ཀྲུང་གོ་བོད་ཀྱི་དྲ་བ།

ཕྱུགས་ཀྱི་གསོ་ཐབས་བསྒྱུར། མི་ཡི་འཚོ་སྟངས་འགྱུར།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ11པའི་ཚེས1ཉིན། དགུན་མགོ་མའི་ཉི་ཤར་གྱི་རྩེ་མོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གཞོངས་གྲོང་རྡལ་གྱི་ཚ་ཧན་ཏ་བ་སྡེ་བར་འཕྲོས་པ་ན། མཚོ་སྔོན་པོའི་ལྷོ་རིའི་འདབས་སུ་ཆགས་ཡོད་པའི་བག་ཡངས་ཀྱི་སྡེ་བ་དེ་རིམ་བཞིན་གཉིད་ལས་སད། སྡེ་མི་དཀོན་མཆོག་ཚེ་རིང་དང་ཁོའི་ཆུང་མ་གཉིས་སྔ་མོ་ནས་ཞོར་ལས་གཉེར་སའི་མཚོ་ཆུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་སོང་ནས་ཉིན་གཅིག་གི་ལས་ཀ་ལས་མགོ་བརྩམས།

“མཉམ་ལས་ཁང་དེ་ནི་སྡེ་བས་གཉེར་བ་ཡིན་པས། སྡེ་མི་ཡོངས་ཀྱི་ཞིང་ས་དང་ལུག རྩྭ་ས་ཚང་མ་མ་རྐང་དུ་བཞག་ཡོད། ངེད་བཟའ་ཟླ་གཉིས་ཀས་རང་ཚང་གི་ཉེ་ས་རུ་ཞོར་ལས་གཉེར་ས་ཞིག་བཙལ་ན། ཁྱིམ་གྱི་ལོ་ལོན་དང་བྱིས་པར་སྙོར་སྐྱོང་བྱེད་ཐུབ་པར་བསམ་བཞིན་པའི་སྐབས་སུ། འདི་ནས་ལས་ཀར་ཞུགས་ཐུབ་སོང་། ངེད་བཟའ་ཟླ་གཉིས་ཀར་ཟླ་རེར་སྒོར3600ཡི་ཡོང་སྒོ་ཡོད་ལ། དེའི་ཁར་ལོ་གཅིག་གི་ཁེ་སྤོགས་བགོས་ན། སྔོན་ཆད་གྲོང་ཁྱེར་དུ་སྒོར་མོ་བཙལ་དུ་སོང་བ་ལས་བཟང”ཞེས་ཁ་བརྡ་བྱེད་ཞོར་དུ་དཀོན་མཆོག་ཚེ་རིང་དང་ཁོའི་ཆུང་མ་གཉིས་ཀྱིས་ལུག་ཁང་གཙང་ཕྱགས་བྱས།

དེའི་རྗེས། ཁོ་བཟའ་ཟླ་གཉིས་ཀ་ལུག་ཁང་ཆེས་གཞུག་མ་དེའི་ནང་དུ་སོང་བ་དང་། དཀོན་མཆོག་ཚེ་རིང་གིས་ལག་གི་ཕྱག་མ་སར་བཞག་རྗེས། ལུག་ཁང་གི་སྒོ་ཁ་ན་ཡོད་པའི་ཁང་གཞིས་ནང་དུ་སོང་། ཅང་མ་འགོར་བར། རོལ་མོ་སྙན་མོ་ཞིག་ལུག་ཁང་གི་ནང་ནས་གྲག་ཡོང་། ཡུལ་འདིའི་ལུག་ཁང་དང་གཞན་པའི་སྤྱིར་བཏང་གི་ལུག་ཁང་གཉིས་ལ་ཁྱད་པར་ཆེ། སྒྲ་སྒམ་ཡོད་པ་ལས་གཞན་ད་རུང་དྲོད་འཛིན་ཆུ་སྒམ་དང་ཆུ་གཏོར་ཡོ་ཆས། ཆུ་དྲོད་འཐེན་འཁོར་དང་འཁོར་རྒྱུག་འཐེན་འཁོར་སོགས་ཀྱི་སྒྲིག་ཆས་ཀྱང་ཡོད། ཕྱུགས་ཁང་ཀླད་ཀྱི་ཉི་འོད་ནུས་པའི་གློག་འདོན་བརྒྱུད་ནས་རོལ་དབྱངས་གཏོང་བ་ལས་དྲོད་རླངས་དང་ཆུ་དྲོད་འདོན་ཐུབ་ལ་དུག་སེལ་རྡུལ་ཕྱག་ཀྱང་བྱེད་ཐུབ།

