ཀྲུང་གོ་བོད་ཀྱི་དྲ་བ།

ཐུན་མོང་དཔལ་འབྱོར་ལ་འབྲས་བུ་སྨིན། མང་ཚོགས་ཕྱུག་འགྱུར་གྱི་ལམ་དུ་ཆས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ11པའི་ཚེས13ཉིན། གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཅང་སི་གྲོང་རྡལ་རྨོག་རུ་སྡེ་བའི་ལམ་ལུང་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་འདེབས་འཛུགས་གསོ་སྤེལ་ར་བར་ཐོན། མཉམ་ལས་ཁང་གི་ལུག་ཁྱུས་ལུག་ཁང་གི་ནང་དུ་གཟན་ཆས་ལ་སྒུག་འདུག

མཉམ་ལས་ཁང་གི་ལས་བྱེད་མི་སྣ་ཚེ་ཕྱུག་ཡག་གིས་ལུག་ཁང་ལ་གཙང་སྦྲ་བྱེད་ཞོར་མཚམས་སྦྱོར་བྱས་དོན། “དགུན་ཁ་སླེབས་པས། ང་ཚོས་དགུན་ཁའི་གཟན་རྩྭ་གསོག་འཇོག་བྱེད་བཞིན་ཡོད། ཅང་མ་འགོར་བའི་སྔོན་ལ། ང་ཚོས་ནས་རྩྭ་བསྡམས་ནས་རྩྭ་ཁང་དུ་བཅུག་ཚར་བ་ཡིན། འདི་དག་ཚང་མ་ལུག་གི་དགུན་ཁའི་གཟན་ཆས་ཡིན”ཟེར།

རྨོག་རུ་སྡེ་བའི་དབུལ་ཐར་ཁྱིམ་ཚང་གུ་རུ་སྐྱིད་གྲང་ནས་ངོ་གདོང་དམར་པོར་གྱུར་ཡོད་མོད། འོན་ཀྱང་མིག་ནང་དུ་དགའ་སྤྲོའི་མདངས་ཤིག་ཤར་འདུག “ཏང་དང་སྲིད་གཞུང་གིས་ང་ཚོར་མཉམ་ལས་ཁང་ཕྱེ་བར་དངོས་གནས་བཀའ་དྲིན་ཆེ། སྔོན་ཆད་རང་སྒེར་ནས་ཕྱུགས་ཟོག་འཚོས་ཀྱང་རིན་གོང་མཐོན་པོ་ཞིག་ལ་བཙོང་མི་ཐུབ། ད་ལྟ་ངས་ཕྱུགས་ཟོག་དང་རྩྭ་ས། ཞིང་ས་ཚང་མ་མཉམ་ལས་ཁང་ལ་མ་རྐང་དུ་བཞག་ཡོད་པས། ཉིན་རྒྱུན་ལུག་གི་རྗེས་འདེད་མི་དགོས་པར། མཚོ་སྔོན་པོའི་ཡུལ་སྐོར་དུས་གཞུང་གི་གོ་སྐབས་ལ་བརྟེན་ནས་ཡུལ་སྐོར་པ་རྣམས་རྟ་ལ་ཞོན་དུ་བཅུག་སྟེ། ཁོ་ཚོར་འདྲ་པར་བསྐྱོན་ན་ཡོང་སྒོ་ཇེ་མང་དུ་གཏོང་ཐུབ། དེའི་ཁར་མཉམ་ལས་ཁང་གི་ཁེ་སྤོགས་བསྣན་ན་བཟའ་མི་གང་བོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད”ཟེར།

ཉེ་བའི་ལོ་འགའི་རིང་ལ། ཅང་སི་གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ལ་ནོར་ལུག་དང་རྩྭ་ས། མ་རྩ་གསུམ་མ་རྐང་དུ་འཇོག་པར་ཧུར་བརྩོན་གྱིས་སྐུལ་སློང་བྱས་པ་དང་། “སྡེ་བ+མཉམ་ལས་ཁང+ཁྱིམ་ཚང”གི་འཕེལ་རྒྱས་གཏོང་སྟངས་བརྒྱུད་ནས། མ་རྐང་ལུགས་ཀྱི་མཉམ་ལས་ཁང་བཙུགས་ཤིང་སྡེ་བ་ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཆེར་བཏང་བ་དང་། ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་བསྟུད་མར་འཐུས་ཚང་དུ་བཏང་སྟེ་མང་ཚོགས་མཉམ་དུ་ཕྱུག་པོར་འགྱུར་བར་སྣེ་ཁྲིད་བྱས་པས། “ཐོན་ཁུངས་རྒྱུ་ནོར་དུ་འགྱུར་བ་དང་མ་དངུལ་མ་རྐང་དུ་འགྱུར་བ། རོང་འབྲོག་པ་རྣམས་མ་རྐང་གི་བདག་པོར་འགྱུར་བ། ཕན་འབྲས་ཡོད་ན་ཁེ་སྤོགས་བགོ་བ”ཡི་བགྲོད་ལམ་ཞིག་ཏུ་བསྐྱོད་དེ་གྲོང་གསེབ་དར་སྤེལ་ལ་རྨང་གཞི་བརྟན་པོ་བཏིངས།

