ཀྲུང་གོ་བོད་ཀྱི་དྲ་བ།

གངས་རིའི་འདབས་ཀྱི“གནམ་གྱི་ཕྱེད་ཀ”

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2024-01-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྩོམ་སྒྲིག་པའི་གཏམ།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཞང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་སྔོན་འགྲོ་དང་འབྲོག་པའི་ཡོང་སྒོ་སྤར་བ་དམིགས་འབེན་བྱས་ཏེ། “སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང+ཁྱིམ་ཚང་ཕྱུགས་ར”ཡི་མཉམ་ལས་གཉེར་སྐྱོང་བྱེད་སྟངས་ཚོད་ལྟའི་ཚུལ་དུ་སྤེལ་བས། འབྲོག་པ་མང་ཚོགས་ཀྱི་ཕྱུགས་ཟོག་འཚོ་སྐྱོང་ཐད་གཅིག་གྱུར་གཉེར་སྐྱོང་དང་ཚན་རིག་ལྟར་དོ་དམ། ཕྱུགས་ལས་ཐོན་རྫས་གཅིག་གྱུར་ཕྱིར་བཙོང་ལག་བསྟར་བྱས་པ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི་འཕེལ་རྒྱས་དང་གཉེར་སྐྱོང་བྱེད་སྟངས་མགྱོགས་པོར་བསྒྱུར་ནས་ཕྱུགས་ཟོག་འཚོ་སྟངས་སྣ་རྐྱང་དང་རྩྭ་ཕྱུགས་དོ་སྙོམས་མིན་པ། ཐོན་ལས་གཞི་ཁྱོན་ཅན་དུ་འགྱུར་མི་ཐུབ་པ། ཕྱིར་བཙོང་གི་ཐབས་ལམ་དོག་པ་སོགས་ཀྱི་གནད་དོན་མང་པོ་ཐག་གིས་བཅད། འགན་འཁུར་པས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལྟའི་གངས་རི་ཞང་གི2023ལོའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་སྒོར་ཁྲི30ལྷག་ལ་སླེབས་པ་དང་། མཉམ་ལས་ཁང་དང་ཁྱིམ་ཚང་ཕྱུགས་ར་རེའི་ཡོང་སྒོའང་སྒོར་ཁྲི1ལྷག་ལ་སླེབས་ནས་མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་གྱི་ལམ་ཁ་ཇེ་ཡངས་ནས་ཇེ་ཡངས་སུ་འགྲོ་བཞིན་ཡོད།

གངས་རི་ཞང་གི་གཡོན་ཁོག་ཆུ་སྡེ་བའི་རུ་གསར་འབྲོག་དམངས་མཉམ་ལས་ཁང་ཡང་དེའི་ཁྲོད་ཀྱི་གཅིག་ཡིན་ལ། ཉེ་ལམ་རུ་གསར་འབྲོག་དམངས་མཉམ་ལས་ཁང་དུ་བཅར་འདྲི་བྱས་པ་ཡིན།

དགུན་ཁའི་ཨ་མྱེས་རྨ་ཆེན་གངས་རི་དངུལ་གྱིས་ཡོངས་སུ་གཡོགས་པ་དང་མཚུངས། གངས་རིའི་འདབས་དང་བར་ཐག་མི་རིང་པའི་རྨ་ཆེན་རྫོང་གངས་རི་ཞང་གཡོན་ཁོག་ཆུ་སྡེ་བ་རུ་སྐྱེས་མ་འགའ་མཉམ་དུ་འདུས་ཤིང་ཁ་བརྡ་བྱེད་ཞོར་དུ་བལ་གདན་ལས་བཞིན་འདུག དུས་ཚོད་མང་པོ་མ་འགོར་བར་བསལ་ཡོད་པའི་ལུག་བལ་ནི་ཡོ་བྱད་ཀྱི་འཁོར་རྒྱུག་ཁྲོད་བལ་གྱི་རྩེད་ཆས་སྣ་ཚོགས་སུ་གྱུར། འདི་ལྟ་བུའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་པ་ནི་ཡུལ་འདིའི་བུད་མེད་རྣམས་ཀྱི་དུས་ཚོད་གཏོང་སྤྱད་ཀྱི་རྩེད་མོ་ལྟ་བུ་ཞིག་ཡིན་པ་མ་ཟད། ཁོ་མོ་ཚོའི་ཡོང་འཕར་ཕྱུག་འགྱུར་གྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱང་ཡིན།