“ད་ལྟ། ལུག་འཚོ་སྟངས་ཀྱང་སྔོན་ཐོན་ཡིན། འདི་ནི་ང་ཚོའི་མཉམ་ལས་ཁང་ཡིན། རང་རེའི་ཞིང་ཆེན་ཡོངས་ཀྱི་བོད་ལུག་ཐོན་ལས་ཀྱི་ཕན་མཐོ་གསོ་སྤེལ་ལག་རྩལ་གཅིག་ཏུ་འདུས་པའི་ཚན་རྩལ་ཞིབ་འཇུག་གི་དཔེ་སྟོན་རྟེན་གཞིའང་ཡིན། ངས་ལག་རྩལ་གཅིག་འདུས་ཟེར་བ་ཧ་མི་གོ་རུང་། འོན་ཀྱང་ལོ་འདི་འགའི་རིང་ལ་སྡེ་བར་སྐུལ་སློང་བྱས་པའི་ཚན་རིག་གསོ་སྤེལ་གྱིས་མ་མོས་ལུ་གུ་རྩེབས་ཚད་དང་ཕྱིར་འཚོང་ཚད་ཚང་མ་མི་ཉུང་བ་ཞིག་མཐོར་འདེགས་བྱུང་བས། སྡེ་མི་རྣམས་ཀྱི་ཡོང་སྒོའང་དེ་དང་བསྟུན་ནས་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་ཡོད”ཅེས་ཕ་མེས་ཡང་མེས་ནས་ཕྱུགས་ལ་བརྟེན་ནས་འཚོ་བ་རོལ་བའི་དཀོན་མཆོག་ཚེ་རིང་གིས་དེ་ལྟར་བཤད། སྔོན་ཐོན་ཡིན་ཞིང་སྔར་བས་དེང་རབས་ཅན་ཡིན་པའི་ལུག་གི་འཚོ་སྟངས་དེ་རྒྱུས་ལོན་དང་དང་ལེན་བྱ་དཀའ་བའི་བྱ་བ་ཞིག་མིན་པར་གྱུར་ཡོད།

2018ལོར། དམངས་གཙོ་ཇུས་ཐག་འདོན་སྤེལ་གང་ལེགས་བྱེད་པ་དང་སྡེ་མི་རྣམས་ཀྱི་བསམ་འཆར་རྒྱ་ཆེར་བསྡུས་རྗེས། ཚ་ཧན་ཏ་བ་སྡེ་བས་སྡེ་བའི་ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་ནས་མཉམ་ལས་ཁང་གཉེར་བ་དང་། རྩྭ་ས་དང་ཞིང་སའི་ཐོན་ཁུངས་ཀྱི་རང་སྤུས་དང་མང་ཚོགས་ཀྱི་ཕུན་སུམ་ཚོགས་པའི་འདེབས་འཛུགས་གསོ་སྤེལ་གྱི་ཉམས་མྱོང་ལ་རྐང་བཙུགས་ཤིང་། ཐོན་ལས་དར་སྤེལ་གྱི་སྣེ་ཁྲིད་འགན་འཁྲི་དངོས་གནས་འཁུར་བ་དང་། མང་ཚོགས་ལ་སྐུལ་སློང་སྒོས་མ་དངུལ་རང་གྲབས་བྱས་ཏེ་མཚོ་ཆུང་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས། དེར་མ་ཟད་ཐོན་ལས་ཀྱི་ཕན་མཐོའི་འཕེལ་རྒྱས་ནས་མགོ་རྩོམ་རྒྱུ་གཏན་འབེབས་བྱས་ཏེ། མཉམ་ལས་ཁང་གི་མ་རྐང་ལམ་ལུགས་ལ་བསྒྱུར་བཅོས་བྱས། དུས་མཚུངས་སུ་ཚན་རྩལ་ཞིབ་འཇུག་གི་ལག་རྩལ་ནང་འདྲེན་བྱས་ཏེ་སྐྱེད་སྲིང་ཐོན་སྐྱེད་ཕྱིར་འཚོང་གསུམ་གྱི་བོད་ལུག་ཐོན་ལས་ཀྱི་ཕན་མཐོའི་གསོ་སྤེལ་ལག་རྩལ་གཅིག་ཏུ་འདུས་པའི་ཚན་རིག་ཞིབ་འཇུག་དཔེ་སྟོན་རྟེན་གཞི་ཞིག་བསྐྲུན།

