ཀྲུང་གོ་བོད་ཀྱི་དྲ་བ།

རིག་གནས་ཀྱི་མཉམ་གཤིབས། སྒྱུ་རྩལ་གྱི་དྭངས་མ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2020-12-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——གུང་གུ་རྨེ་རུ་ལ་གནས་མཇལ་དུ་ཕྱིན་པའི་རེག་ཟིག་ཕྲན་བུ།

2018ལོའི་ཟླ3པར། ང་རང་ཀྲུང་གོའི་ཕུག་པ་ཆེན་མོ་བཞི་ཡི་ནང་ཚན་དུ་གྱུར་པའི་གུང་གུ་རྨེ་རུ་ལ་ཡུལ་དངོས་རྟོག་ཞིབ་ཏུ་ཕྱིན། རྗེས་སོར་ཁོ་བོས་ཡིག་ཚང་རིག་པའི་ཐབས་ལམ་དང་དཔྱད་གཞི་ཁག་ཅིག་ལ་བསླབ་སྦྱངས་བྱས་མཐར། དེར་འབྲེལ་གྱི་ཤེས་བྱ་མང་དག་ཅིག་རང་རྒྱུད་ལ་སྐྱེས་བྱུང་བས། ད་རེབ་ཚགས་སུ་ཉར་བའི་བརྟག་དཔྱད་སྙན་ཞུ་དང་འབྲེལ་ཡོད་དཔྱད་ཡིག་རྨང་གཞི་བྱས་ཏེ་དེ་འབྲེལ་གྱི་མྱོང་རྟོག་ཅིག་གླེང་བར་བྱ་སྟེ།

ཚེས20ཉིན་གྱི་ཞོགས་པའི་ཆུ་ཚོད་བཅུ་ཡས་མས་སུ། ང་དང་ལམ་གྲོགས་གཉིས་གནའ་མཁར་ལན་ཀྲོའུ་ནས་ལམ་ལ་ཆས་ཏེ་ཐེན་ཧྲུའེ་གྲོང་ཁྱེར་གྱི་ཕྱོགས་སུ་བསྐྱོད། ཆུ་ཚོད་དྲུག་ལྷག་གི་འཁོར་བགྲོད་བརྒྱུད། ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ་གཞི་ནས་ཐན་ཧྲུའེ་གྲོང་ཁྱེར་དུ་ཐོན་ཞིང་། འགྲུལ་བཞུད་ཀྱི་འཆར་འགོད་ལྟར་ཐེན་ཧྲུའེ་གྲོང་ཁྱེར་དུ་ཞག་སྡོད་བྱས་པ་ཡིན། ཕྱི་ཉིན་ཞོགས་པའི་ཆུ་ཚོད་བརྒྱད་པའི་སྟེང་རེས་འཁོར་ལ་བསྡད་ནས་གུང་གུ་རྨེ་རུའི་ཕྱོགས་སུ་བསྐྱོད།

གུང་གུ་རྨེ་རུ་ནི་ཀྲུང་གོའི་ཕུག་པ་ཆེན་མོ་བཞི་ཡི་ནང་ཚན་ཏེ། ལོ་རྒྱུས་ཡིག་ཚང་ཁག་ལས་མཐོང་གསལ་ལྟར་ན། ཕུག་པ་འདི་ནི་ཆིན་རྒྱལ་རབས་ཀྱི་དུས་མཇུག་ནས་བཟུང་གསར་འཛུགས་བྱེད་མགོ་བརྩམས་ཤིང་། རྗེས་མའི་རྒྱལ་རབས་སོ་སོའི་རིང་ལ་བཟོ་བཀོད་པ་དག་གིས་འཛུགས་སྐྲུན་དང་ཟུར་བརྒྱན་བྱས་ཡོད་འདུག