སྦས་ཡུལ་པདྨ་བཀོད་པའི་ཞིང་དུ་བསྐྱོད་པ།

བདག་དབུས་མཇལ་གྱི་ལམ་དུ་ཆོས་གྲོགས་འགའ་དང་མཉམ་དུ་རང་བྱུང་མཛེས་སྡུག་གི་བཀོད་པ་ལྷུན་གྱིས་གྲུབ་པའི་གནས་མཆོག་སྤོ་བོའི་ཡུལ་དང་མེ་ཏོག་རྫོང་གཉིས་ལ་ཡུལ་སྐོར་དུ་བསྐྱོད་པ་ཡིན། གནའ་བོའི་ཡིག་རྙིང་དུ་སྤོ་བོ་དང་མེ་ཏོག་རྫོང་གི་ཡུལ་འདིར“སྦས་ཡུལ་པདྨ་བཀོད་པའི་ཞིང”དུ་འབོད་ལ། སློབ་དཔོན་རིན་པོ་ཆེ་ཨུ་རྒྱན་པདྨའི་གནས་སྦས་ལུང་པདྨ་བཀོད་ཆེན་ཞེས་པ་ཡང་ཡུལ་འདི་ཕྱོགས་སུ་ངོས་འཛིན་པར་མ་ཟད། ལོ་རྒྱུས་ཀྱི་བྱུང་བ་ངོ་མཚར་ཅན་དང་མིང་གྲགས་ཅན་གྱི་གངས་རི་སོགས་ཀྱང་ཤིན་ཏུ་མང་བས་ཡུལ་གྱི་སྙན་པ་ཕྱོགས་ཀུན་ཁྱབ།

མེ་ཏོག་རྫོང་ལ་བསྐྱོད་པའི་ལམ་བར་གྱི་སྤོ་བོའི་ཡུལ་ལྗོངས་ནི་མཛེས་ཤིང་སྡུག ཡིད་འོང་གི་མཚེའུ་ཆེ་ཆུང་དུ་མ་སྔོ་དྭངས་ངེར་འཁྱིལ་ཞིང་། མཐོ་ཞིང་བརྗིད་པའི་རི་རྒྱལ་ལྷུན་པོར་སྟོན་གྱི་དུས་ཚིགས་ཀྱི་སེར་མདངས་རྣམ་པར་བཀྲ་ལ། གནས་བསྟོད་འཁྱགས་རོམ་མཛེས་ལྗོངས་ཀྱི་གངས་རི་བརྗིད་ཅིང་མཛེས། ཁམ་བུ་སོགས་འབྲས་ལྡན་ཤིང་གི་ནགས་ཚལ་གྱིས་རི་ལུང་ཁེབས་ཤིང་བྱ་དང་བྱེའུས་སྐད་སྙན་བར་མེད་དུ་སྒྲོག་པ་སོགས་ཀྱིས་ཡིད་ལ་སྤྲོ་སྣང་ཟད་མི་ཤེས་པ་སྟེར། ལོ་རེའི་བོད་ཟླ་གཉིས་པ་ནས་གསུམ་པའི་བར་ནི་སྤོ་བོའི་ཡུལ་དུ་ཁམ་བུའི་མེ་ཏོག་རྣམ་པར་བཞད་པའི་དུས་སུ་ལྷགས་ཤིང་། རི་ལུང་ཀུན་ཏུ་ཁམ་སྡོང་མེ་ཏོག་རྣམས་ཕན་ཚུན་གཅིག་ལ་གཅིག་འགྲན་པའི་ཚུལ་དུ་འདབ་བརྒྱ་ལྷུག་གེར་གྲོལ་ཏེ། རང་བྱུང་ཁམས་ཆེན་པོར་སྔར་མེད་ཀྱི་མཛེས་སྡུག་གསར་པ་ཞིག་བསྣན་འདུག