“ང་ཚོའི་མ་མོས་ལོ་གཉིས་ལ་ལུ་གུ་ཐེངས་གསུམ་ལ་རྩེབས་ཐུབ། ལོ་རེར་ལུག4400བཙོང་ཐུབ། དུས་མཚུངས་སུ། གཟན་རྩྭ་དང་ལྗིད་ཚད་འཇལ་བའི་ལག་ཆ། གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བ། སྐྱེ་ལྡན་ལུད་རྫས་ལས་སྣོན་ཁང་། ཕྱུགས་ཟོག་ཉོ་འཚོང་ར་བ། ལུག་ཤ་ལས་སྣོན་བྱེད་ས་སོགས་བཙུགས་ཏེ་འཐུས་ཚང་དུ་བཏང་བ་དང་། ཐོན་ལས་རྟེན་གཞིའི་རྨང་གཞི་སྒྲིག་བཀོད་ཀྱི་ཞན་ཆ་ཁ་གསབ་བྱས་ཏེ། ཐོན་སྐྱེད་དང་ཕྱིར་འཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་གཏོང་སྟངས་འཚོལ་སྙེག་བྱས་པས་ལོ་གཅིག་གི་ཡོང་སྒོ་སྒོར་ཁྲི480ལ་སླེབས”ཞེས་སྡེ་སྡོད་ཧྲུའུ་ཅི་དང་པོ་གུ་རུ་ཡིས་དེ་ལྟར་མཚམས་སྦྱོར་བྱས། ཁོ་ཚོས་མ་མོས་ལོ་གཉིས་ཀྱི་ནང་དུ་ཐེངས་གསུམ་ལ་རྩེབས་པའི་ཚད་གཞི་ཅན་གྱི་ཕན་མཐོའི་གསོ་སྤེལ་འཛིན་ལུང་དུ་བརྩིས་ཏེ། མཚོ་སྔོན་སློབ་ཆེན་དང་ཞིང་ཆེན་དང་ཁུལ་གྱི་ཆེད་ལས་ལག་རྩལ་པའི་དཔུང་སྡེའི་མཛུབ་སྟོན་འོག་བོད་ལུག་མ་མོའི“རྒྱུད་བཟང་དང་གཟན་བཟང་། ཐབས་བཟང”བེད་སྤྱོད་བྱས་པ་བརྒྱུད། མ་མོས“ལོ་གཉིས་ལ་ཐེངས་གསུམ་རྩེབས་པའམ་ལོ་གསུམ་ལ་ཐེངས་ལྔ་རྩེབས་པ”ཡི་གསོ་སྤེལ་བྱེད་སྟངས་བཙུགས་པར་མ་ཟད། གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་ཞིབ་རྩིས། གཅིག་གྱུར་ཕྱིར་འཚོང་། གཅིག་གྱུར་ཟོང་རྟགས་ཀྱི“གཅིག་གྱུར་བཞི”ཡིས་ཚོང་གཉེར་དོ་དམ་བྱེད་སྟངས་བཀོལ་ནས། བོད་ལུག་ཐོན་ལས་ཐད་སྲོལ་རྒྱུན་གྱི་འཚོ་སྟངས་དེ་གཅིག་བསྡུས་ཅན་གྱི་གཞི་ཁྱོན་གསོ་སྤེལ་དང་ཚན་རིག་ཅན་གྱི་ཕན་མཐོའི་དོ་དམ། ཟོང་རྟགས་ཅན་གྱི་གཅིག་བསྡུས་བཅས་སུ་བསྒྱུར།