ཁྱད་པར་དུ་རྒྱལ་རབས་བྱང་མའི་སྐབས་སུ། རྒྱ་ནག་གི་མཛེས་རིས་དང་འབག་སྐུ། རྫ་ཆས་བཟོ་སྐྲུན་གྱི་ལག་རྩལ་ནི་དུས་དང་རྣམ་པ་ཀུན་ཏུ་རྩེར་སོན་ཡོད་པས། ས་གནས་འདི་ལའང་སྔ་ན་མེད་པའི་སྒྱུ་རྩལ་གྱི་རྟགས་ཐམ་བཀོད་པ་རེད། དེ་བཞིན་དུ་ས་གནས་འདིའང་ལོ་རྒྱུས་ཀྱི་བསྟན་བཅོས་མཆིས་སོ་ཅོག་ལས་གཙིགས་ཆེན་དུ་འཛིན་པའི་གནས་ཤིག་སྟེ།ཐང་ཡིག་གསར་རྙིང་གཙོས་དཔྱད་ཡིག་ཀུན་ཏུ་རྒྱ་བོད་གཉིས་ཀྱི་ས་མཚམས་སུ་བསྔགས་པར་བྱེད། ས་ཁུལ་འདིའི་ཉེ་འཁོར(ཆིན་ཀྲོའུ古秦州)ནི་མི་རིགས་འདུས་འཕྲད་དང་མཉམ་གནས་ཀྱི་རྟེན་གཞི་འགངས་ཆེན་ཞིག་ཡིན་པས་ན། དེ་དག་གི་འཚོ་བའི་སྤྱོད་ལམ་དང་རིག་གནས་ཀྱི་འབྲེལ་འདྲིས་ལས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཕུང་གཟུགས་གསུམ་པ་ཞིག་གསར་སྐྲུན་གནང་ཡོད་དེ། རྒྱལ་ཁབ་བཅུ་དྲུག་གི་རིང་ལ། ཆཱང་རིགས་དང་ཞན་པེ་རིགས། ཐུའུ་གེ་རིགས། ཞོའོ་ཀོན་སོགས་མི་རིགས་སྣ་མང་གི་སྒྱུ་རྩལ་འདྲེས་སྦྱོར་དང་རིག་གནས་མཉམ་བསྲེས། འཚོ་བའི་སྤྱོད་ལམ་གྱི་རྒྱུ་ཚོགས་སྲེ་སྦྱོར་ལས་ས་གནས་དེ་ལ་དམིགས་བསལ་གྱིས་གྲུབ་པའི་རིག་གནས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

གུང་གུ་རྨེ་རུ་ཞིབ་འཇུག་གླིང་གིས་གསལ་བསྒྲགས་བྱས་པའི་ཡིག་ཆ་ལྟར་ན། ད་ལྟ་ཕུག་པ་ཁྱོན་བསྡོམས221ཙམ་ཡོད་ཅིང་འབག་སྐུ་ཆེ་ཆུང་ཅི་རིགས3938ཙམ་བཞུགས། ལྡེབས་བྲིས་ཁྱོན་བསྡོམས་སྨི་གྲུ་བཞི་མ་ཆིག་སྟོང་ལྷག་ཡོད་པར་བཤད་དེ། དེ་དག་ནི་ཆིན་རྒྱལ་རབས་ཀྱི་དུས་མཇུག་ནས་དབུ་བརྩམས་ཤིང་རྗེས་མའི་རྒྱལ་རབས་སོ་སོའི་རིང་ལ་གསར་བཟོ་བྱས་པ་ལས་གྲུབ་པ་རེད། ཕུག་པ་འདི་དག་ནི་ཆིང་རྒྱལ་རབས་དུས་མཇུག་གི་བློན་པོ་ཡོའོ་ཞིང(姚兴)བྱ་བས་ཆིན་ཀྲོའུ་ཚི་ཧྲི་མཁར(秦州刺史镇)དུ་སྲིད་དོན་ལ་འཇུག་པའི་སྐབས་སུ། རང་གི་གཅུང་བོར་གྱུར་པ་ཡའོ་སུང(姚嵩)དང་སྡེབ་གཅིག་ཏུ་གསར་འདོན་བྱས་ཤིང་། དེའི་ནང་དུ་ཕུག་པ་ཨང་བརྒྱད་པ་དང་ཨང་བཞི་པ་ནི་ཆེས་སྔ་བའི་ཕུག་པ་གཉིས་ཡིན། སྤྱི་ལོ450ལོར། ཞུས་ཀོན་རིགས་ཀྱི་ལུའི་ཧྥེང(吕丰)དང་ཐུའུ་ཀེ་རིགས་ཀྱི་ཝང་ཧྥེ་ལེན(王飞镰)སོགས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་མགོ་དཔོན་དག་གིས་ཝེ་རྒྱལ་ཁབ་ལ་ངོ་རྒོལ་བྱས་པ་དང་། དཔུང་ཁག་གི་གཞི་རྒྱ་ཤིན་ཏུ་ཆེ་ནའང་ལུའི་ལུའོ་ཧན(吕罗汉)ཕྱོགས་ཁག་གིས་དྲག་གནོན་བྱས། སྤྱི་ལོ506ལོར། ཐུའུ་ཀེ་རིགས་སུ་གྱུར་པའི་ཝང་ཧྥ་ཀྲི(王法智)ཡིས་སླར་ཡང་དམག་མི་སྡུད་རུབ་ཀྱིས་ཝེ་རྒྱལ་རབས་ལ་རྒོལ་རྡུང་བཏང་བ་སོགས་ཛ་དྲག་གི་སྡེ་གཟར་ཤིན་ཏུ་མང་པོ་བྱུང་། དེ་དག་ཀྱང་མདོར་དྲིལ་ན་རིག་གནས་ཀྱི་འཐེན་འཁྱེར་དང་མི་རིགས་ཀྱི་ཕྱོགས་ཞེན་ལས་བསྐྱེད་པ་རེད། ས་གནས་དེ་ཏང་ཞང་དང་ཞན་པེ། ཐུའུ་ཀེ་དང་ཞུས་ཀོན། བོད་རྒྱ་སོགས་མི་རིགས་མཉམ་འདུས་ཀྱི་གནས་རྟེན་ཞིག་ཡིན་པས། དེའི་བཟོ་བཀོད་དང་ནང་རྟེན་སོགས་གང་ཐད་ནས་ཀྱང་རིགས་སྣ་སོ་སོའི་ཁྱད་གཤིས་སྡུད་ལེན་བྱས་ཡོད་པ་ཡིན། གནས་སྟངས་དེ་རིམ་པར་རྒྱུན་བསྐྱངས་ཏེ་ཆིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་སླེབས་ཤིང་སྲུང་སྐྱོབ་ཡང་ལེགས་པོ་བྱས་འདུག ཡིན་ནའང་། 1912ལོར་བཀས་བཀོད་རྒྱུད་འཛིན་གྱི་ལམ་ལུགས་དེ་རྩ་གཏོར་བཏང་ཞིང་། ཆབ་སྲིད་ཀྱི་སྒྲིག་གཞི་ལའང་རྣམ་པ་ཀུན་ནས་བསྒྱུར་བཀོད་བྱས་ཡོད། ཆབ་སྲིད་ཀྱི་དབང་ཆ་གཅིག་བསྡུས་མེད་པ་དེས་སྔར་ཡོད་གནས་ཆེན་དག་གི་འགན་སྲུང་ལམ་ལུགས་ལ་ཤན་སྟོབས་ཆེས་ཆེར་ཐེབས་པས། གནས་རྟེན་དེ་དག་ལ་རིམ་བཞིན་དམངས་ཁྲོད་ཀྱི་བྱེད་སྒོ་སྣ་ཚོགས་ལས་གཏོར་བརླག་དང་ཉམས་ཉེས་ཚད་མེད་ཐེབས་ཡོད། དཔེར་ན། ཕུག་པ་ནང་ལོགས་སུ་བཞུགས་པའི་ལྷ་སྐུ་དག་ལ་བསམ་གཟས་པའི་གཏོར་བཤིག་བཏང་ཡོད་པར་མ་ཟད། བྲག་ཕུག་གཞོགས་ངོས་སུ་བརྐོས་པའི་གནའ་ཡིག་དག་ལའང་ཚོན་འདེབས་དང་བསུབ་བསྣོག་མང་དུ་བྱས་འདུག

ཕུག་པ་དེ་དག་ལས་མང་ཆེ་ཤས་ནི་དུས་རབས་དྲུག་པ་ནས་བཅུ་བཞི་པའི་བར་དུ་གསར་བཞེངས་བྱས་པ་ཡིན་ཞིང་། རྒྱལ་རབས་སོ་སོའི་རིང་ལ་སྒྱུ་རྩལ་གྱི་ཁྱད་ཆོས་ཕབ་པའི་རང་མདངས་གསལ་པོར་མཐོང་ཐུབ། ནང་སྒོས་སུ་ཐང་རྒྱལ་རབས(大唐)དང་རྒྱལ་རབས་བྱང་མ(北朝)ཡི་སྐབས་ཀྱི་བོངས་ཆེ་ཞིང་ཚོན་ཁ་སྣུམ་པའི་མཛེས་དཔྱོད་ཀྱི་ཁྱད་ཆོས་དེ་མངོན་པར་མཐོང་ནུས། ལྷ་སྐུ་དེ་དག་ནི་རྒྱའི་བྲི་ལུགས་རྐྱང་རྐྱང་དུ་བྱས་པ་ཞིག་མིན་ལ། ལྷག་པར་དུ་ཡོན་རྒྱལ་རབས་སྐབས་སུ་བཞེངས་པའི་ལྷ་སྐུ་དེ་དག་ལ་མཚོན་ན། བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུ་བྲི་ལུགས་དང་བྱད་གཟུགས་ཀྱི་ཁྱད་ཆོས་མངོན་པར་གསལ། གང་ལགས་ཤེ་ན། ཡོན་རྒྱལ་རབས་ཀྱིས་དབང་ཆ་གཅིག་ཏུ་བསྡུས་པ་ནས་བཟུང་། ས་སྐྱ་བའི་མཁས་པ་དག་རང་གི་དབུ་བླར་མཆོད་དེ་བསྟན་པ་ཤུགས་ཆེར་སྤེལ་ཞིང་།རྒྱ་ནག་གི་ས་ཕྱོགས་ཁ་ཤས་སུ་བོད་བརྒྱུད་ནང་བསྟན་གྱི་འཛུགས་སྐྲུན་ལུགས་སྲོལ་དང་ཆོ་ག་ཕྱག་ལེན་སོགས་སྤེལ་བས། གུང་གུ་རྨེ་རུ་ལའང་སྟབས་མཚུངས་ཀྱི་ཤན་སྟོབས་ཆེས་ཆེར་ཐེབས་ཡོད་པ་རེད། དེ་འབྲེལ་ཡིག་ཚང་ཁག་ལ་ལྟ་ཀློག་བྱ་འདོད་ན་གུང་གུ་རྨེ་རུ་ཕུག་པ་སྒྱུ་རྩལ་ཞིབ་འཇུག་གླིང(麦积山石窟艺术研究所)གི་ཞིབ་འཇུག་པ་ཝང་ཐུང་ལིང(王通玲)ལགས་ཀྱི་དཔྱད་རྩོམ(Analysis of Tibetan Buddhist at Maijishan grottoes)ལ་གཟིགས་དང་ཞིབ་རྒྱས་སུ་རྟོག་ཡོང་།

མི་རིགས་སྣ་མང་གི་བཟོ་རྩལ་ཁྱད་གཤིས་མངའ་བའི་ལྷ་སྐུ་དེ་དག་གི་ནང་། བོད་བརྒྱུད་ནང་བསྟན་གྱི་ཁྱད་ཆོས་ལྡན་པའི་ལྷ་སྐུའི་ཕུག་པ་གཉིས་མཐོང་བྱུང་སྟེ། སོ་སོར་ཕུག་པ་ཨང་སོ་ལྔ་པ་དང་ཨང་ཞེ་བརྒྱད་པ་ཡིན། ཕུག་པ་ཨང་སོ་ལྔ་པ་ནི་ཕུག་ལམ་ཤར་ཕྱོགས་ཀྱི་སྐས་རིམ་གཉིས་པའི་སྟེང་དུ་ཡོད་ཅིང་། ཕུག་པ་ཨང་སོ་དྲུག་པ་དང་མཉམ་གཤིབ་ཏུ་གནས་ཡོད། ཕུག་པ་འདི་ནི་ཀྲོའུ་རྒྱལ་རབས་བྱང་མའི(北周)སྐབས་སུ་གསར་སྐྲུན་བྱས་ནའང་། སྐུ་རྟེན་ཡོད་ཚད་ཉམས་ཞན་དུ་གྱུར་པ་དང་ད་ཡོད་སྐུ་རྟེན་དག་ནི་ཡོན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པ་རེད། གོང་དུ་བརྗོད་པ་ནང་བཞིན་ཡོན་རྒྱལ་རབས་སྐབས་ཀྱི་སྐུ་རྟེན་བཞེངས་ལུགས་ལ་བོད་བརྒྱུད་ནང་བསྟན་གྱི་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པ་སྟེ། གཙོ་སྐུ་དེ་ཉིད་ངོས་བཟུང་བར་དཀའ་ནའང་ཞལ་དབྱིབས་སྒོར་ཅིང་ཐུང་བ་དང་། མཛོད་སྤུའི་དབྱིབས་ལུགས། ཕྱག་རྒྱ་དང་པད་གདན། ན་བཟའ་དང་ལྷུང་བཟེད་ཀྱི་ཆ་བྱད་གང་ལ་བལྟས་ནའང་བོད་བརྒྱུད་ནང་བསྟན་གྱི་ལྷ་སྐུའི་ཁྱད་ཆོས་མངོན་པར་གསལ། ཕུག་པ་ཨང་ཞེ་བརྒྱད་པའི་ནང་དུ་སྤྱན་རས་གཟིགས་ཕྱག་བཞི་པའི་སྐུ་འདྲ་བཞུགས་ཤིང་། སྙིམ་པའི་ཕྱག་རྒྱ་ལས་མཐོང་གསལ་ལྟར་ན་མཛུབ་མོ་གསུམ་བཞི་ཙམ་ལ་ཚད་རིམ་མི་འདྲ་བའི་གཏོར་སྐྱོན་ཐེབས་ཡོད་ཅིང་། ཕྱག་ཕྲེང་དང་པདྨ་བསྣམས་པའི་ཕྱག་རྒྱ་ལ་གཏོར་སྐྱོན་ཅི་ཡང་ཐེབས་མི་འདུག གཞན་ཡང་གུང་གུ་རྨེ་རུ་ཞིབ་འཇུག་གླིང་གི་ཡིག་ཚང་ལྟེ་གནས་སུ་བོད་རྒྱ་གཙོ་བོར་གྱུར་པའི་མི་རིགས་གཞན་དག་གི་ཡིག་ཚང་མཛོད་ཉར་བྱས་ཡོད་ཅིང་། བདག་གཉེར་ཚན་ཁག་གིས་འདི་དག་ལ་ཨང་རྟགས་བསྒྲིགས་ཏེ་ཁྱོན་བསྡོམས་ཡིག་ཚང་ཆིག་སྟོང་ལྔ་བརྒྱ་ལྷག་ཡོད།(རུལ་མྱགས་སུ་གྱུར་པའི་ཡིག་ཚང་ནང་དུ་བགྲངས་མེད)དེ་ནི་གནའ་རབས་ཀྱི་ལོ་རྒྱུས་གཙོ་བོར་གྱུར་པའི་དམག་དོན་དང་དཔལ་འབྱོར། ཤེས་རིག་སོགས་ལ་དཔྱོད་འཇུག་བྱེད་པའི་དཔྱད་གཞི་མེད་དུ་མི་རུང་བ་ཡིན། ཡིག་ཚང་དེ་དག་གི་ནང་དུ་བོད་ཡིག་པར་མའི་བསྟན་བཅོས་གསུམ་ཡོད་པ་སྟེ། སོ་སོར《བར་དོ་ཐོས་གྲོལ་ཆེན་མོ》དང《ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པ》《ཚེ་དཔག་ཏུ་མེད་པ་ཐེག་པ་ཆེན་པོའི་མདོ》བཅས་ལགས། དེ་ཙམ་མ་ཟད། གུང་གུ་རྨེ་རུ་ཞིབ་འཇུག་གླིང་གི་རིག་དངོས་མཛོད་ཉར་ཁང་དུ་རྡོ་རྗེ་རྒྱ་གྲམ་དང་དྲིལ་བུ་སོགས་ཀྱིས་མཚོན་པའི་ཆོས་ལུགས་ཀྱི་ཕྱག་དངོས་མང་དག་ཅིག་བདག་ཉར་བྱས་ཡོད་ཅིང་། དེས་ཆོས་སྤྱན་ཡངས་པའི་རང་རེའི་མེས་པོ་དག་གིས་གནས་འདི་རུ་ཆོས་ལུགས་ཀྱི་བྱེད་སྒོ་དང་ཕྱག་ལེན་གྱི་སྦྱོར་བ་མང་དུ་སྤེལ་ཡོད་པ་ཟུར་མཚོན་ཐུབ་པའོ། །

སྨྲ་མེད་དུ་ལུས་པའི་རྟེན་དངོས་དེ་དག་གིས་ང་ཚོ་ལ་ལོ་རྒྱུས་ཀྱི་མྱོང་རྟོག་ཕུན་སུམ་ཚོགས་པ་ཞིག་གནང་སྦྱིན་བྱེད་བཞིན་ཡོད་པ་དང་།ང་ཚོས་ཀྱང་དེ་རིང་གི་མཐོང་སྣེ་ནས་ལོ་རྒྱུས་ཀྱི་འཕེལ་རིམ་དང་ཁ་ཕྱོགས། དར་རྒུད་ཀྱི་རྒྱུ་རྐྱེན་དག་ལ་རྩད་ཞིབ་བྱ་ཐུབ། ནང་སྒོས་སུ་རང་ཅག་བོད་རིགས་སློབ་གཉེར་པ་ཞིག་ལ་ཆ་མཚོན་ན། རང་རེའི་མེས་པོ་དག་གི་ཆོས་སྲིད་བསྒྱུར་བཀོད་ཀྱི་ཞབས་སེན་དེ་རྒྱལ་ཁམས་ཕྱོགས་མེད་དུ་ཕབ་ཡོད་པས། གནས་རྟེན་དང་གསུང་རབ་དག་ན་ལུས་པའི་རྒྱུ་ཚོགས་ཕྲ་མོ་ཀུན་ལ་རྩད་ཞིབ་བགྱིས་ནས། ཁོང་ཅག་གི་བློ་རྒྱ་དང་ལྷག་བསམ། ཐབས་དང་ཤེས་རབ། བརྩོན་སེམས་དང་འདོད་འདུན་ཅི་ཡོད་ལ་འཚོལ་རྟོག་བྱ་རྒྱུ་ནི་ཤིན་ཏུ་ནས་རྩ་འགངས་ཆེ་བར་བསམས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།