སྔ་དྲོའི་དུས་ཚོད་བཅུ་གཅིག་གི་སྟེང་ང་ཚོ་སྤོ་བོ་རྫོང་མཁར་ལ་འབྱོར། སྤོ་བོ་རྫོང་གི་ཕྱི་རོལ་གྱི་སྒོ་ཆེན་ངོས་སུ“པུར་རྒྱལ་གྱི་འཁྲུངས་ཡུལ”ཞེས་པའི་ཡིག་འབྲུ་ཆེན་པོ་ལྔ་བྲིས་ཡོད་པ་མིག་ལ་མངོན་དུས། གཞི་ནས་ཡུལ་འདི་བོད་ཀྱི་ལོ་རྒྱུས་སྟེང་གི་རྗེ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དྲན་བྱུང་། བོད་བཙན་པོའི་རྒྱལ་རབས་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ཡུལ་གང་ནས་བྱོན་ཚུལ་ཐད་ལ་ལོ་རྒྱུས་ཐོག་བཞེད་པ་མི་མཐུན་པ་ཡོད་ཀྱང་། དུས་རབས་བཅུ་གཉིས་པའི་ནང་སྟེ་སྤྱི་ལོ1174ལོར་མཁས་པ་ལྡེའུས་བརྩམས་པའི《ལྡེའུ་ཆོས་འབྱུང》དང་། ལྕང་གླང་བ་རོལ་པའི་རྡོ་རྗེས་མཛད་པའི《ཡུམ་བུ་བླ་སྒང་གི་དཀར་ཆག》སོགས་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་དང་ཆེས་གནའ་དུས་ནས་ཡོད་པའི་བོད་རང་གི་བཤད་ཚུལ་ལ། བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོའི་འཁྲུངས་ས་ནི། ཡུལ་སྤོ་བོའི་ཡུལ་ནས་བྱ་མོ་བཙུན་ཟེར་བའི་བུད་མེད་ཅིག་ལ་ཐེའུ་བྲང་བུ་སྤུན་དགུ་སྐྱེས་པའི་ཆུང་མཐའ་ཨུ་བེ་ར་བྱ་བའི་བཞིན་གྱི་དཀྱིལ་འཁོར་ལེགས་ཤིང་། མཐུ་ཤིན་ཏུ་ཆེ་བ་ཞིག་བྱུང་བ་ཡུལ་མི་ཀུན་གྱིས་མཐར་སྤྱུགས། ཕྱིས་ཡར་ཀླུང་དུ་ཕེབས་པར་བོད་པ་རྣམས་ཀྱིས་རྗེ་བོར་བསྐོས་ཏེ་པུར་རྒྱལ་བཙན་པོའི་རྒྱལ་རབས་ཐོག་མ་བཙུགས་པར་བཤད། དེང་གི་སྤོ་བོ་རྫོང་ནས་བྱང་ཕྱོགས་སུ་སྤྱི་ལེ་སུམ་ཅུ་ཙམ་བསྐྱོད་པ་ན་ཆུ་མདོ་སྡེ་ཤོག་ཟེར་བ་ཡོད་ལ། དེ་ན་བྱ་མོ་ཁ་ཟེར་བའི་སྡེ་བ་ཆུང་ངུ་ཞིག་ཡོད་པ་དེ་ནི་རྗེ་གཉའ་ཁྲི་བཙན་པོའི་འཁྲུངས་ཡུལ་ཡིན་པ་དང་། སྡེ་མིང“བྱ་མོ་ཁ”ཟེར་བ་ནི་གཉའ་ཁྲི་བཙན་པོའི་མ་ཡུམ་གྱི་མིང་ཡིན་པའི་བཤད་སྲོལ་མཆིས།