མཉམ་ལས་ཁང་ཕྱེ་བའི་ཐོག་མའི་འདུན་མ་གླེང་དུས། ཅང་སི་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཡུམ་ཐར་རྒྱལ་གྱིས་བཤད་རྒྱུར། སྔོན་ཆད་སྡེ་མི་རྣམས་ཀྱིས“རང་གི་རྩྭ་ས་ཆུང་ཆུང”དེ་བསྲུངས་ནས་ཕྱུགས་འཚོས་པར་རྩྭ་ས་རེས་འཁོར་གྱི་གོ་སྐབས་མེད་པས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཐེབས། ཉམས་མྱོང་དང་ལག་རྩལ་མེད་པར་རང་རང་ས་ནས་འཚོས་ན་ལུག་བཙོང་ཚད་ཉུང་བ་དང་ལུག་ནད་ཀྱིས་ཤི་བའང་མང་། རྒྱུ་སྤུས་ལའང་འགན་སྲུང་བྱེད་ཐབས་བྲལ་བས་ཕྱིར་བཙོང་བ་ནི་གནད་དོན་ཞིག་ཏུ་གྱུར་ཡོད།

དེའི་རྐྱེན་གྱིས། ཅང་སི་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་འཚམས་འདྲི་རྟོག་ཞིབ་བྱས་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་པ། གཞན་ཡུལ་གྱི་ཉམས་མྱོང་ལེན་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། དེང་རབས་ཕྱུགས་ལས་གཉེར་རྒྱུ་ཐག་བཅད། 2022ལོར་རྨོག་རུ་སྡེ་བ་དང་གཡོན་རུ་སྡེ་བས་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ཁང་བཙུགས་པ་དང་། མ་རྐང་ལམ་ལུགས་བཟོ་བཅོས་བྱས་པ་བརྒྱུད། ཕྱུགས་ཀྱི་གསོ་ཐབས་དང་མི་ཡི་འཚོ་སྟངས་བསྒྱུར། ལུག་གི་ཐོན་ལས་འཕེལ་རྒྱས་སུ་བཏང་བ་བརྒྱུད་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ་མངོན་འགྱུར་བྱས།

དུས་མཚུངས་སུ་མཉམ་ལས་ཁང་གིས་རྩྭ་ས་གཅིག་གྱུར་གྱིས་རེས་འཁོར་ནས་འཚོ་བ་དང་རྒྱུད་སྡེབ་པ། ཚོ་གསོ། ལས་སྣོན། ཕྱིར་འཚོང་། ཁྱུ་བགར་གསོ་སྤེལ་བཅས་ཀྱི་དོ་དམ་བྱེད་སྟངས་སྤེལ་བ་དང་། གུང་ཧོ་རྫོང་ཞིང་ཕྱུགས་ཅུས་ཀྱིས་ད་རུང་དུས་བཅད་ལྟར་མཉམ་ལས་ཁང་གི་ལུག་གི་ཕན་མཐོ་གསོ་སྤེལ་ལ་ལག་རྩལ་མཛུབ་སྟོན་བྱས་པས། སྔོན་ཆད་རང་རང་ས་ནས་འཚོ་བའི་རྣམ་པ་བསྒྱུར།

མཉམ་ལས་ཁང་བཙུགས་ཏེ་གཅིག་བསྡུས་ཕན་མཐོ་སྒོས་གསོ་སྤེལ་དང་ཚོང་གཉེར་བྱས་པ་བརྒྱུད། ལུག་མང་པོ་བཙོང་ཐུབ་ལ་རིན་གོང་ཡང་མཐོན་པོར་བཙོང་པས། སྡེ་མི་རྣམས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་བརྩོན་སེམས་དང་གྲོང་གསེབ་དར་སྤེལ་ལ་རམ་འདེགས་བྱེད་པའི་བརྩོན་སེམས་བསླངས། མཉམ་ལས་ཁང་གིས་དགུན་ས་དང་དབྱར་ས་བགོས་ཏེ་རེས་འཁོར་ནས་ཕྱུགས་འཚོས་པས་རྩྭ་སའང་སླར་གསོ་བྱུང་ཞིང་། སྡེ་མི་རྣམས་ཀྱི་རྩྭ་ས་མ་རྐང་དུ་བཞག་པས་ཕན་ཚུན་བར་གྱི་རྩྭ་ས་རྩོད་གླེང་དང་འགལ་བ་ཇེ་ཉུང་དུ་སོང་བ་དང་། ཁྱིམ་མཚེས་བར་འགྲིག་མཐུན་བྱུང་ལ། ནོར་ལུག་མ་རྐང་དུ་བཞག་རྗེས་མི་རྣམས་ཁོམ་པ་དང་།ཁོ་ཚོས་ཞོར་ལས་གཉེར་བས་ཡོང་སྒོའང་འཕར།

