ཀྲུང་གོ་བོད་ཀྱི་དྲ་བ།

“དམར་སེར་སྔོ་གསུམ”ལྟ་ཞིབ་ཚད་ལེན་གྱིས་གྲོང་གསེབ་དར་སྤེལ་གྱི་རྨང་གཞི་ཇེ་བརྟན་དུ་བཏང་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ11པའི་ཚེས21ཉིན། ཧའེ་ཡན་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱི་སྒྲུབ་གཉེར་ཀྲུའུ་རེན་རིན་ཆེན་འཚོས་གློག་ཀླད་སྟེང་རྫོང་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་འགྲོ་གྲོན་སྐོར་ལོགས་སུ་བཀར་ཏེ། ལོ་དེའི་འགྲོ་གྲོན་གཞི་གྲངས་མཛོད་བཙུགས་པར་མ་ཟད། “དམར་སེར་སྔོ་གསུམ”གྱིས་གནད་ཁེལ་སྒོས་ལྟ་ཞིབ་ཚད་ལེན་བྱས་པར་མཚོན་རྟགས་བཀོད།

“དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་ཆེད། ང་ཚོས2021ལོ་ནས་བཟུང་། ‘དམར་སེར་སྔོ་གསུམ’གྱི་རིམ་པ་གསུམ་གྱི་བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་བཙུགས་ནས། ལྟ་ཞིབ་ཀྱི་འགོག་རགས་དངོས་གནས་བརྟན་པོར་བཏང་བ་ཡིན”ཞེས་རིན་ཆེན་འཚོས་བཤད།

“‘དམར་མདོག’གིས་ལྟ་ཞིབ་ཚད་ལེན་ཁྱིམ་ཚང་དང་དབུལ་ཐར་ཁྱིམ་ཚང་མཚོན་ལ། ཉེ་ལམ་སྨན་བཅོས་འགྲོ་གྲོན་གྱི་འགྲོ་སོང་སྒོར་ཁྲི5ལས་བརྒལ་ཡོད”ཅེས་རིན་ཆེན་འཚོས་དབུལ་ཐར་ཁྱིམ་ཚང་གི་སྨན་བཅོས་འགྲོ་གྲོན་ཐད་ཀྱི“དམར་སེར་སྔོ་གསུམ”ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་རེའུ་མིག་སྟོན་བཞིན་དེ་ལྟར་བཤད། ཁོ་ཚོའི་ལོ་འཁོར་མོའི་སྨན་བསྟེན་འགྲོ་གྲོན་རིམ་བསགས་ཀྱིས་སྒོར་ཁྲི1ཡན་ནས་སྒོར་ཁྲི2ལ་སླེབས་ཡོད་ན་སྔོ་མདོག་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་གྲས་སུ་བཞག་ཡོད། སྒོར་ཁྲི2ནས་སྒོར་ཁྲི5ཡན་ལ་སེར་མདོག་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་གྲས་སུ་བཀོད་ཡོད།

གཞི་གྲངས་བསལ་སེལ་བྱས་རྗེས། ཟླ10པའི་ནང་སྨན་བཅོས་འགྲོ་གྲོན་སྒོར་ཁྲི5ལས་བརྒལ་བའི་ཁྱིམ་ཚང་གསུམ་ཡོད་ལ། དེ་ནི་རེའུ་མིག་ནང་གི“དམར་མདོག”ཐིག་ཕྲེང་རེད། དེ་ནི་རིན་ཆེན་འཚོ་དང་བཅས་པ་ཟླ་འདིའི་ནང་ངེས་པར་འགྲོ་དགོས་པའི་ཁྱིམ་ཚང་རེད། དེའི་རྗེས། རིན་ཆེན་འཚོས་ཁྱིམ་ཚང་གསུམ་གྱི་མིང་ཐོ་ཧའེ་ཡན་རྫོང་སྨན་བཅོས་འགན་བཅོལ་དང་དམངས་སྲིད། གྲོང་གསེབ་དར་སྤེལ། དབང་པོ་སྐྱོན་ཅན། འཕྲོད་བསྟེན་སོགས་ཀྱི་ལས་ཁུངས་སུ་བཙུགས་ཡོད་པའི་གཞི་གྲངས་མཉམ་རོལ་གྱི་མཛོད་དུ་བསྐུར།