བོད་རྗེ་གཉའ་ཁྲི་བཙན་པོའི་ཕ་ཡུལ་དུ་འབོད་པའི་སྤོ་བོའི་ཡུལ་འདིར་སླེབས་དུས། གནམ་ངོ་སྤྲིན་པས་བསྒྲིབས་ཤིང་ཆར་བ་ཟམ་ཟིམ་དུ་བབས། བདག་ལ་སེམས་ཚོར་ཁྱད་པར་བ་ཞིག་དང་ལོ་རྒྱུས་ཀྱི་དྲན་པ་མང་པོ་སྐྱེས་སུ་བཅུག སྤོ་བོ་རྫོང་མཁར་ནི་ལུང་པ་གུ་དོག་ལ་ཕུ་རིང་བ་ཞིག་ཏུ་ཆགས་ཤིང་། རང་བྱུང་གི་ཤིང་རིགས་སྣ་ཚོགས་ཀྱིས་བརྒྱན་ཞིང་ལུང་པའི་ཕུ་མདའ་བར་གསུམ་ན་གཙང་ཆུ་ལྷུང་ལྷུང་གིས་འབབ། གཡང་གཟར་མང་ཞིང་ཡུལ་ལྗོངས་མཛེས། རི་བོའི་དབུ་ཐོད་གངས་ཀྱིས་བཟུང་ཞིང་རི་རྐེད་སྨུག་སྤྲིན་གྱིས་གཡོགས་པས་མི་ཡུལ་གྱི་ཆེས་མཛེས་སྡུག་གི་ཡུལ་གྲུ་ཞིག་ཏུ་མཐོང་། གཏེར་སྟོན་འཇའ་ཚོན་སྙིང་པོས་གུ་རུའི་སྒྲུབ་གནས་ཀོང་རོང་ཕུག་ནས་བཏོན་པའི《སྦས་ཡུལ་པདྨ་བཀོད་ཀྱི་ལམ་ཡིག》ལས། “སྦས་ལུང་བཅུ་དྲུག་ནང་ནས་པདྨོ་བཀོད་ཆེན་འདི༔”ཞེས་སྦས་ལུང་བཅུ་དྲུག་ལས་པདྨ་བཀོད་ཆེན་དུ་བཤད་ལ། བཙན་པོ་སྐུ་ཕྲེང་བཞི་པ་བསྟན་འཛིན་འཕྲིན་ལས་ཀྱི《འཛམ་གླིང་རྒྱས་བཤད》ལས། “ཀོང་པོའི་ཡུལ་ནས་ཤར་དུ་ལ་ཆེན་པོ་ཞིག་བརྒྱབ་སྟེ་སོང་བ་ན་ཁམས་སྟོད་ལྷོ་རྒྱུད་ཀྱི་ཆར་གཏོགས་སྤོ་བོའི་ཡུལ་ཟེར་བ་ཡོད། ཡུལ་དེ་ནི་གླིང་རྗེའི་སྒྲུང་ལས། བར་ཟུག་ཨསྟའི་རོང་ལ་ཟུག ཅེས་པའི་ཨསྟའི་རོང་ཡིན་ཚོད་འདུག ཡུལ་དེར་ཨུ་རྒྱན་པདྨའི་སྦས་ལུང་གནས་པདྨ་བཀོད་ཆེན་ཡིན་ཟེར་བ་སོགས་གནས་ཡ་མཚན་ཅན་འགའ་རེ་དང་། སྤོ་བོ་ཆུ་མདའ་དགོན་སོགས་དགེ་ལུགས་དང་། རྙིང་མའི་དགོན་པ་ཡང་མང་ཙམ་དང་། སྡེ་པ་ཀ་ནམ་ཟེར་བའི་རྒྱལ་ཕྲན་རང་མགོ་ཐོན་པ་ཞིག་ཀྱང་ཡོད”ཅེས་ཡུལ་འདི་ཁམས་སྟོད་ལྷོ་རྒྱུད་ཀྱི་ཆར་གཏོགས་པ་དང་། ཨུ་རྒྱན་པདྨའི་གནས་སྦས་ལུང་པདྨ་བཀོད་ཆེན་དང་། སྔོན་ལོ་རྒྱུས་ཐོག་ས་ཁུལ་འདིའི་ཚོ་དཔོན་ལ་ཀཿགནམ་སྡེ་པའམ་ཀཿགནམ་རྒྱལ་པོ་ཟེར་བའི་བོད་ཀྱི་རྒྱལ་ཕྲན་ཞིག་ཆགས། ཀཿགནམ་རྒྱལ་པོའི་མངའ་ཁོངས་ལ་སྤོ་ལུང་མ་བུ་དྲུག་དང༌། མོན་ཚོ་ཁག་ལྔ། ལྷོ་གྲྭ་དཀར་ནག་སོགས་འདུས། སྤྱི་ལོ1928ལོར་ཡུལ་འདིའི་སྤོ་བོ་ཀཿགནམ་སྡེ་བ་བདུད་འདུལ་གྱིས་བོད་སྡེ་བ་གཞུང་ལ་ངོ་རྒོལ་ཟིང་འཁྲུག་བསླངས། ལོ་རྗེས་མར་རྒྱ་གར་དུ་བྲོས་ནས་དབྱིན་ཇིར་མགོ་བཏགས་ཞུས་པའི་ལོ་རྒྱུས་སྣང་།

སྤོ་བོ་རྫོང་མཁར་ནས་དྲོས་ཇ་འཐུང་རྗེས། རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་ན་ཆགས་པའི་ཉིང་ཁྲི་མེ་ཏོག་རྫོང་གི་ཕྱོགས་ལ་མུ་མཐུད་དུ་བསྐྱོད། དུས་ཚོད་གཅིག་ཙམ་བསྐྱོད་མཐར་མེ་ཏོག་རྫོང་གི་ས་མཚམས་སུ་སླེབས། སྒོ་བྱང་ངོས་སུ“པདྨའི་གནས་མཆོག་མེ་ཏོག”ཅེས་བྲིས་འདུག ཉེན་རྟོག་པས་ཞིབ་བཤེར་གནང་བར་ང་ཚོས་རྒྱལ་མཚམས་ཀྱི་ཆོག་མཆན་ཡི་གེ་སོགས་བསྟན་པས་སྔར་བཞིན་འགྲོ་རུ་བཅུག

