ཀྲུང་གོ་བོད་ཀྱི་དྲ་བ།

བོང་སྟག་རི་ལུའི་འགྲུལ་བཞུད་ཀྱི་ཟིན་ཐོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བོང་སྟག་རི་ལུ།   སྤེལ་དུས། : 2020-06-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20200630064947_副本.png

གླེང་གཞི།

ལས་ཁུངས་ཀྱི་ངོས་ནས།ང་ཚོ་མི་རྐྱང་དག་ལ་ལོ་རེར་རང་གི་གཉེན་ཉེ་ལ་སྐོར་རྒྱག་ཏུ་འགྲོ་བར་ཉིན་ཉི་ཤུའི་གནང་བ་ཡོད་པ་རེད། ལོ་ངོ་ཁ་ཤས་ཀྱི་རིང་ལ་ངས་གནང་བ་དེ་ལོངས་སུ་མ་སྤྱད་དེ།དེ་ནི་ལས་ཁུངས་ཀྱི་ངོས་ནས་ཀྱང་དབྱར་དུས་སུ་བྱ་འགུལ་རབ་དང་རིམ་པ་མང་པོ་ཡོད་པས། གནང་བ་ཞུ་ཁག་པོ་ཡིན་ལ། དོན་དག་དང་འཆར་གཞི་ཅི་ཡང་མེད་པའི་སྒོ་ནས་རང་དགར་གནང་བ་ཞུས་ན་ཡང་ཉིན་ཉི་ཤུའི་དུས་ཚོད་དེ་ཅུང་འཁྱོལ་དཀའ་བ་རེད།   ད་ལོར་ངས་རང་ལ་འཆར་གཞི་ཞིག་འཐེན་པ་ནི་དབྱར་ཁའི་དུས་ཚོད་དེ་ལོངས་སུ་སྤྱད་ནས་ཨེ་ཤ་ཡའི་རྩྭ་ཐང་ཆེན་མོར་འབོད་པའི་མཛོད་དགེ་རྩྭ་ཐང་དང་། རྒྱལ་མོ་ཚ་བ་རོང་གི་ཡུལ་ལྗོངས་ཁ་ཤས་ལ་འགྲུལ་བཞུད་ཐེངས་ཤིག་བྱེད་འདོད་པ་དེ་རེད།