གངས་རི་ཞང་གཡོན་ཁོག་ཆུ་སྡེ་བ་རུ་ངེས་པར་གླེང་དགོས་པ་ཞིག་ནི་མཉམ་ལས་ཁང་སྟེ་རྨ་ཆེན་རྫོང་གངས་རི་ཞང་གཡོན་ཁོག་ཆུ་སྡེ་བའི་རུ་གསར་འབྲོག་དམངས་ཆེད་ལས་མཉམ་ལས་ཁང་རེད། རུ་གསར་འབྲོག་དམངས་མཉམ་ལས་ཁང2013ལོར་བཙུགས། བཙུགས་མ་ཐག་པའི་མཉམ་ལས་ཁང་གིས་གཙོ་བོ་འོ་མ་དང་ཞོ། སྐམས་ཤ་སོགས་ཀྱི་ཕྱུགས་ལས་ཐོན་རྫས་འཚོང་བ་རེད། 2019ལོའི་ཚུན་ནས། མཉམ་ལས་ཁང་གིས་ས་གནས་ཀྱི་ཁྱད་ལྡན་ཐོན་ཁུངས་དང་ཡུལ་སྐོར་ཐོན་ལས་ལ་བརྟེན་པ་དང་། མི་རིགས་རིག་གནས་ཀྱི་སྔོག་འདོན་ཤུགས་ཚད་ཇེ་ཆེར་གཏོང་བ། ཁྱད་ལྡན་ཟོང་རྟགས་བསྐྲུན་པ། རིག་གནས་ཡུལ་སྐོར་དང་འབྲེལ་བའི་ཐོན་རྫས་གསར་སྤེལ་དང་བཟོ་བ་གཙོ་བོར་འཛིན་པ། ལུག་བལ་ནོར་ཁུལ་གྱི་སྲོལ་རྒྱུན་ལག་ཤེས་མཁོ་ཆས་དང་ལག་ཤེས་གཙགས་དྲུབ་སོགས་ཀྱི་ཐོན་རྫས་གསར་གཏོད་བྱེད་པར་མ་ཟད། ལུག་བལ་ནོར་ཁུལ་ཕྱིར་བཙོང་དང་ལག་རྩལ་གསོ་སྦྱོང་། ལག་རྩལ་བརྗེ་རེས་དང་འདྲི་རྟོག་ཞབས་ཞུ། ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་སོགས་ཀྱི་བྱ་བའང་སྒྲུབ་བཞིན་ཡོད།

སྔོན་ཆད་ཀྱི་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་ནས་རྗེས་ཕྱོགས་ཀྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་བཟོ་བའི་བར་གྱི་འགྱུར་ལྡོག་ཚང་མ་མཉམ་ལས་ཁང་གི་འགན་འཁུར་པ་སྒྲོལ་མ་སྐྱིད་ནས་བྱུང་བ་རེད། ཡུལ་དེ་ནས་སྐྱེས་ཤིང་འཚར་ལོངས་བྱུང་བའི་གངས་རིའི་བུ་མོ་སྒྲོལ་མ་སྐྱིད་ཀྱིས་ཕ་མེས་ཡང་མེས་ཀྱི་འཚོ་བ་རོལ་སའི་ས་གཞི་དང་ལས་ལ་བརྩོན་པའི་བུད་མེད་རྣམས་ལ་བརྟེན་ནས་ནོར་ལུག་གི་ལུས་སྟེང་ནས་ཡོང་འབབ་མང་པོ་ཞིག་ལེན་ཤེས་པར་གྱུར། དེ་ནས་སྒྲོལ་མ་སྐྱིད་ཀྱི་སེམས་སུ་སྦྲུམ་པའི་འདུན་མ་སྟེ། ཡུལ་འདིའི་སྐྱེས་མ་རྣམས་ལ་བྱ་བ་ཞིག་སྒྲུབ་པ་དང་། རང་ཡུལ་གྱི་ཁྱད་ལྡན་ཐོན་རྫས་བསྐྲུན་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སྔར་བས་ཕན་བདེ་བསྐྲུན་ཐུབ་ན་ཅི་མ་རུང་སྙམ་པ་དེ་རེད།