མེ་ཏོག་རྫོང་ལ་བསྐྱོད་པའི་གཞུང་ལམ་ནི་ནགས་རྫོབ་ཤིན་ཏུ་སྟུག་པའི་ལུང་པ་ཆེན་པོའི་མཐིལ་ནས་ཐུར་དུ་འཐེན་ལ། ལམ་བར་གྱི་རི་ཀླུང་མཐོ་ཞིང་གཟར། ལུང་མཐིལ་དང་རི་བོའི་རྐེད་པ་སོགས་ནས་གཙང་ཆབ་མང་པོ་ཆིལ་ཆིལ་གྱི་སྒྲ་དང་བཅས་འབབ། ལྷ་ཤིང་ཤུག་པ་དང་གསོམ་པ། ཨ་གར་སོགས་རིགས་མི་གཅིག་པའི་ལྗོན་པའི་ཚོགས་དགུང་ལ་བསྙེགས། ལམ་འགྲམ་སོགས་སུ་མེ་ཏོག་མང་པོའི་འདབ་བརྒྱ་ལྷུག་པོར་གྲོལ་ཞིང་། ལྷག་པར་ཆུ་བོ་ཆེན་པོ་རྫ་རྐེད་དང་བྲག་རོང་ནས་འབབ་པ་ནི་ངོ་མཚར་བའི་ལྟད་མོ་ཞིག་ཏུ་མཐོང་། བདག་གིས་སྐབས་དེའི་སྣང་ཚུལ་མཚོན་པའི་སྙན་ངག་ཅིག་བྲིས་པ་ནི་འདི་ལྟར།