སྲོག་རྩ་ལྟ་བུའི་རྩྭ་སར་སྲུང་སྐྱོབ་དམ་འཛིན་བྱེད་པ་དང་སྣ་ཐིག་ལྟ་བུའི་མཉམ་ལས་ཁང་གི་རྩ་འཛུགས་ལ་འཇུ་བ། སྒོར་ཁུག་ལྟ་བུའི་མོ་ཕྱུགས་ཀྱི་བསྡུར་ཚད་ཇེ་མང་དུ་གཏོང་བ། ཞིང་ཕྱུགས་འཁོར་རྒྱུག་གི“བགྲོད་ལམ་གསར་པ”ལ་བསྐྱོད་པ་བཅས་ཀྱི་འཕེལ་རྒྱས་རིག་ལམ་ལྟར། ད་ལྟའི་ཅང་སི་གྲོང་རྡལ་གྱིས་མང་ཚོགས་ལ་ཞིང་ཕྱུགས་མཉམ་ལས་ཁང་དུ་མ་རྐང་ཧུར་བརྩོན་གྱིས་འཇོག་པར་སྐུལ་སློང་བྱས་པས།འབྲོག་དམངས་མ་རྐང་གི་བདག་པོར་གྱུར་ཅིང་ཐོན་ཁུངས་རྒྱུ་ནོར་དུ་གྱུར་པའི་བསྒྱུར་བ་གཉིས་མངོན་འགྱུར་བྱས་ཡོད།

ཡུམ་ཐར་རྒྱལ་གྱིས་དགའ་སྤྲོའི་ངང་བཤད་རྒྱུར། “ཟླ10པའི་ཚེས31ཉིན། རྨོག་རུ་སྡེ་བའི་ལམ་ལུང་མཐོ་སྒང་སྐྱེ་ཁམས་ཞིང་ཕྱུགས་གསོ་སྤེལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དང་གཡོན་རུ་སྡེ་བའི་ལ་དཀར་མོ་ཞིང་ཕྱུགས་ཆེད་ལས་མཉམ་ལས་ཁང་གཉིས་ཀྱིས2023ལོའི་ཁེ་སྤོགས་བགོ་བའི་ཚོགས་ཆེན་བསྡུས། རྨོག་རུ་སྡེ་བས་ཁེ་སྤོགས་སྒོར་ཁྲི61.11མ་རྐང་བཞག་པའི་ཁྱིམ་ཚང90ལ་བགོས་པ་དང་། གཡོན་རུ་སྡེ་བས་ཁེ་སྤོགས་སྒོར་ཁྲི80.29ཁྱིམ་ཚང74ལ་བགོས། ཁེ་སྤོགས་བགོ་བའི་ལམ་ལུགས་ལྟར་མཉམ་ལས་ཁང་གི་ཡོང་སྒོའི70%སྡེ་མི་རྣམས་ལ་བགོས་ཤིང་སྡེ་བ་གང་བོའི་མང་ཚོགས་ཚང་མས་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སུ་སྤྱད་པ་དང་། སྡེ་མི་རྣམས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་དུ་སྔར་བས་ཐག་ཉེ་སར་ཕྱིན།”

གྲོང་གསེབ་དར་སྤེལ་གྱི་རླུང་རྟ་དར། །མཉམ་ལས་འཕེལ་རྒྱས་ཀྱི་གོམ་ཁ་མགྱོགས། ། “ང་ཚོས་ཁེ་སྤོགས་བགོ་བའི་ཚོགས་ཆེན་གོ་སྐབས་སུ་བརྩིས་ཏེ། ཚོགས་སྒྲིལ་འཕེལ་རྒྱས་བརྒྱུད་ནས། ཡན་ལག་གིས་ཁྱོན་ཡོངས་ཁྲིད་པ་དང་སྡེ་བ་ཐུན་མོང་གིས་མཉམ་ལས་ཁང་ཕྱེ་བའི་སྤུས་འདེགས་ཕན་འཕར་ལ་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། ཁྱོན་ཡོངས་ནས་གྲོང་གསེབ་དར་སྤེལ་དུ་བཏང་བ། ཐུན་མོང་གི་སྣེ་ཁྲིད་དེ་ཡོང་སྒོ་སྤར་ཞིང་མང་ཚོགས་ཕྱུག་པོར་བསྒྱུར་བ། གྲོང་གསེབ་དར་སྤེལ་གྱི་རང་མདངས་སྔར་བས་བཀྲ་བ་དང་གྲོང་གསེབ་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་པོར་བཏང་ཡོད་པས། སྡེ་བའི་ལས་བྱེད་པའི་རྟིང་ཤུགས་སྔར་བས་རྒྱས་ཡོད་ལ། མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བཞིན་ཡོད”ཅེས་ཡུམ་ཐར་རྒྱལ་གྱིས་བཤད། །

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།