དུས་མཚུངས་སུ། ཚོང་གཉེར་གྱི་འཇོན་ཐང་ཡོད་པའི་སྡེ་མི་དང་ཕྱུགས་ཟོག་མེད་པའི་ཁྱིམ་ཚང་ཁ་ཤས་ལ་སྣེ་ཁྲིད་དེ་གཟན་རྩྭ་འདེབས་འཛུགས་ལས་སྣོན་དང་བོད་ལུག་གསོ་སྤེལ། ཕྱིར་འཚོང་སོགས་ཀྱི་བྱ་བ་གཉེར་དུ་བཅུག་པར་མི34ལས་ཀར་ཞུགས་ཐུབ་པ་བྱུང་ཞིང་། རྩོལ་པོ་ལྷག་མ་གྲོང་ཁྱེར་དུ་ཞོར་ལས་གཉེར་དུ་འགྲོ་བར་སྐུལ་མ་བྱས་ཏེ་སྡེ་མིའི་ཡོང་སྒོའི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་བྱུང་ནས། “ཐོན་ཁུངས་རྒྱུ་ནོར་ལ་བསྒྱུར་པ་དང་རྒྱུ་ནོར་མ་དངུལ་ལ་བསྒྱུར་པ། མ་དངུལ་མ་རྐང་དུ་བསྒྱུར་པ། འབྲོག་མི་མ་རྐང་བདག་པོར་བསྒྱུར་པ། སྡེ་མི་ལས་བཟོ་པར་བསྒྱུར་པ”ཡི་དམིགས་འབེན་མངོན་འགྱུར་བྱས།

“ད་ལྟ། དགུན་ཁའི་ལུ་གུ་རྩེབས་པའི་གནད་འགག་གི་དུས་སྐབས་སུ་ཐོན་ཡོད། ད་ལོར་ལུ་གུ་གཅིག་སྒོར830བྱས་ཏེ་འཚོང་ཐུབ། འདི་ལྟར་བྱས་ན་ལོ་མཇུག་ཏུ་སྒོར་ཁྲི315ཡི་ཡོང་སྒོ་ཡོད་པས། ཡང་དགའ་དགའ་སྤྲོ་སྤྲོའི་ངང་སྡེ་མི་རྣམས་ལ་ཁེ་སྤོགས་བགོ་ཐུབ”ཅེས་སྡེ་སྡོད་བྱ་བའི་རུ་ཁག་གི་ཁོངས་མི་ཧྲི་ཧའེ་ལིན་གྱི་གདོང་ལ་འཛུམ་གྱིས་ཁེངས་ནས་བཤད།

གསར་པ་གསར་རྐྱང་གི་སྡོད་ཁང་དང་ངོས་སྙོམས་པའི་སྲ་བསྒྱུར་གྱི་གཞུང་ལམ། ཅུང་བཟང་བའི་འཚོ་བའི་ཁོར་ཡུག་སོགས་ནི་རྩྭ་ཐང་གི་རུ་སྡེ་དེ་ཡིན་ལ། གྲོང་གསེབ་དར་སྤེལ་གྱི་དཔྱིད་རླུང་ལ་བརྟེན་ཞིང་རང་ཉིད་ཀྱིས་ཧུར་བརྩོན་བྱས་པ་བརྒྱུད། “ལུག”གི་ཚོང་ལམ་ཡངས་པོ་ཞིག་ཏུ་སྐྱོད་བཞིན་ཡོད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།