ཨེ་མ་ལྷུན་པོས་སྨུག་སྤྲིན་རྐེད་རགས་བཅིངས། །

ཚང་ཚིང་ནགས་མས་སྔོ་ལྗང་སྨད་གཡོགས་མནབས། །

གཙང་ཆབ་སྔོན་མོས་ལྷུང་ལྷུང་སྙན་དབྱངས་སྒྲོག །

མཛེས་ལྡན་ཉིང་ཁྲིའི་མེ་ཏོག་རྫོང་འདི་རྨད། །

སྦས་ཡུལ་པདྨ་བཀོད་ཀྱི་ལམ་ཡིག་ལས། །

ཡུལ་འདི་སྦས་ལུང་བཅུ་དྲུག་ནང་ཚན་ལས། །

པདྨོ་བཀོད་ཆེན་ཡུལ་ཞེས་སྔོན་བྱོན་གྱི། །

རིག་བྱེད་སྨྲ་བའི་ངག་ན་རབ་ཏུ་གྲགས། །

གྱ་གྱུའི་མུ་འབྲེལ་གཞུང་ལམ་རིང་མོ་དེ། །

ནགས་མའི་གསེབ་ནས་དམའ་བའི་གཞོང་ལ་འཐེན། །

ལམ་འགྲམ་མེ་ཏོག་དྲི་བསུང་འཁྱོར་ཚུལ་གྱིས། །

ཐག་རིང་མགྲོན་པོའི་གདོང་ལ་སྤྲོ་སྣང་བྱུགས། །

སྔོ་ལྗང་ནགས་ཀྱིས་བརྒྱན་པའི་རི་བོའི་རྩེར། །

ངོ་མཚར་ཆུ་འཛིན་ཕང་ཕུང་རབ་ཏུ་འཁྲིགས། །

རི་བོའི་ཟོམ་ནས་འབབ་པའི་རྦབ་ཆུ་ཉིད། །

དབྱིངས་ནས་དར་དཀར་འཕྱར་བཞིན་སྙིང་དུ་སྡུག །

ནགས་ཁྲོད་འབབ་ཆུའི་ཤང་ཤང་སྙན་པའི་སྒྲ། །

རིན་ཆེན་གསེར་དངུལ་རྒྱན་ཆ་འཐབ་དང་མཚུངས། །

བྱ་དང་བྱེའུའི་སྙན་འགྱུར་གསུང་དབྱངས་ཀྱིས། །

ཡུལ་གྱི་སྣང་བའི་དགེ་མཚན་གླུ་རུ་ལེན། །ཞེས་པའོ། །

ལུང་པའི་ནང་བརྒྱུད་ནས་དམའ་སར་སླེབས་དུས་ནགས་ཚལ་སྔར་ལས་ལྗང་ལྡེམ་མེ། གང་སར་ཆུ་དང་གཙང་པོ་ལྷུང་ལྷུང་གིས་འབབ། སྔོ་ཚོད་ཀྱི་རིགས་དང་ངང་ལག་སོགས་ཚ་བའི་ཁུལ་དུ་སྐྱེས་པའི་སྐྱེ་དངོས་སྣ་ཚོགས་མང་དུ་མཆིས། གཞུང་ལམ་འགྲམ་ངོགས་ན་ཡུལ་འདིའི་བོད་པ་མང་པོས་ཡུལ་སྐོར་པ་རྣམས་ལ་ཡུལ་གྱི་ཐོན་རྫས་ཙག་ཙིག་དང་། ངང་ལག་དང་སིལ་ཏོག་གི་རིགས་སོགས་འཚོང་བར་བྱེད། ང་ཚོས་རི་ཁུལ་གྱི་ནགས་ཀློང་གསེབ་ནས་ཐུར་དུ་འཐེན་པའི་གཞུང་ལམ་ཆུང་ངུ་དེ་ཡུན་རིང་བརྒལ་མཐར། དགོང་མོའི་དུས་ཚོད་དགུའི་སྟེང་མེ་ཏོག་རྫོང་མཁར་ལ་འབྱོར། ས་ཡོངས་སུ་རུབ་པས་རྫོང་མཁར་ཆུང་ཆུང་གི་གང་སར་གློག་སྒྲོན་སྣ་ཚོགས་ཁྲ་ཆིལ་ལེ་ཡིད་དུ་འོང་ལ། ཆར་བ་ཆུང་ཆུང་ཞིག་དལ་གྱིས་འབབ། མགྲོན་ཁང་ཡག་ཤོས་ཤིག་བཙལ་ནས་ཞག་སྡོད་བྱས།

མེ་ཏོག་རྫོང་ནི་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། ཡར་ཀླུང་གཙང་པོའི་སྨད་རྒྱུད་དུ་ཆགས་ཤིང་བོད་དང་རྒྱ་གར་གཉིས་ཀྱི་མཐའ་མཚམས་ཀྱི་རྫོང་ཞིག་ཏུ་གྲུབ། ལ་ལས་གཏེར་སྟོན་འཇའ་ཚོན་སྙིང་པོས་གུ་རུའི་སྒྲུབ་གནས་ཀོང་རོང་ཕུག་ནས་བཏོན་པའི《སྦས་ཡུལ་པདྨ་བཀོད་ཀྱི་ལམ་ཡིག》ལས། སྦས་ལུང་བཅུ་དྲུག་གི“པདྨ་བཀོད་ཆེན་གྱི་གནས”ཞེས་པ་ཡུལ་འདི་ཡིན་པར་བཤད། དེང་གི་ཡུལ་སྐོར་པ་མང་པོས་རབ་བརྗིད་ཧི་མ་ལ་ཡའི་རི་རྒྱུད་ན་ཆགས་པའི“གངས་ལྗོངས་ཡུལ་གྱི་ཞི་ཧྲོང་པན་ན”ཞེས་བསྔགས་པ་བརྗོད་ལ། དངོས་གནས་ཡུལ་གྱི་བཀོད་པ་དང་ས་བབ་སོགས་ཀྱིས་ཡུན་ནན་གྱི་ཞི་ཧྲོང་པན་ནར་སླེབས་འདྲའི་སྣང་བ་ཞིག་དབང་མེད་དུ་སྟེར། མདང་དགོང་མེ་ཏོག་རྫོང་ལ་སླེབས་དུས་ས་ཡོངས་སུ་རུབ་པས་རྫོང་མཁར་གྱི་རྣམ་པ་ཅི་འདྲ་ཞིག་ཡིན་པ་མ་མཐོང་མོད། ཞོགས་པའི་དུས་ཀྱི་མེ་ཏོག་རྫོང་མཁར་ནི་མཐའ་བཞི་རི་ཚོགས་ཀྱིས་བསྐོར་བའི་ལུང་ཁོག་ཆེན་པོ་ཞིག་གི་གཤོངས་ན་ཆགས་ཤིང་། ཁོ་ར་ཁོར་ཡུག་དང་རི་ལུང་ཐམས་ཅད་རང་བྱུང་གི་ལྗོན་པའི་ཚོགས་དང་རྩ་དང་རྩི་ཤིང་སྣ་ཚོགས་ཀྱིས་གཡོགས་པས་མཛེས་ཤིང་སྡུག ཚ་བའི་ཁུལ་དུ་སྐྱེས་པའི་ངང་ལག་གི་ཤིང་དང་མ་རྨོས་ལོ་ཏོག ཚ་ལུ་མ། སྔོ་ཚོད་སྣ་ཚོགས་སོགས་སྐྱེ་དངོས་མང་དུ་འདུག་ལ། བོད་པའི་སྡེ་བ་དང་དུད་ཁྱིམ་མང་པོ་ཕར་ཕྱོགས་ཀྱི་རི་བོའི་འདབས་རོལ་དང་གཤོངས་ཁུག་སོགས་ན་ལྷུན་ཆགས་སུ་གནས། གནམ་གཤིས་ཀྱི་དྲོ་ཚད་དང་ས་བབ་དམའ་ལ། རི་ལུང་ཐམས་ཅད་རང་བྱུང་གི་ནགས་ཚལ་སྟུག་པོས་གཡོགས་ཤིང་རི་རྐེད་དང་ལུང་མཐིལ་སོགས་སུ་གཙང་ཆབ་ཆེ་ཆུང་དུ་མ་ལྷུང་ལྷུང་གིས་འབབ་པ། རི་མཐོན་པོའི་རྩེ་མོ་དང་ཟོམ་སོགས་ན་སྤྲིན་དཀར་དང་སྨུག་སྤྲིན་ལང་ལོང་དུ་རྒྱུ་བ་མཐོང་དུས། དགེ་འདུན་ཆོས་འཕེལ་གྱི《གཏམ་རྒྱུད་གསེར་ཐང》ལས“ཧི་མ་ལ་ཡ་སྤྲིན་གྱི་རྒྱ་མཚོ”ཞེས་པ་ཡང་འདི་འདྲའི་ཁྱད་མཚར་གྱི་རྣམ་པ་མཐོང་དུས་བྲིས་པ་ཨེ་ཡིན་ནམ་སྙམ་ལ། ལྷག་པར་རི་བོའི་མཐོ་ས་ནས་འབབ་པའི་རྦབ་ཆུའི་ཚོགས་ནི་དར་དཀར་པོ་དཔྱངས་པ་དང་གཉིས་སུ་མ་མཆིས།

གནས་ཀྱི་ངོ་སྤྲོད་ལས། ཡུལ་འདིར་སྲོག་ཆགས་དང་རྩི་ཤིང་གི་རིགས་ཧ་ཅང་མོད། རྫོང་ཡོངས་ཀྱི་སའི་བརྒྱ་ཆའི་བརྒྱད་ཅུ་ནགས་ཀྱིས་ཁེབས་ཤིང་སྐྱེ་དངོས་རིགས་མི་འདྲ་བ་སུམ་སྟོང་ལྷག་དང་། རྒྱལ་ཁབ་ཀྱི་སྲུང་སྐྱོབ་གྲས་སུ་ཚུད་པའི་སྐྱེ་དངོས་སྣ་ཁ་བརྒྱད་ཅུ་དང་སྲུང་སྐྱོབ་རི་དྭགས་ཀྱི་རིགས་ཞེ་གཉིས་ཙམ་ཡོད་ལ། ཁ་ཟས་ཀྱི་ཐོན་ཁུངས་ལ་ཆུ་འབྲས་དང་མ་རྨོས་ལོ་ཏོག གྲོ་ནས་དང་། ཇ་རིགས་མང་པོ་དང་། ས་བབ་དམའ་ལ་ཆར་ཆུ་འཛོམས་པས་བོད་ཡུལ་གྱི་ས་ཆ་མང་ཆེ་བར་དགུན་ཁའི་དུས་ཚིགས་རིང་ཞིང་དབྱར་ཁ་ནི་དུས་ཡུན་ཐུང་ངུ་ལས་མེད་ཀྱང་། མེ་ཏོག་རྫོང་ནི་དབྱར་ཁའི་དུས་ཚིགས་ཧ་ཅང་རིང་ཞིང་མཛེས་སྡུག་ལྡན་ལ། ལྷག་པར་དཔྱིད་ཀའི་དུས་ཚིགས་ནི་མེ་ཏོག་གི་ཡུལ་གྲུ་ཞིག་ཏུ་གྱུར། སྤྱི་ལོ2013ལོར་མེ་ཏོག་རྫོང་གི་ལམ་ཐིག་ཧྲིལ་པོར་དངོས་སུ་རླངས་འཁོར་བསྐྱོད་ཐུབ་པ་བྱུང་བས་ཡུལ་སྐོར་པ་སྔར་ལས་བར་མ་ཆད་ལ། མེ་ཏོག་རྫོང་ལ་གཞུང་ལམ་ལས་པས་ཀྲུང་གོའི་ལོ་རྒྱུས་སྟེང་རྫོང་མཁར་ལ་གཞུང་ལམ་མེད་པའི་ལོ་རྒྱུས་མཇུག་བསྡུས་པར་བཤད།

རྫོང་མཁར་ཆུང་ཆུང་གི་ཁང་རྩེག་དང་བཟོ་བཀོད་ལ་བོད་དབུས་གཙང་ཡུལ་གྱི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་ཞིང་སྲང་ལམ་ཀུན་ཧ་ཅང་གྲལ་དག་རེད། སྐབས་འདིར་སྟོན་མཇུག་ལ་སླེབས་ཟིན་ཀྱང་མེ་ཏོག་ཁྲ་ལམ་མེ་དང་ལྗོན་པའི་ཚོགས་ཀྱིས་བརྒྱན། མོན་པ་དང་ལྷོ་པའི་ཡུལ་མི་རྣམས་ཀྱིས་ཚོང་ཁང་དག་ཏུ་ཡུལ་གྱི་ཐོན་རྫས་ཉོ་ཚོང་བྱེད། ཐོན་རྫས་ཁྱད་པར་ཅན་རྡོ་ཆས་ཀྱི་དཀར་ཡོལ་དང་སླ་ང་། སྨྱུག་མ་སོགས་ཀྱིས་བཟོས་པའི་ཁྱིམ་ཆས་སྣ་ཚོགས་མཆིས། ཡུལ་འདིའི་གྲོང་ཁྱིམ་མང་ཆེ་བའི་སྡོད་ཁང་ནི་ཉིས་ཐོག་གི་རྣམ་པ་ཅན་ཞབས་སུ་ཤིང་ལེབ་བསྒྲིགས་པ། ཁང་སྟེང་བསྒལ་འཛིང་གི་དབྱིབས་སུ་འདུག བརླན་གཤེར་ཆེ་བས་ཁང་པའི་ཞབས་ཀྱི་མཐིལ་ཤིང་དང་ས་གཉིས་བར་ལ་བར་སྟོང་བཞག་སྟེ་བརླན་འགོག་པར་བྱེད། འདུས་སྡོད་ཀྱི་མི་རིགས་ནི་བོད་པ་ཡིན་པ་སྨོས་མ་དགོས་ཀྱང་། དེང་བོད་པའི་ནང་གསེས་ལ་ཡང་མོན་པ་རིགས་དང་ལྷོ་པ་རིགས་ཞེས་རིགས་གཞན་དུ་ཕྱེ་ནས་འདུག ཁོ་ཚོ་ལ་ཁ་བརྡ་བྱས་དུས་མང་པོས“ང་ཚོ་མོན་པ་དང་ལྷོ་པ་ཡིན”ཟེར་ལ། ཕན་ཚུན་ལ་ཡུལ་སྐད་ཀྱིས་ཁ་བརྡ་བྱེད་པར་ཉན་དུས་གློ་བུར་དུ་ཧ་མི་གོ་ཡང་། དབུས་སྐད་བཤད་ན་བརྡ་འཕྲོད་པར་འདུག ང་ཚོས་ཁོ་ཚོ་ལ་ཀུ་རེ་དང་བདེན་པ་འདྲེས་མའི་གཏམ་གྱིས“ཨ་མདོ་དང་དབུས་པ།ཁམས་པ། མོན་པ་དང་ལྷོ་པ་ཚང་མ་ཆ་རེད། ང་ཚོ་ཚང་མ་བོད་རིགས་རེད”ཅེས་དགོད་ཞོར་དུ་ལབ་པ་ན། ཁོ་ཚོས་ཀྱང་ཡིན་མདོག་གིས་མགོ་བོ་ནང་དུ་གུག་བཞིན“དེ་ག་རང་རེད།དེ་ག་རང་རེད”ཟེར་བཞིན་ལ་ལས་མཐེ་བོང་སྟོན་པར་བྱེད།

དུས་ཚོད་བཞི་ལྷག་གི་རིང་ང་ཚོ་གཏན་འཁེལ་མེད་པར་རྫོང་མཁར་གྱི་གང་སར་མྱུལ། རྫོང་མཁར་གྱི་ཚོང་པ་དང་ལས་རིགས་གཞན་གཉེར་མཁན་མང་ཆེ་བ་མི་རིགས་གཞན་གྱིས་བཟུང་འདུག བོད་པ་ཚོང་གཉེར་མཁན་མང་པོ་མེད་ལ་འགའ་རེས་ཡུལ་འདིའི་ཁྱད་ཆོས་ལྡན་པའི་སྨྱུག་མའི་ཐོན་རྫས་དང་རྡོ་ཡི་དངོས་ཆས་དག་འཚོང་བཞིན་མཆིས། མ་འོངས་པར་ཡུལ་འདི་ལྗོངས་རྒྱུའི་གནས་གྲགས་ཅན་དང་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟ་བས། ཡུལ་འདིའི་བོད་པ་དག་གིས་ཀྱང་སྔ་ས་ནས་རང་ས་རང་གིས་བདག་གཉེར་ལ་འབད་ན་ཅི་མ་རུང་སྙམ་པ་བྱུང་།

