རྣམ་དབྱེའི་ཕྲད(kasus)། མངགས་ནི་བྱ་ཚིག་གཅིག་གིས་གྲུབ་པའི་བྱ་བའི་ཚིག(Verb Phrase)གོ །

ཚིག་ནི་ཐ་སྙད་ཀྱིས་གྲུབ་པའོ། ། དུས་རབས་བདུན་པའི་སྟོད་ཀྱི་ཆ། ཞེས་པའི་མིང་གི་ཚིག་འདི་ཉིད། དུས་རབས་ཞེས་པའི་མིང་དང་། བདུན་ཞེས་པའི་གྲངས་ཀྱི་མིང་དང་། པ་ཞེས་པའི་རྐྱེན་གྱི་ཡི་གེ་དང་། འི་ཞེས་པའི་ཨི་ལྡན་གྱི་ཕྲད་དང་། སྟོད་ཅེས་པའི་མིང་དང། ཆ་ཞེས་པའི་མིང་དང་བཅས་ཐ་སྙད་བདུན་གྱིས་གྲུབ་པའོ། །

ཇི་ལྟར་གྲུབ་ཅེ་ན་འདི་ལྟ་སྟེ། དུས་རབས་དང་བདུན་གཉིས་ཕྲད་པས། དུས་རབས་བདུན་ཞེས་པའི་རྣམ་གྲངས་བརྗོད་པའི་ཚིག་བྱུང་། དེ་ལ་པ་རྐྱེན་བྱིན་པས། དུས་རབས་བདུན་པ་ཞེས་མིང་དུ་བསྒྲུབས། མིང་དེ་དང་སྟོད་གཉིས་ཀྱི་བར་དུ་ཨི་ལྡན་གྱི་ཕྲད་སྦྱར་བས། དུས་རབས་བདུན་པའི་སྟོད་ཅེས་པའི་མིང་གི་ཚིག་བྱུང། མིང་གི་ཚིག་དེ་དང་ཆ་གཉིས་ཀྱི་བར་དུའང་ཨི་ལྡན་གྱི་ཕྲད་སྦྱར་བས་ན། དུས་རབས་བདུན་པའི་སྟོད་ཀྱི་ཆ་ཞེས་པའི་མིང་གི་ཚིག་དེ་གྲུབ་པའོ། ། ལྷག་མ་རྣམས་ལའང་རིགས་བསྒྲེས་པར་བྱའོ། །

ངག་གམ་རྗོད་པ་ཇི་སྙེད་པ་ཐམས་ཅད། བརྗོད་བྱ་དང་རྗོད་བྱེད་གཉིས་ཀའི་ཆ་ནས་ཆུང་ངུར་བཀྲལ་བ་ན། ཆེས་མཐའ་མའི་གྲུབ་ཆ་ནི་ཐ་སྙད་དུ་མར་ཁེད་འདུག་པས། ཐ་སྙད་ནི་བོད་ཀྱི་བརྡ་སྤྲོད་ལ་འཇུག་པའི་གོམ་པ་དང་པོ་ཡིན་ནོ། ། དེ་བས། ཐོག་མར་ཐ་སྙད་ཀྱི་ནང་དོན་དང་ངོ་བོ་ཡང་དག་པར་བསླབ། དེ་ནས། ཐ་སྙད་དག་གི་སྡེབ་ཕྱོགས་དང་། ཚིག་སྒྲུབ་པའི་ཚུལ་ལ་སྦྱངས། མཐར་རྣམ་དབྱེའི་དོན་ལ་བྱང་བ་ན་བོད་སྐད་ཀྱི་རྗོད་པ་རྣམས་ཀྱང་ལྷུན་གྱིས་འགྲུབ་པ་ཡིན་ནོ། །

5ae142677eef4.png

5ae14294750a7.png

དཔྱད་གཞིའི་ཡིག་ཆ།

[1] ཀརྨ་སི་ཏུ། ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན། [M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2010

[2]པྲ་ཏི་རིན་ཆེན་དོན་གྲུབ། པྲ་ཏི་རིན་ཆེན་དོན་གྲུབ་ཀྱི་སུམ་རྟགས་དགོངས་འགྲེལ།[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013

[3]དམུ་དགེ་བསམ་གཏན། བོད་ཀྱི་ཡི་གེའི་སྤྱི་རྣམ་བློ་གསལ་འཇུག་ངོགས།[M]ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2006

[4]ཚེ་ཏན་ཞབས་དྲུང་། ཐོན་མིའི་ཞལ་ལུང་།[M]ལན་གྲུ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2015

[5]རྡོ་རྗེ་རྒྱལ་པོ། སུམ་རྟགས་ཀྱི་སྙིང་འགྲེལ་ལེགས་བཤད་འདྲེན་པའི་ཕོ་ཉ་ཞེས་བྱ་བ། [M]ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། 2011

