ཁྭ་ཏའི་ཁ་བར་མཇལ་བའི་མཐོང་ཐོས་དྲན་རེག

ན་ནིང་ནི་ངེད་བཟའ་མི་གང་པོ་ཡུལ་སྐོར་ལྗོངས་རྒྱུ་ལ་འགྲོ་ཐེངས་ཆེས་མང་བའི་ལོ་ཞིག་ཡིན་ལ། གནས་འགངས་ཆེན་དང་ཡུལ་ཁྱད་འཕགས་ཀྱིས་ང་ཚོའི་མཐོང་རྒྱ་ཐོས་རྒྱ་རབ་ཏུ་བསྐྱེད་པར་མ་ཟད་ཡིད་ཀྱི་དབང་པོ་ཅིག་ཅར་དུ་ཕྲོགས་པས་ད་ཆའང་མཛེས་སྡུག་གི་གནས་མཆོག་དེ་དག་ཡིད་ཀྱི་གུར་ཁང་དུ་ཝ་ལེར་གསལ། གནས་མཆོག་ཁྭ་ཏའི་ཁ་བ་དགོན་པ་ཡང་སྤྱི་ལོ2019ལོའི་འཆར་གཞིའི་མཇལ་སྐོར་གནས་མཆོག་ཁྲོད་ཀྱི་གཅིག་ཡིན། ནངས་མོ་དེར་སྟོན་མཇུག་གི་གྲང་ལྷགས་རུས་པའི་རྐང་དུ་ཟུག་ན་ཡང་། དད་འདུན་རྩེ་གཅིག་དང་སེམས་འདུན་དྲོན་མོས་ལུས་སེམས་གཉིས་ལ་འཁྱག་གྲང་གི་སྣང་བ་ཡེ་ནས་མ་བྱིན། ཞོགས་པར་ལམ་ལ་ཆས་པ་ཅུང་འཕྱི་བས་གནའ་མཁར་ཟི་ལིང་ནས་ལེ་དབར་བརྒྱ་དང་བརྒྱད་ཅུ་ལྷག་གིས་ཆོད་པའི་ཁྭ་ཏའི་ཁ་བ་དགོན་པར་བརྟོལ་དུས་ཕྱི་དྲོའི་ཆུ་ཚོད་གཉིས་ལྷག་ལ་སླེབས་འདུག རླངས་འཁོར་ནང་གི་སྒྲ་ལྡན་ཕྱོགས་སྟོན་ལམ་ཐིག་གི་མངགས་བཀོད་ལྟར་དུ་རྫོང་དང་གྲོང་ཁྱེར་བསྣོལ་མར་སྦྲེལ་བའི་ཁོད་ཡངས་ལྷ་བཟོས་སྐྱ་ཐིག་འཐེན་འདྲའི་མྱུར་བགྲོད་གཞུང་ལམ་རྒྱུ་མས་ཕུ་འདེད་ལྟར་དམིགས་ཡུལ་གྱི་ཕྱོགས་སུ་ཆས་པ་ན། ཟླ་བཅུ་པའི་རྒྱལ་སྟོན་དུས་ཆེན་གྱི་བར་གླགས་འདིར་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་ཡོད་ཚད་ཀྱི་ལམ་ཁྲལ་ལེན་སའི་ས་ཚིགས་སོ་སོར་རླངས་འཁོར་རིན་མེད་སྒོས་བགྲོད་ཆོག་པས་ཕྱོགས་བཞིའི་མགྲོན་པོ་དག་ཡར་བསྐྱོད་མར་བཞུད་བྱེད་པའི་རླངས་འཁོར་དག་ནི་རྒྱ་མཚོའི་གཏིང་གི་ཉ་མོ་བཞིན་འཚུབ་ཆ་རྒོད་ཅིང་འདུ་འགོད་དྲག