“ལུག་བལ་དང་ནོར་ཁུལ་གྱི་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་ན་རང་ཡུལ་ནས་རྒྱུ་ཆ་སྡུད་ཐུབ་པར་མ་ཟད་སྡེ་བའི་ནང་གི་སྐྱེས་མ་རྣམས་ལ་མཚོན་ནས་བཤད་ནའང་ལག་ཏུ་ཐོན་སླ། འཕེལ་རྒྱས་ཀྱི་ཁ་ཕྱོགས་གཏན་འབེབས་བྱས་རྗེས། ང་དང་མཉམ་ལས་ཁང་གི་ལས་གྲོགས་ཚོ་ཁུལ་དང་རྫོང་རིམ་པའི་རིག་གནས་ཡུལ་སྐོར་ཅུས་ཀྱི་ལས་གཉེར་མི་སྣས་ཁྲིད་དེ་ཐེངས་དང་པོ་ཧྲང་ཧའེ་རུ་སོང་སྟེ། ཧྲང་ཧའེ་སློབ་ཆེན་དང་ཧྲང་ཧའེ་མཛེས་རྩལ་སློབ་གླིང་སོགས་ནས་ལག་ཤེས་སྒྱུ་རྩལ་ཐོན་རྫས་ལས་པའི་ཕྱོགས་ཀྱི་གསོ་སྦྱོང་དང་ལེན་བྱས་པ་ཡིན”ཞེས་སྒྲོལ་མ་སྐྱིད་ཀྱིས་དེ་ལྟར་བཤད། ཐེངས་དེར་ཧྲང་ཧའེ་རུ་སོང་བ་ལས་ཁོ་མོར་ཕན་ཆེན་པོ་ཐོགས། དེ་ལས་ཁོ་མོར་མཉམ་ལས་ཁང་ལ་སྣེ་ཁྲིད་དེ་ཕྱི་རུ་བསྐྱོད་འདོད་ཀྱི་འདུན་མ་དྲག་པོ་སྐྱེས་སུ་བཅུག་པ་དང་མཉམ་དུ། འབྲེལ་ཡོད་སྡེ་ཁག་གིས་ཀྱང་མཉམ་ལས་ཁང་ལ་འོས་འཚམ་གྱི་ལས་སྣོན་ཁེ་ལས་ཤིག་བཙལ་རོགས་བྱས།

སྲོལ་རྒྱུན་གྱི་ལས་སྣོན་བྱེད་ཐབས་དེ་དེང་རབས་ལས་སྣོན་གྱི་བྱེད་ཐབས་སུ་ཇི་ལྟར་ཟུང་འབྲེལ་བྱེད་པ་དང་། ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱི་སྤུས་ཀ་ཇི་ལྟར་མཐོར་འདེགས་བྱེད་པ་སོགས་ལ་དམིགས་ནས་གསོ་སྦྱོང་སློབ་ཐུན་རེ་རེ་བཞིན་བྱས་པ་བརྒྱུད་གཡོན་ཁོག་ཆུ་སྡེ་བའི་སྐྱེས་མ་རྣམས་ཀྱིས་རིམ་གྱིས་ལག་ཤེས་ཀྱི་ཐབས་རྩལ་ཁོང་དུ་ཆུད་པ་དང་མཉམ་དུ་གྲངས་འབོར་ཇེ་མང་དང་སྤུས་ཀ་ཇེ་དག་ཏུ་གྱུར་བ་དང་། མཉམ་ལས་ཁང་དུ་ད་དུང་ཆེད་དུ་ལག་ཤེས་སྒྱུ་རྩལ་ཐོན་རྫས་ཀྱི་ལས་སྒྲུབ་ཁང་ཞིག་ཀྱང་བཙུགས།