[6]འཇུ་མི་ཕམ། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ཞེས་བྱ་བའི་བསྟན་བཅོས།[M]ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012

[7]དཔའ་རིས་སངས་རྒྱས། བརྡ་སྤྲོད་སྦྱོར་བ་རྣམ་བཞི་རབ་གསལ།[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008

[8]ལྕགས་ཐར་རྒྱལ། བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་།[M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2013

[9]མཁྱེན་རབ་འོད་གསལ། མཁྱེན་རབ་འོད་གསལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས།[M]པེ་ཅིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015

[10]དུད་བླ་བུ་ཆུང་། བོད་སྐད་བརྡ་སྤྲོད་སྐོར་གྱི་དཔེ་རྒྱུན་དཀོན་རིགས་ཀྱི་བསྟན་བཅོས་ཐུང་ངུ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཐི་ལའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང། 2012

[11]བསྟན་གོ བོད་སྐད་མིང་བརྡ་རིག་པ་ཞེས་བྱ་བ་བཞུགས་སོ། །[M]ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013

[12]ཞལ་ལྕེ་ལྷག་པ་ཚེ་རིང་། ས་པཎ་ཞིབ་འཇུག[M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2015

[13]ཚེ་དཔལ། དངོས་གྲུབ། བོད་ཀྱི་བརྡ་སྤྲོད་ལས་དགར་འབྱེད་སྡུད་གསུམ་ལ་དཔྱད་པ། ཀྲུང་གོའི་བོད་རིག་པ། [j]2016ལོའི་དེབ3པ།

[14]ཚེ་དཔལ། དངོས་གྲུབ། ཚིག་སྦྱོར་གྱི་ཕྱིའི་གྲུབ་ཚུལ་ལས་རྣམ་དབྱེའི་ངོ་བོར་དཔྱད་པ། བོད་ལྗོངས་སློབ་ཆེན་གྱི་རིག་གཞུང་དུས་དེབ། [j]2016ལོའི་དེབ2པ།

[15]དཔའ་རིས་སངས་རྒྱས། དག་ཡིག་གབ་པ་མངོན་ཕྱུང་།

[16]刘颖,计算语言学,[M]北京,清华大学出版社,2014

[17]姚小平译,威廉•冯•洪堡特著.人类语言结构的差异及其对人类精神发展的影响,[M]北京:商务印书馆,1998.03

[18]冯志伟.自然语言处理的形式模型,[M]北京:中国科学技术大学出版社,2010.01

[19]http://nitarthadigitallibrary.org/

(གསལ་བཤད། དཔྱད་རྩོམ་འདི་ནི་རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ལས་གཞི(61640208.61262086)དང་། བོད་རང་སྐྱོང་ལྗོངས་སློབ་ཆེན་ན་གཞོན་དགེ་རྒན་གྱི་གསར་གཏོད་རོགས་སྐྱོར་འཆར་འགོད་ལས་གཞི(QCZ2016-12.QCZ2016-13. QCZ2016-11)དང་། བོད་ལྗོངས་སློབ་ཆེན་ཞིབ་འཇུག་སློབ་མའི་མཐོ་རིམ་མི་སྣ་གསོ་སྐྱོང་རོགས་སྐྱོར་ལས་གཞི་དང་། རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་གཙོ་ཆེའི་ལས་གཞི(14ZDB101)དང་། རྒྱལ་ཁབ་རིམ་པའི་རང་བྱུང་ཚན་རིག་གི་ལས་གཞི(61202189)དང་། བོད་ལྗོངས་རང་བྱུང་ཚན་རིག་ལས་གཞི(2016ZR-TU-07)དང་། བོད་ལྗོངས་སློབ་ཆེན་གྱི་ཇོ་མོ་གླང་མ་རིག་གཞུང་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རོགས་སྐྱོར་འཆར་འགོད་ལས་གཞི། བོད་ལྗོངས་སློབ་གསོ་ཚན་རིག་གི་ལོ་ལྔ་བཅུ་གསུམ་པའི་འཆར་འགོད་ལས་གཞི་བཅས་ཀྱི་དཔྱད་འབྲས་ཡིན།)

①ཚེ་དཔལ།  བོད་ལྗོངས་སློབ་ཆེན་གྱི་དཔེ་མཛོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད་ལ། ༢༠༡༤ལོའི་བོད་ལྗོངས་སློབ་ཆེན་གྱི་རྩིས་འཁོར་སྐད་བརྡ་རིག་པའི་འབུམ་རམས་སློབ་མ་ཡིན།

② ཚོགས་གསུམ་ཞེས་པའི་དོན་ལས་འཕྲོས་པའོ། །

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།