ཀྲུང་གོ་བོད་ཀྱི་དྲ་བ།

ཁང་གསར་དུ་སྤོས་པའི་སྤྲོ་སྣང་།

ཡོང་ཁུངས། : ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།     སྤེལ་དུས། : 2016-08-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ལོ་གསུམ་གོང་། ལོ་ལྟར་གྱི་ཆར་ཞོད་སྐབས་ཁྲེང་ཀོན་ཆུས་ཀརྨ་དགོན་གསར་དོན་གཅོད་ཁང་ཡོད་སའི་གཅིག་འཛུགས་སྡོད་ཁང་སྐྱོ་ཁུལ་གྱི་མང་ཚོགས་ཀྱིས། ལམ་ལ་ཆར་ཆུ་འཁྱིལ་བ་དང་ཁང་པར་ཐིགས་པ་རྒྱག་པར་སེམས་ཁྲལ་བྱེད་ཀྱི་ཡོད།

གཅིག་འཛུགས་སྡེ་ཁུལ་གྱི་སྡོད་ཁང་སྐྱོ་ཁུལ་ཧྲིལ་པོ་སྒྱུར་བཀོད་བྱས་ནས་ཁང་པ་བརྒྱབ་སྟེ་རྩིས་སྤྲད་པ་ནས་བཟུང་། གཅིག་འཛུགས་སྡེ་ཁུལ་གྱི་མང་ཚོགས་ཚོར་ཆར་ཞོད་སྐབས་སུའང་སེམས་ཁྲལ་གཏན་ནས་མེད། གང་ལགས་ཤེ་ན། སྡེ་ཁུལ་གྱི་འགྲོ་ལམ་གུ་ཡངས་པ་དང་བརྟན་པོ་ཡིན་ལ། སྡོད་ཁང་ཡང་གསར་རྐྱང་ཡིན་པ་སོགས་རྨང་གཞིའི་སྒྲིག་བཀོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས་རེད།

ཀུན་གྱི་བསམ་འཆར་ཉན་པས་། ཚང་མ་སྡོད་ཁང་ལ་བློ་ཡིད་ཚིམས་པ་།

སྒྱུར་བཀོད་ཟིན་པའི་གཅིག་འཛུགས་སྡོད་ཁང་སྐྱོ་ཁུལ་དུ་བསྐྱོད་པ་ན། ཐོག་བརྩེགས་ཁང་པ་སྟར་པ་རེ་རེ་པིར་ཁ་འཁྱུག་པའི་མཛེས་རིས་དང་འདྲ་ཞིང་། ཐོག་བརྩེགས་གསུམ་ལྡན་གྱི་ཁང་པའི་ཕྱི་ཡི་བཀོད་པ་དང་ནང་གི་ཇུས་འགོད་གང་ཐད་ནས་ཀྱང་བོད་ཀྱི་ཁྱད་ཆོས་མངོན་པ་དང་། ཐོག་ཁང་གི་བར་ཐག་ཆེ་ལ། ཁང་པར་དཀར་ཆ་ཆེ་བ་མ་ཟད་ཉི་གཡབ་ཀྱང་བརྒྱབ་ཡོད་པ་རེད།

གཞན་ཡང་། རྣམ་གྲངས་ཇུས་འགོད་ཀྱི་ཚད་གཞི་རྩེ་གྲར་སླེབས་ཆེད། ཁྲེང་ཀོན་ཆུས་ཀྱིས་རྒྱལ་ནང་གི་རྩེ་རིམ་ཇུས་འགོད་ཚན་པ་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭའི་ཇུས་འགོད་ནང་གདན་དྲངས་པ་མ་ཟད། གྲོང་མི་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཐེངས་མང་ཉན་པ་རེད། སྡོད་ཁང་གསར་པའི་བགོ་འགྲེམས་ཟླ་6ཚེས་27ཉིན་གྱི་ཕྱི་དྲོར་དངོས་སུ་འགོ་ཚུགས་ནས་ད་ཆ་མཇུག་འགྲིལ་བ་དང་། གྲོང་མི་མང་ཚོགས་ཐེམ་དུད་380སྡོད་ཁང་གསར་པར་སྤོས་པ་རེད།

ཕྱི་གསལ་ནང་གསལ་བྱུང་བས་། གྲོང་མི་བློ་བདེའི་ངང་སྡོད་རྒྱུ་བྱུང་བ་།

ཁང་པ་བགོ་སར་ཁྲེང་ཀོན་ཆུས་ཀྱི་འགོ་ཁྲིད་གོ་གོག་དང་། ཉི་མ་ཡོན་ཏན། རྡོ་རྗེ་གཡུ་རྒྱལ་བཅས་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་ཕེབས་པ་དང་། སྒྲིག་བཤེར་དང་འབྲེལ་ཡོད་བདེན་དཔང་ཚན་པའང་ས་གནས་ས་ཐོག་ཏུ་བརྒྱུད་རིམ་ཧྲིལ་པོར་ལྟ་ཞིབ་བྱེད་པར་བསྐྱོད་ཅིང་། གཅིག་འཛུགས་སྡོད་ཁང་སྐྱོ་ཁུལ་ལ་སྤོ་མཁན་ཚོས་སྔོན་ལ་ཨང་རིམ་དང་རྗེས་སུ་རྒྱན་འཐེན་ནས་རིམ་པ་བཞིན་ཁང་པ་བླངས་པ་རེད།