རིན་ཆེན་འཚོས་གསར་འགོད་པར་བཤད་རྒྱུར། གཞི་གྲངས་གནད་དུ་འཁེལ་ཞིང་ནོར་འཁྲུལ་མི་འབྱུང་བར་ཁག་ཐེག་བྱེད་ཆེད། སྨན་བཅོས་འགན་བཅོལ་ལས་ཁུངས་ཀྱིས་ཞང་དང་གྲོང་རྡལ་སོ་སོའི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་མི་སྣས་འགན་དུ་འཁུར་ཏེ་བཀོད་པའི་ཆ་འཕྲིན་ཐོག་མའི་གཞི་གྲངས་ལ་ཞིབ་བསྡུར་བྱེད་དགོས། དེའི་རྗེས། གྲོང་གསེབ་དར་སྤེལ་ཅུས་ཀྱི་གཞི་གྲངས་ལྟར་སྨན་བཅོས་འགན་བཅོལ་མ་ལག་གིས་བཀོད་པའི་གཞི་གྲངས་དང་བསྡུར་དགོས། སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱིས་ཞིབ་བཤེར་བྱས་རྗེས་ཞང་དང་གྲོང་རྡལ་གྱི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་མི་སྣར་དུས་ཐོག་ཏུ་ཕྱིར་ལྡོག་བྱས་ཏེ་ཡང་བསྐྱར་འགྲིག་མིན་ལ་ཞིབ་བཤེར་བྱས་པ་དང་གནད་ཁེལ་ཞིབ་བསྡུར་ལ་ཁག་ཐེག་བྱེད་དགོས།

“ཁྱེད་རང་བདེ་མོ་ཡིན་ནམ། ང་ཚོ་ནི་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཡིན”ཞེས་གསེར་ཐང་ཞང་སྟོན་གཡང་སྡེ་བར་ཐོན་རྗེས། རིན་ཆེན་འཚོས་མ་མཐའི་འགན་སྲུང་ཁྱིམ་ཚང་དབྱང་ཚེན་ཆན་ཚང་གི་སྒོ་རྡུང་ཞོར་དུ་རང་འགུལ་གྱིས་ཡོང་དོན་བཤད། དབྱང་ཚེན་ཆན་གྱི་བུ་དབྱང་རྨེན་ཧྥུ་ཡིས་ཁོ་ཚོ་ནང་དུ་སྣེ་ལེན་བྱས། “དམར་སེར་སྔོ་གསུམ”རིམ་པའི་བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་བཙུགས་པ་དང་བསྟུན་ནས། གཞི་རིམ་གྱི་ཁྱིམ་ཚང་དུ་བསྐྱོད་པ་ནི་རིན་ཆེན་འཚོ་དང་བཅས་པའི་བྱ་བའི་ཁྲོད་ཀྱི་རྒྱུན་ལྡན་ཞིག་རེད།

དབྱང་རྨེན་ཧྥུའི་ཨ་མར་མཁྲིས་རྡོའི་ནད་བྱུང་སྟེ་སྨན་ཁང་དུ་སྨན་བཅོས་བྱས་པར་སྨན་ཡོན་ཧ་ལམ་སྒོར་ཁྲི7ཙམ་ཤོར། སྨན་བཅོས་འགན་བཅོལ་གྱིས་སྒོར་ཁྲི6.4ཙམ་རྩིས་ཞུ་བྱས། སྨན་བཅོས་སྐྱོབ་རོགས་ཀྱི་ཐོབ་ཐང་འགན་སྲུང་གི་གནས་ཚུལ་ལ་འདྲི་རྟོག་ཞིབ་མོ་བྱས་རྗེས། རིན་ཆེན་འཚོས་ཁུག་མའི་ནང་ནས་རྩིས་ཆས་བླངས་ཏེ་དབྱང་རྨེན་ཧྥུ་ལ་སྨན་བཅོས་འགྲོ་གྲོན་གྱི་འགྲོ་སོང་རེ་རེ་བཞིན་ཞིབ་རྩིས་བྱས།

“དངུལ་འཛིན་ཚང་མ་འཁྱེར་ཤོག སྒོ་བསྟེན་གྱི་དངུལ་འཛིན་སྡོམ་རྩིས་བྱས་མེད་པ་ཡོད་ན། ཞིབ་བསྡུར་གསལ་པོ་བྱས་རྗེས། ད་རུང་རྩིས་ཞུ་བྱས་ཆོག”ཅེས་ཞིབ་རྩིས་སྡུར་བ་བྱས་ཚར་རྗེས། རིན་ཆེན་འཚོས་དབྱང་རྨེན་ཧྥུ་ཡིས་འཁྱེར་ཡོང་བའི་དངུལ་འཛིན་ལ་ཞིབ་བཤེར་ཞིབ་མོ་བྱས། དབུལ་ཐར་ཁྱིམ་ཚང་ལ་མཚོན་ན་ཧའེ་ཡན་རྫོང་ལ་ད་རུང་ཕན་བདེ་སྲིད་ཇུས་ཤིག་ཡོད། དེ་ནི་འཚམས་འདྲི་བྱ་ཡུལ་ཁྱིམ་ཚང་གིས་འདོན་སྤྲོད་བྱས་པའི་རྒྱུན་འཐུང་སྨན་དང་སྒོ་བསྟེན་སྡོད་བཅོས་ཀྱི་བརྟག་གཅོད་རྒྱུ་ཆ་ལྟར་དལ་གཤིས་ནད་དང་ནད་རིགས་གཉིས་ཀྱི་ཆ་རྐྱེན་དང་འཚམ་པའི་དབུལ་ཐར་ཁྱིམ་ཚང་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་བཅད་རྗེས། ཧའེ་ཡན་རྫོང་གིས“ལྗང་མདོག་བགྲོད་ལམ”བཏོད་ཡོད་ལ་ཐད་ཀར་དེའི་ཁྲོད་དུ་ཚུད་ཐུབ།

“རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྣ་ཚོགས་ཀྱི་སྲིད་ཇུས་སྐོར་ད་རུང་གསལ་པོར་མི་ངེས་ས་ཡོད་དམ། ཁྱིམ་ཚང་དུ་དཀའ་ཁག་ཅི་ཞིག་ཡོད”ཅེས་རིན་ཆེན་འཚོས་དབྱང་རྨེན་ཧྥུ་ལ་དྲིས། དབྱང་རྨེན་ཧྥུ་ཡིས་ལག་པ་གཡུག་ཞོར་དུ“ད་ལྟ་སྨན་ཁང་དུ་བྱུང་བའི་འགྲོ་གྲོན་ཚང་མ་ས་ཚིགས་གཅིག་ནས་སྡོམ་རྩིས་བརྒྱབ་སོང་། འཛིན་ཤོག་སྟེང་དུ་གསལ་པོར་བྲིས་ཡོད། གལ་ཏེ་ཡི་གེ་མི་ཤེས་མཁན་ཞིག་ཡིན་ནའང་ལས་གཉེར་པས་རེ་རེ་བཞིན་འགྲེལ་བཤད་གསལ་པོ་བྱས་པས་གསལ་པོ་མི་ཤེས་པ་གཅིག་ཀྱང་མེད”ཟེར།

“ངའི་ཨ་མ་ལོ་ཆེ་བས་ནད་ཕོག་སླ། འོན་ཀྱང་ད་ལྟའི་སྲིད་ཇུས་སྣ་ཚོགས་ཀྱི་རོགས་སྐྱོར་ཡོད་པས་མིག་སྔར་དཀའ་ཁག་ཆེན་པོ་མེད།” དབྱང་རྨེན་ཧྥུ་ཡི་སྐད་ཆ་དེར་མཉན་རྗེས་རིན་ཆེན་འཚོས་དེ་མ་ཐག“‘དམར་སེར་སྔོ་གསུམ’གྱི་རིམ་པ་གསུམ་གྱི་བསྐྱར་དབུལ་སྔོན་འགོག་འགུལ་རྣམ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྱིམ་ཚང་གི་གྲས་སུ་ཚུད་རྗེས། རྫོང་ནས་ཁྱེད་ཚོའི་གནས་ཚུལ་ལ་དུས་ཐོག་ཏུ་རྗེས་འདེད་རྒྱུས་ལོན་བྱེད་ངེས་ཡིན། དཀའ་ཁག་ཡོད་ན་རྫོང་དམངས་སྲིད་སོགས་ལས་ཁུངས་ཀྱིས་ཁྱེད་ཚོར་སྲིད་ཇུས་སྟེང་ནས་རོགས་སྐྱོར་བྱེད་ངེས་རེད”ཟེར།

ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་འགྱུར་བ་ནི་གྲོང་གསེབ་དར་སྤེལ་གྱི་འགོག་རྐྱེན་གཙོ་བོ་ཡིན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འཐབ་ཇུས་ལག་བསྟར་བྱེད་པའི་སྐབས་སུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་མང་པོ་མཉམ་འདོན་དང་ཕྱོགས་བསྡུས་ཤུགས་འདོན་བྱས་པ་དང་། “རྩ་བའི་སྨན་བཅོས་ལ་འགན་བཅོལ་ཡོད་པའི”གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དུ་བཏང་སྟེ། ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བར་འགོག་ཟོན་དང་ཞི་ལྷོད་དུ་གཏོང་བའི་ལམ་སྲོལ་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས། ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བའི་ཚད་མཐའ་བློ་ཐག་རྦད་ཆོད་ཀྱིས་བརྟན་པོར་བསྲུངས་དང་སྲུང་བཞིན་ཡོད།

“ཏང་དང་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱིས་དབུལ་ཐར་ཁྱིམ་ཚང་མི་ཉུང་བ་ཞིག་ནད་ཀྱི་དབང་གིས་ཞག་མ་གཅིག་ལ་ཡང་བསྐྱར་དབུལ་ཕོངས་སུ་འགྱུར་བ་སྔོན་འགོག་བྱས་ཡོད”ཅེས་མཚོ་བྱང་ཁུལ་སྨན་བཅོས་འགན་བཅོལ་ཅུས་ཀྱི་ཅུས་ཀྲང་ཏེང་ཧྲེང་ཡུན་གྱིས་དེ་ལྟར་བཤད། ཧའེ་ཡན་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྤེལ་བའི“དམར་སེར་སྔོ་གསུམ”རིམ་པ་གསུམ་གྱི་བསྐྱར་དབུལ་སྔོན་འགོག་གི་འགུལ་རྣམ་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ལམ་སྲོལ་གྱིས“ནད་ཀྱི་དབང་གིས་དབུལ་ཕོངས་སུ་འགྱུར་བ་དང་ནད་ཀྱི་དབང་གིས་བསྐྱར་དབུལ་འབྱུང་བའི”གནད་དོན་མངོན་གསལ་གོ་ཆོད་ཀྱིས་ཐག་གིས་བཅད་དེ། དབུལ་ཕོངས་མང་ཚོགས་ན་བར་སྨན་བཅོས་བྱེད་མཁན་ཡོད་པ་དང་སྨན་བཅོས་བྱས་ན་རྩིས་ཞུ་བྱས་ཆོག་པ། ནད་ལྗིད་མོར་སྐྱོབ་རོགས་ཡོད་པར་ཁག་ཐེག་བྱས་ཏེ“ནད་གཞི”དེ“ཕོངས་གཞི”རུ་འགྱུར་ཚད་ནུས་ཤུགས་ཡོད་རྒུས་བཀག

རིན་ཆེན་འཚོ་དང་བཅས་པས་ཁྱིམ་ཚང་དུ་འཚམས་འདྲི་བྱེད་སྐབས། སྒོ་བསྟེན་གྱི་དལ་གཤིས་ནད་དང་ནད་རིགས་གཉིས་ཀྱི་ཁོངས་གཏོགས“གསལ་ངེས་བྱང་བུ”སྟེང་དུ་འགོད་དགོས། འདི་ནི་ཧའེ་ཡན་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་གསར་གཏོད་བྱས་པའི་བྱ་བའི་བྱེད་ཐབས་ཤིག་རེད། ཧའེ་ཡན་རྫོང་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་འགན་བཅོལ་ཁོངས་གཏོགས་ཀྱི་འདྲི་རྟོག་དང་འཕྲོད་བསྟེན་བདེ་ཐང་སྡེ་ཁག་གི་ཁྱིམ་ཚང་སྨན་པ་དང་གན་རྒྱ་བཞག་པའི་རྩིས་ཐོར་ཞིབ་བསྡུར་བྱེད་པ་བརྒྱུད་ནས། མི་སྣ་རྩ་འཛུགས་བྱས་ཏེ་རྫོང་ཡོངས་ཀྱི་སྒོ་བསྟེན་གྱི་དལ་གཤིས་ནད་དང་ནད་རིགས་གཉིས་ཀྱི་ནད་པ་རེ་རེར་ཞིབ་བསྡུར་བྱས་ཏེ། སྒོ་བསྟེན་གྱི་དལ་གཤིས་ནད་དང་ནད་རིགས་གཉིས་ཀྱི་ཁོངས་གཏོགས་ལ“གསལ་ངེས་བྱང་བུ”ཞིབ་མོར་བཟོས་ཏེ་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱས།

2021ལོ་ནས2023ལོའི་བར་ཧའེ་ཡན་རྫོང་གིས་རིམ་བསགས་ཀྱིས་དམར་མདོག་རིམ་པའི(སྒོར་ཁྲི5ཡི་ཡན)མི་ཐེངས75དང་། སེར་མདོག་རིམ་པའི(སྒོར་ཁྲི2ཀྱི་ཡན)མི་ཐེངས133། སྔོ་མདོག་རིམ་པའི(སྒོར་ཁྲི1གི་ཡན)མི་ཐེངས218བཅས་ལ་ལྟ་ཞིབ་ཚད་ལེན་བྱས། ཕྱིར་ལྡོག་བྱས་པ་བརྒྱུད། དེའི་ནང་གི་མི19དམངས་སྲིད་ཀྱི་མ་མཐའི་འགན་བཅོལ་ནང་དུ་བཞག་པ་དང་། དམར་མདོག་ལྟ་ཞིབ་ཚད་ལེན་བྱ་ཡུལ་ལ་དམངས་སྲིད་ཀྱི་སྐབས་ཐོག་སྐྱོབ་རོགས་ཀྱི་མ་དངུལ་བསྡོམས་པས་སྒོར་ཁྲི14.32ཐོབ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།