ང་ཚོས་རང་རང་ལ་མཁོ་བ་དང་དགའ་བའི་ཡུལ་གྱི་ཚོང་རྫས་དག་ཉོས་ཏེ། ཕྱི་དྲོའི་དུས་ཚོད་གཉིས་ཀྱི་སྟེང་ཕྱིར་ལམ་ལ་ཞུགས། ཁ་སང་གི་མཛེས་པའི་རི་ལམ་བརྒྱུད་ནས་སྤོ་བོའི་ཡུལ་དུ་བསྐྱོད། ལམ་བར་ནས་སྐབས་དེའི་སེམས་ཚོར་མཚོན་པའི་སྙན་ཚིག་འགའ་བྲིས་པ་འདི་ལྟར།

ཕུན་ཚོགས་ནགས་ཚལ་རྒྱས་པའི་བཞི་མདོ་ན། །

པདྨ་རྒྱས་འདྲའི་མེ་ཏོག་རྫོང་མཁར་གང་། །

རབ་མཛེས་སུམ་རྩེན་ཡུལ་གྱི་ཁང་བཟང་ཚོགས། །

ཡུལ་འདིར་བྲོས་ནས་འོང་སྙམ་བརྗིད་དུ་ཆགས། །

ཕྱོགས་བཞིར་ནགས་མའི་རི་བོས་ཡོངས་སུ་བསྐོར། །

ཁོ་ར་ཁོར་ཡུག་དྭངས་གཙང་མཚེའུ་འཁྱིལ། །

རབ་མཛེས་ཁང་བཟང་ལྗོན་པའི་ཚོགས་རྣམས་ནི། །

དྭངས་པའི་ཆུ་ནང་མེ་ལོང་ངོས་བཞིན་འཆར། །

སྡོང་དུམ་ཕྱེད་གཤགས་དུད་ཁྱིམ་ཐར་ཐོར་དང་། །

སྒལ་འཛིང་དབྱིབས་ཅན་གྲོང་སྡེའི་ཆུང་ངུ་དག །

ནགས་མའི་སྤུ་ལོང་རྒྱས་པའི་གཤོངས་སོགས་ན། །

དཀར་ཆ་དང་བཅས་བཀོད་པ་སྙིང་དུ་སྡུག །

གཙང་ཆབ་ལྷུང་ལྷུང་གང་སར་དལ་གྱིས་འབབ། །

བྱ་དང་བྱིའུས་སྙན་འགྱུར་ཅི་དགར་སྒྲོག །

རང་བྱུང་མ་རྨོས་སིལ་ཏོག་སྔོ་ཚོད་སོགས། །

མ་བཏབ་ལྷུན་གྱིས་གྲུབ་པའི་མཛེས་པ་ངོམ། །

ལྷག་པར་ལྦུ་དཀར་འཕྱོ་བའི་རྦབ་ཆུ་ནི། །

རི་བོའི་ཟོམ་ནས་དར་དཀར་དཔྱངས་བཞིན་མཛེས། །

ཆིལ་ཆིལ་སྙིང་དུ་སྡུག་པའི་རླབས་སྒྲ་ཡིས། །

ཡུལ་གྱི་དགེ་མཚན་གླུ་རུ་ལེན་འདྲར་སྣང་། །

ཞོགས་པར་བརྗིད་ཆགས་རི་བོའི་རྩེ་མོ་རུ།།

རབ་དཀར་ཆུ་འཛིན་དབུ་ཞྭ་དང་བཅས་མཛེས། །

ཉིན་གུང་དུས་སུ་ཁྲི་གདུགས་ཉི་མ་མཆོག །

མཐོ་བའི་དབྱིངས་ནས་མཚམས་སྤྲིན་འོད་ཀྱིས་བརྒྱན། །

རབ་བརྗིད་ཧི་མ་ལ་ཡའི་རི་རྒྱུད་ན། །

གངས་ལྗོངས་ཡུལ་གྱི་ཞི་ཧྲོང་པན་ན་ཞེས། །

སྙན་པའི་གྲགས་དཀར་མཁའ་ལ་རབ་རྩེན་པའི། །

མཛེས་ལྗོངས་འདི་ཀོ་ཉིང་ཁྲི་མེ་ཏོག་རྫོང་། །ཞེས་པའོ། །

ང་ཚོའི་རླངས་འཁོར་དེ་ཀྱག་ཀྱོག་ཏུ་སྣང་བའི་གཞུང་ལམ་ཆུང་ངུ་བརྒྱུད་ནས་ཕལ་ཆེར་དུས་ཚོད་དྲུག་ཙམ་ལ་བསྐྱོད་མཐར། དགོང་མོའི་དུས་ཚོད་བརྒྱད་ཀྱི་སྟེང་སྤོ་བོའི་རྫོང་མཁར་ལ་འབྱོར། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།