བཤིག་སྤོའི་ལས་ཀ་མི་འཕྱུགས་པ་ཡོང་ཆེད། དུས་འགོའི་གནས་སྤོའི་གྲ་སྒྲིག་བྱེད་སྐབས། ཁྲེང་ཀོན་ཆུས་ཀྱིས་ལས་དོན་པ་མང་པོ་འཐེན་ནས་དུད་ཚང་མི་རེ་ངོ་རེར་བསྐྱོད་དེ། བཤིག་ཁྱོན་དང་ཆ་འཕྲིན་གཞན་གྱི་སྐོར་བསྡོམས་རྩིས་ཞིབ་ཕྲ་བརྒྱབ་པ་མ་ཟད། དུད་ཚང་ཚང་མར་སྒེར་གྱི་ཡིག་ཚགས་ཀྱང་བཟོས། དེ་ནས་ཁྲེང་ཀོན་ཆུས་ཀྱིས་སྡོད་ཁང་སྐྱོ་ཁུལ་གྱི་དོན་དངོས་ལ་གཞིགས་ནས། གྲོང་མིའི་བསམ་འཆར་ཐེངས་མང་ཉན་རྗེས《ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གཅིག་འཛུགས་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ལས་གྲྭའི་གནས་སྤོས་བཀོད་སྒྲིག་སྲིད་ཇུས》བཟོས་པ་དང་འབྲེལ། 《སྲིད་ཇུས》ལ་གཞིགས་ནས་གྲོང་མི་མང་ཚོགས་ཀྱི་གནས་སྤོ་དང་ཁང་པ་བཤིག་སྤོའི་ལས་ཀ་ལེགས་སྒྲུབ་བྱས་པ་རེད།

སྡོད་ཁང་སྐྱོ་ཁུལ་འགྱུར་ལྡོག་བྱུང་བས་། གྲོང་མིའི་འཚོ་བ་ཉིན་བཞིན་ཡག་ཏུ་སོང་བ་།

ས་མཐོར་དབྱར་ཁ་ནི་ལོ་གཅིག་དུས་བཞིའི་ནང་དུས་ཚོད་ཡག་ཤོས་ཡིན་མོད། འོན་ཀྱང་ལོ་གསུམ་གོང་། ལོ་ལྟར་དབྱར་ཁར་ཆར་ཞོད་ཚུགས་རིམ་བཞིན་གཅིག་འཛུགས་སྡེ་ཁུལ་གྱི་གྲོང་མི་རྣམས་བྲེལ་བ་ཆེ་བའི་སྒང་རེད།

གཅིག་འཛུགས་སྡེ་ཁུལ་དུ་ལོ་བཅུ་གསུམ་བསྡད་པའི་ཕུན་ཚོགས་སྒྲོལ་མས“གཅིག་འཛུགས་སྡོད་ཁང་སྐྱོ་ཁུལ་གྱི་འགྱུར་ལྡོག་མངོན་སུམ་མཐོང་བྱུང་། སྒྱུར་བཀོད་མ་བྱས་གོང་སྡོད་ཁང་སྐྱོ་ཁུལ་གྱི་ཡུལ་མི་ཚང་མས་ཕྱིར་འགྲོ་སྐྱོད་མི་བདེ་བའི་སེམས་ཁྲལ་བྱེད་ལ། ལྷག་པར་དུ་ཆར་ཞོད་ཆེ་བའི་སྐབས། ལམ་གང་སར་ཆུ་འཁྱིལ་བས་བུ་ཕྲུག་སློབ་གྲྭར་ཕར་སྐྱེལ་ཚུར་བསུ་བྱེད་པར་རླངས་འཁོར་གླས་ནས་འགྲོ་རྒྱུ་ལས་མ་འདས། ཆུ་ཆེན་པོ་འཁྱིལ་བའི་སྐབས་ས་ཕག་བཏིངས་ནས་འགྲོ་དགོས་པས། ངེས་པར་དུ་ཕྱི་རོལ་དུ་འགྲོ་དགོས་བྱུང་ན་མ་གཏོགས་ཕྱི་རུ་འགྲོ་གི་མེད། ཡིན་ནའང་ད་ཆ་ཨར་འདམ་ལམ་དང་། ཆུ་ཀ་ལ། ས་འོག་ཆུ་འགྲོ། སྔོ་ལྗང་། ལམ་སྒྲོན་སོགས་རྨང་གཞིའི་སྒྲིག་བཀོད་ཚང་མ་ཆ་ཚང་བས། དེ་ནི་སྔོན་མ་ཡིན་ན་བསམ་པའི་ཡུལ་དུའང་འཁོར་མི་སྲིད”ཅེས་བཤད།།

རྩོམ་སྒྲིག་པ། : རྡོ་རྗེ་སྐྱིད།