ང་ཚོའང་གྱ་ཚོམ་ཅི་ཡང་མེད་པར་ཁོད་སྙོམས་པའི་མྱུར་བགྲོད་གཞུང་ལམ་སྟེང་ཤར་རེར་བསྐྱོད་དེ་དམིགས་སར་བསྙེགས། ལམ་རྐེད་དུ་ལྷ་རྫས་དཀར་པོའི་སྤྲིན་པ་དུམ་བུ་གོས་ལྗང་གིས་བཀླུབས་པའི་རི་སྒང་གི་མགུལ་དུ་འཆིང་བ་ན་སྟོན་མཇུག་གསེར་མདོག་གི་འབྲས་བཟང་ཁྲོད་དུ་བརྗིད་ཀྱིས་འགྱིང་བའི་གཞི་བདག་འཁྲུལ་མེད་ཅིག་དང་མཚུངས་ཤིང་། དབྱར་སྡོང་དང་ལྕང་སྡོང་། དངུལ་སྡོང་སོགས་མིང་མི་ཐོགས་པའི་ནགས་ཚལ་གྱི་མཐོངས་དབྱིངས་སུ་བྱ་ཁྱུའི་གཤོག་ལྡིང་འགྱུ་བ་ལང་ལིང་འཕྱོ་བའི་རྩེད་གར་དང་མཐུན། ཐོག་རིམ་འོག་རིམ་གསལ་བའི་སྐས་ཀྱི་གདང་བུ་ལྟ་བུའི་དབྱིབས་ཐ་དད་པའི་ནར་གཟུགས་ཀྱི་རྣང་ཞིང་དག་གིས་གནས་མཆོག་འདི་རུ་འཚོ་སྡོད་བྱེད་པ་ཕལ་མོ་ཆེ་ནི་སོ་ནམ་གྱི་ལས་གཉེར་མཁན་འབའ་ཞིག་ཡིན་པ་ཁ་ཚོན་ཆོད་ཅིང་། འབྲུ་མཛོད་ཀྱི་བང་བར་ལོ་ལེགས་འབྲས་བཟང་བསྡུས་ཚར་བའི་སྟོན་མཇུག་གི་ཁོར་ཡུག་གིས་འདི་གའི་སོ་ནམ་པར་སེམས་བདེ་བག་ཕེབས་དང་ཕྱོགས་བཞིའི་སྐུ་མགྲོན་དག་ལ་ཞི་འཇམ་ལྷོད་བག་གི་ཉམས་སྣང་གསར་པ་ཞིག་སྟེར། ངེད་ཅག་གིས་གཅིག་ལས་གཅིག་ལྷག་གི་ཕུན་ཚོགས་མིག་ལ་མཛེས་པའི་ནགས་ས་ནགས་ཡུལ་གྱི་ཡུལ་ལྗོངས་ཉམས་དགའ་བ་དག་ལ་མིག་གཡེང་བྱེད་ཞོར་དགོན་པ་ཡོད་སའི་སྡེ་འདབས་སུ་ཐོན་པར་གཞུང་ལམ་གཡས་གཡོན་གྱི་ལོགས་གཉིས་སུ་ཚར་དུ་དངར་ཞིང་གྲལ་ཤར་འགྲིག་པའི་དབྱར་སྡོང་གི་ལོ་མ་ལྷེབ་ཆེན་དག་ནི་རླུང་བུ་ཕྲ་མོ་རྒྱུ་བའི་འགྲོས་དང་བསྟུན་ནས་ཡམ་ཡོམ་འགུལ་བ་ན་རྒྱང་རིང་གི་ཡུལ་སྐོར་པ་དག་ལ་དགའ་བསུའི་གུས་བརྩི་སྟོན་པའི་ཚུལ་དུ་གདའ།

རྒྱང་ནས་བལྟས་ཚེ་ཚང་ཚིང་ནགས་ཚལ་གྱིས་ཀུན་ནས་གཡོགས་པའི་རི་བོའི་ལྡེབས་སུ་རུ་སྡེ་མང་པོ་ཤོ་མིག་བཞིན་ཐོག་འོག་ཏུ་ཆགས་ཤིང་། སྟུག་པོར་རྒྱས་པའི་ནགས་ཚལ་གྱིས་ཁྱིམ་ཚང་ཡོད་དོ་ཅོག་ཡོངས་སུ་བསྒྲིབས་འདུག ལམ་འགྲམ་གྱི་སྣེ་སྟོན་འཕྲེད་ཤིང་ལ་གཟས་ཏེ་ཨ་ཀྱོག་པ་ཀྱོག་གི་ལམ་ཕྲན་མང་པོ་བརྒྱུད་མཐར།གཞི་ནས་གནའ་བོའི་མཁར་གྱང་ཆེན་མོས་ཕྱོགས་བཞིར་བསྐོར་ཅིང་མདུན་གྱི་མཆོད་རྟེན་བརྒྱད་པོས་མཐོ་རུ་བཏེགས་འདྲའི་ཁྭ་ཏའི་ཁ་བ་དགོན་པའི་དྲུང་དུ་འབྱོར། ཕྱི་རིམ་ནང་རིམ་དུ་བཞེངས་པའི་ལྷ་ཁང་ཆེ་ཆུང་དག་མིག་ལམ་དུ་བརྒྱུད་མ་ཐག སེམས་པའི་ག་ཤེད་ཅིག་ཏུ་སྔ་མོ་ནས་འདྲིས་ཤིང་གཤིན་པའི་བརྩེ་བའི་ལྕགས་ཀྱུ་གནས་མཆོག་འདིས་དྲངས་བྱུང་། ལྷ་ཁང་ཆེ་ཆུང་དག་ཀ་རག་བྱུགས་པའི་ཕྱི་རས་བསྐོར་ཅིང་། དགོན་པའི་དཀྱིལ་དབུས་སུ་མདུན་སྒོ་ཐོག་བརྩེགས་ཅན་རྒྱ་ཕིབས་ཀྱི་སྣེ་ཡར་འཁྱིལ་བ་ཞིག་བཞེངས་འདུག་ལ། སྒོའི་ཡང་ཐོག་གི་དཀྱིལ་གྱི་ཤིང་ལེབ་ནར་གཟུགས་ངོས་སུ་ཁྭ་ཏའི་ཁ་བ་དགོན་པ་ཞེས་པའི་གསེར་མདོག་གི་རྒྱའི་ཡིག་འབྲུ་བཞི་སེར་ལམ་མེར་འདྲེན་བྱེད་ཀྱི་རྒྱན་དུ་མངོན་འོངས།

ཁྭ་ཏའི་ཁ་བ་དགོན་པ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་མིན་ཧོ་རྫོང་ཀན་ཀོའུ་ཞང་གི་ཁོངས་སུ་ཆགས་ཤིང་། དེ་ནི་ཕག་གྲུ་སྲིད་དབང་གི་སྐབས་སུ་མིན་ཧོ་རྫོང་དུ་མངའ་བའི་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའི་དགོན་ཆེན་གསུམ་སྟེ་མཛོ་མོ་མཁར་དང་། ལིན་གཙང་དགོན། ཁྭ་ཏའི་ཁ་བ་དགོན་བཅས་ཡིན། རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་དགེ་ཕྲུག་བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ཕག་གྲུ་སྲིད་དབང་ངམ་མིན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པ་རེད།