“སྐྱེས་མས་དོན་ངོ་མས་གནམ་ཀྱི་ཕྱེད་ཀ་འདེགས་ནུས”ཞེས་པ་ནི་སྒྲོལ་མ་སྐྱིད་ཀྱིས་ཚང་མས་ཞིབ་མོར་ལས་པའི་ལག་ཤེས་སྒྱུ་རྩལ་ཐོན་རྫས་མཐོང་རྗེས་ཁོ་མོའི་སེམས་སུ་དྲན་པའི་སྐད་ཆ་རེད། དེ་ནས་ཁོ་མོས་ལས་སྒྲུབ་ཁང་གི་མིང་ལ“གནམ་ཀྱི་ཕྱེད་ཀ”བཏགས། ལས་སྒྲུབ་ཁང་དེའི་མིང་དང་འདྲ་བར། ཡུལ་དེའི་སྐྱེས་མ་རྣམས་ཀྱིས་ལས་པའི་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་སྲོལ་རྒྱུན་ལག་ཤེས་སྒྱུ་རྩལ་ཐོན་རྫས་དག་ཚོང་རའི་མིག་དབང་གཏོད་ཡུལ་དུ་གྱུར། ལོ་རེའི་དབྱར་ཁར་གངས་རིར་ཡུལ་སྐོར་དུ་སླེབས་པའི་ཡུལ་སྐོར་པ་རྣམས་ཀྱི་མིག་དབང་ཞིབ་ཚགས་སྤུས་དག་གི་ལག་ཤེས་སྒྱུ་རྩལ་ཐོན་རྫས་འདི་དག་གིས་ཡོངས་སུ་འཕྲོག ལས་སྒྲུབ་ཁང་ཡང་མགོ་ལོག་ཁུལ་གྱི་དམངས་ཁྲོད་རིག་གནས་བཤམས་སྟོན་གླིང་གི་གྲས་སུ་གྱུར་ཏེ། རིག་གནས་ཡུལ་སྐོར་ཐོན་ལས་ལ་གསོན་ཤུགས་གསར་པ་སྦྱིན་ཞིང་འབྲོག་དམངས་ཀྱི་ཡོང་འཕར་ཐད་ནས་རྙེད་པའི་བྱེད་ཐབས་ཤིག་ཏུ་གྱུར།

མིག་སྔར། མཉམ་ལས་ཁང་ལ་བརྟན་འཇགས་ཀྱི་ལག་ཤེས་སྦྱོར་བཟོ་བྱེད་པའི་སྐྱེས་མ་འགའ་ཡོད་པར་མ་ཟད། ཁྱིམ་དུ་འཚེམ་འཐག་བྱེད་པའི་བུད་མེད་འགའ་ཤས་ཀྱང་ཡོད། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ་ཐོན་ལས་འཕེལ་རྒྱས་ལ་ཡར་སྐུལ་བྱས་པ་བརྒྱུད་ནས། མཉམ་ལས་ཁང་གིས་ཡུལ་དེའི་སྐྱེས་མ་མང་པོ་ཞིག་གི་ལས་ཞུགས་ཀྱི་གནད་དོན་ཐག་གིས་བཅད་པ་དང་མཉམ་དུ། མང་ཚོགས་ཀྱི་ཡོང་འཕར་ཕྱུག་འགྱུར་ཐད་ལའང་སྣེ་ཁྲིད་ཡག་པོ་བྱེད་བཞིན་ཡོད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།