གཙང་པ་རྒྱལ་པོའི་སྐབས་ཀྱི་རྒྱའི་ཡིག་ཚང་དུ་ཅིན་ཉིན་ཟི་ཞེས་བཀོད་འདུག་ལ། ཁྭ་ཏའི་ཁ་བ་དགོན་པ་ཞེས་པའི་མིང་གི་ཐོགས་ཚུལ་ཐད་བོད་ཡིག་གི་ལོ་རྒྱུས་ཡིག་ཚང་དུ་འདི་ལྟར་བཀོད་འདུག་པ་སྟེ། བྱང་བླ་མ་ཆོས་ཀྱི་རྒྱལ་པོས་ལྷ་སའི་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེའི་ལྷ་སྐུ་ཞིག་གདན་དྲངས་ཏེ་གནས་འདིར་བྱོན། ཉིན་ཞིག ཕྱི་རོལ་གྱི་ཁ་བའི་ཁྲོད་བྱིས་པའི་རྐང་རྗེས་གསར་པ་ཞིག་འདུག་པ་མཐོང་ནས་རྗེས་དེད་དེ་སོང་བ་ན། ཙན་དན་གྱི་སྡོང་པོ་ཞིག་དང་འཕྲད། དེའི་རྩེ་མོ་རུ་བྱ་ཁྭ་ཏ་ཞིག་གིས་མགྲིན་དབྱངས་སྒྲོག་བཞིན་ཁ་ནས་གསེར་སྐུད་ལྟ་བུའི་མཆིལ་མ་འཛར་བ་ན། དེའི་སྟེང་དུ་ཉི་འོད་འཕྲོས་ཕྱོགས་ཤིག་གིས་འཇའ་ཤར་བ་ལྟ་བུའི་འོད་མདངས་བཀྲ་ཞིང་རྒྱལ་མཚན་གྱི་དབྱིབས་ལྟར་ཆགས་པའི་དགེ་མཚན་ཁྱད་དུ་འཕགས་པ་ཞིག་ཏུ་མཐོང་བས་ཡུལ་འདི་ནི་གནས་མཆོག་ཏུ་གྱུར་པ་ཞིག་རེད་སྙམ་སྟེ་དགོན་ཆེན་ངོ་མཚར་བ་འདི་བཞེངས་པ་དང་། མིང་ལའང་ཁྭ་ཏའི་ཁ་བ་དགོན་ཞེས་གསོལ་བ་རེད།

དགོན་སྡེ་འདིའི་རྟེན་གཙོ་བོ་ལ་རྗེ་ཙོང་ཁ་པ་གཙོ་བྱས་པའི་ཁོང་གི་ཡོངས་འཛིན་དང་དགེ་ཕྲུག་རྣམས་ཟུར་རྒྱན་དུ་བཀོད་པའི་མཛེས་ཤིང་ལྟ་ན་སྡུག་ཅིང་རིན་ཐང་གཞལ་དུ་མེད་པའི་ཐང་ག་གཅིག་བཞུགས། ངག་སྒྲོས་ལྟར་ན་ཕག་གྲུ་སྲིད་དབང་གི་དུས་སུ་ཡུལ་འདིའི་ཚོང་དཔོན་ནོར་བུ་བཟང་པོ་ཞེས་པ་ལྷ་སར་ཚོང་གཉེར་དུ་སོང་སྟེ་རྗེ་ཙོང་ཁ་པ་དང་ཞལ་འཛོམས་ནས་རྗེ་ཙོང་ཁ་པའི་མ་ཡུམ་གྱིས་བསྐུར་བའི་སྐྲ་ལོ་ཉག་གཅིག་དང་གསུང་འཕྲིན་སོགས་ཇི་མ་ཇི་བཞིན་དུ་རྗེ་ཉིད་ལ་སྤྲད་དེ་ཕྱིར་ལོག་ཁར། རྗེ་ཉིད་ཀྱིས་སླར་ཡང་ཁོང་གི་རྣ་ཁྲག་དང་ཚོས་སྣ་གཞན་སྡེབ་པ་ལས་གྲུབ་པའི་ཐང་ག་ཞིག་བཞེངས་ཏེ་མ་ཡུམ་ལ་བསྐུར། དེ་ནས་ཚོང་དཔོན་ནོར་བུ་བཟང་པོས་ཐང་ག་འདི་སྤྱིར་བཏང་བ་ཞིག་མ་རེད་སྙམ་སྟེ། དེ་དང་འདྲ་མཚུངས་སུ་གྱུར་པ་ཞིག་བཞེངས་ནས་དེ་རྗེ་ཙོང་ཁ་པའི་མ་ཡུམ་ལ་ཕུལ(ད་ལྟ་སྐུ་འབུམ་བྱམས་པ་གླིང་དུ་ཉར་ཡོད)བ་དང་། རྗེ་ཙོང་ཁ་པས་དངོས་སུ་བཞེངས་པའི་ཐང་ག་དེ་ཁྭ་ཏའི་ཁ་བ་དགོན་དུ་ཕུལ་བས། ཁྭ་ཏའི་ཁ་བ་དགོན་བོད་ཁུལ་ཡོངས་སུ་སྙན་གྲགས་རབ་ཏུ་རྒྱས་ཤིང་། བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་མཆོག་ཏུ་གྱུར་པར་གྲགས།

ཐང་ག་ཆེན་མོ་དེར་ཡུལ་དེ་གའི་སེར་སྐྱ་ཕོ་མོ་ཡོངས་ཀྱིས་སྲུང་སྐྱོབ་གང་ལེགས་བྱས་པས་གནོད་སྐྱོན་ཅི་ཡང་མ་ཐེབས་པར་དུས་ད་ལྟའི་བར་དུ་བདེ་བླང་ངང་གནས་ཐུབ་ཡོད་ཅིང་། 2002ལོར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོབ་ས་གནས་གལ་ཆེན་གྱི་ཁོངས་སུ་བདམས་པ་རེད།

ང་ཚོ་དགོན་པའི་ནང་ལོགས་སུ་གོམ་ཁ་བསྒྱུར་ཏེ་མཆོད་མཇལ་དུ་བསྐྱོད་པར་ཡོད་ཚད་སྟོང་སང་སིང་དུ་ཐ་ན་ཆོས་སྒྲ་སྒྲོག་པའི་བན་ཕྲུག་ཅིག་གི་འདོན་དབྱངས་ཀྱང་རྣ་བའི་རྒྱན་དུ་སྟོངས་སོང་། སྟབས་ལེགས་པ་ཞིག་ལ་དམར་སྨུག་གི་གཟན་གོས་མནབས་པའི་གྲྭ་གཞོན་ཞིག་གིས་ང་ཚོར་འདུ་ཁང་གི་ལྕགས་ལུང་ཕྱེ་ནས་མཆོད་མཇལ་བྱས་ཆོག་པའི་བཟོ་སྟོན་ལ། ང་ཚོས་ཀྱང་བསང་ཁུང་དུ་ལྷ་བསང་ཕུད་ཅིང་ལྷ་ཆབ་སྔོན་མོ་ལན་འགའ་གཏོར་རྗེས་དད་པའི་ལག་ཟུང་སྙིམ་པད་བྲང་ཁར་སྦྱར་ཏེ་དག་གཙང་ཁ་བཏགས་མཆོད་པའི་རྟེན་དུ་བསྣམས་ནས་ཕྱག་གསུམ་འཚལ་རྗེས་འདུ་ཁང་གཡས་ཕྱོགས་ནས་མགོ་བརྩམས་ཏེ་རྟེན་བྱིན་ཅན་དག་ལ་གཟབ་ནན་མིག་གིས་ཅེ་རེར་བལྟས་ཤིང་མཇལ་ཁ་ཞུ་ཞོར་ཡུན་གྱིས་མདུན་ཕྱོགས་སུ་བགྲོད་པ་ན་དགོན་པ་དེའི་རྟེན་གཙོ་བོར་གྲགས་པའི་ཤིང་གི་རེ་གཞི་སེར་པོ་ཞིག་གི་ནང་དུ་རྙིང་ཞིང་ཚི་དྲེག་ཆགས་འདྲའི་སྐུ་གསུང་འབྱོན་མ་བཞུགས་ཡོད་ལ། རྗེ་རིན་པོ་ཆེ་མ་བུ་གཉིས་ཀྱི་ངག་རྒྱུན་སྙན་མོ་དེ་ཐོལ་བྱུང་དུ་ཡིད་ལ་ཝ་ལེར་འཆར་ཞིང་གློག་བརྙན་ཇི་བཞིན་ཕན་ཚུན་འདྲིས་ཤིང་ལོབས་པའི་བརྩེ་བ་ཟབ་མོ་དེའང་མཚར་སྡུག་རབ་ཏུ་འབར་བའི་ཐང་ཀའི་ངོས་སུ་དྲོད་ཀྱིས་འཁྱིལ་བའི་ཚོར་སྣང་ཅིག་ཅར་དུ་སྦྱིན་འོངས། རྗེ་རིན་པོ་ཆེ་ཡིས་རང་གི་དམིགས་འབེན་ཉག་ཅིག་སྟེ་བསླབ་པ་སློབ་གཉེར་གྱི་ཆེད་དུ་སྐྲ་ལོ་དུང་ལྟར་དཀར་ལ་བགྲེས་ཤིང་འཁོགས་པའི་ཡུམ་ཆེན་ལ་མཇལ་རྒྱུའི་སྐལ་བ་ཡང་རྦད་ཀྱིས་བཅད་དེ་ཐོས་བསམ་སྒོམ་གསུམ་ཉམས་སུ་མྱོང་སླད་གཡར་དམ་བརྟན་པོ་རྡོ་རྗེ་བྲག་ལ་བརྐོས་པའི་བློ་སྦྱོང་དང་སྙིང་སྟོབས་ནི་གངས་ཅན་བསིལ་མོའི་ལྗོངས་སུ་དབྱར་རྔ་བཞིན་ལྡིར་རོ། ། རྟེན་བྱིན་ཅན་གཅིག་པུས་ང་ཚོ་ཏབ་ཅིག་ལ་འདུ་ཁང་གི་དཀྱིལ་དབུས་སུ་དམ་ལ་བཏགས་ཏེ་སྨོན་པ་འཆོར་ཞིང་དད་པའི་སྤུ་ལོང་གཡོས་སུ་བཅུག མཚར་སྣང་དང་དགའ་སྐྱོ་འདྲེས་མའི་སེམས་ཚོར་ཞིག་གིས་མི་བུ་རླབས་ཆེན་ཞིག་གི་བཤུལ་ལམ་འོད་ཀྱིས་བཞེངས་པ་ངང་གིས་རྟོགས་ཤིང་། ང་ཚོ་ཕྱི་རབས་པར་སྙིང་རུས་དང་བློ་བསྐྱེད་ཀྱི་བྲང་ཁོག་ཕྱེ་ཞིང་། འབད་བརྩོན་དང་སྐུལ་ལྕག་གི་ལྕག་ཚན་དགུང་ལ་འཕྱར་བས་མ་འོངས་འབྱུང་འགྱུར་ལ་རེ་བའི་ཁ་དོག་བསྩལ། ངོ་མཚར་དང་ཕྱིར་གཞིགས་ཀྱི་དྲན་པའི་ཀློང་ནས་ང་ཚོ་དགོན་པའི་ཕྱི་རོལ་ཏུ་ཇི་ལྟར་སླེབས་པའང་མ་ཚོར་ལ། སྲོད་ཁའི་ཉི་ནུབ་ཀྱི་ཆེས་མཇུག་མཐའི་ཕྱི་མིག་ལན་གཅིག་གིས་འཆར་གཞིའི་མཇལ་སྐོར་ས་ཚིགས་ཕྱི་མའི་ཕྱོགས་སུ་ཆིབས་ཁ་མི་བསྒྱུར་ག་མེད་བྱུང་། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།