གཅིག

  སྤྱི་ཟླ་བརྒྱད་པའི་ཚེས་17ཉིན་གྱི་སྔ་དྲོར་ལས་ཁུངས་ནས་གནང་བའི་འགྲོ་ལུགས་ཡོད་ཚད་བསྒྲུབ་རྗེས། ཕྱི་དྲོ་ཆུ་ཚོད་དྲུག་པའི་མེ་འཁོར་ལ་བསྡད་ནས་ཟི་ལིང་དུ་ཆས་པ་ཡིན། མེ་འཁོར་ནང་དུ་ཉིན་དེར་འགྲུལ་བ་ཅུང་མང་པོ་འདུག་པས།འདུག་སྟེགས་མེད་པར་འགྲེངས་ནས་འགྲོ་མཁན་ཡང་མང་པོ་འདུག དོན་ངོ་མར་གླེང་ན།མེ་འཁོར་གྱི་འཁོར་སྒམ་ནང་ནས་རྐུབ་སྟེགས་རྩོད་རེས་བྱེད་པ་ནི་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་ནས། བྱ་བའི་རྐུབ་སྟེགས་རྩོད་རེས་བྱེད་པ་དང་ཅུང་འདྲ་བོ་འདུག་སྟེ། བློ་རིག་ཅུང་གྲིམ་པོ་ཡོད་པ་དག་ཐོག་མར་རྐུབ་སྟེགས་ཀྱི་ཟུར་སྣེ་ནས་བཙོག་པ་དང་། དེ་ནས་རྐུབ་སྟེགས་ཀྱི་ཕྱེད་ཀ་འཛིན་པ། ཐ་མར་རྐུབ་སྟེགས་ཧྲིལ་བོ་འཛིན་པར་བྱེད། ང་དང་ཁ་གཏད་དུ་ཁེལ་ཡོད་པ་ནི་སོག་རིགས་བུ་མོ་ཞིག་ཡིན་ལ།ཁོ་མོས་བྱིས་པ་གཉིས་གཡས་གཡོན་དུ་བཙོག་ཡོད་པ་དང་། བྱིས་པ་དེ་གཉིས་ལོ་ཚོད་ལ་བརྟག་ན་ཕལ་ཆེར་སློབ་ཆུང་འགྲིམས་མ་འགྲིམས་ཀྱི་ཚད་ཅིག་ཡིན་པ་འདྲ། མོས་ཐོག་མར་བྱིས་པ་གཉིས་ལ་ཁུག་མ་ལས་ཀ་ར་གང་རུང་ཞིག་བླངས་ནས་བྱིན་པ་དང་། དེ་ནས་སྟེང་ན་རི་མོ་འདུག་པའི་བྱིས་པའི་ཀློག་དེབ་གཉིས་ཁྱེར་ཡོང་ནས། དེ་ཡི་ནང་དོན་གཅིག་གཅིག་གཉིས་གཉིས་བྱས་ཏེ་ཁྲིད་ཀྱིན་འདུག བར་མཚམས་ཤིག་ནས། བྱིས་པ་ཆུང་ངུ་དེས་དཔེ་ཆ་ཕར་གཡུག་སྟེ་ངུ་འབོད་ཡང་ཡང་བྱས་པས། ཁོ་མོ་ཐབས་ཟད་དེ་རང་གི་ཁ་པར་བླངས་ནས་བྱིས་པ་དེས་ལག་ཏུ་བཞག་བྱུང་། བྱིས་པ་དེས་ཀྱང་ཟི་ལིང་བར་དུ་ཁ་པར་དེ་སྣོག་ནས་ཐོན་བྱུང་། ང་ནི་སྤྱིར་བཏང་གི་འགྲུལ་བཞུད་པ་ཞིག་ཡིན་ཡང་། བྱིས་པ་དེ་ཁ་པར་ཁོ་ན་ལ་མགོ་རྨོངས་པ་དེ་མཐོང་ན་སེམས་ཀྱིས་ཅུང་མི་བཟོད་པ་ཞིག་བྱུང་ལ།ང་ཚོ་ཕ་མ་མང་ཤོས་ཤིག་གིས་བྱིས་པའི་ངུ་ཁ་ལེན་སྤྱད་ལ་ཁ་པར་ཁོ་ན་ལག་ཏུ་འཇོག་པའི་ངང་ཚུལ་དེ་ལ་ཅུང་མི་དགའ་བ་ཞིག་བྱུང་།

ང་རང་ཟི་ལིང་དུ་འགྲོ་བའི་ལམ་བར་དུ།ཟི་ལིང་གི་གྲོགས་པོ་དང་སློབ་མ་རེ་ཟུང་ཞིག་གིས་ཁ་པར་ཡང་ཡང་བཏང་ནས། དགོང་མོ་ཐུག་པའི་དུས་ཆད་བཏབ་མོད། གལ་ཏེ། ཁོ་ཚོ་དང་འཕྲད་སོང་ན་མཉམ་དུ་ཟ་མ་ཞིག་ཟ་དགོས་ལ། དེ་ནས་ཝུ་ཆང་ཞིག་ཀྱང་འཐུང་དགོས་པས། ཕྱི་ཉིན་གྱི་འགྲུལ་བཞུད་ལ་སེམས་ཚེགས་བྱས་ནས་དགོང་མོ་དེར་གནའ་མཁར་ཟི་ལིང་ནས་རང་ཉིད་གཅིག་པུས་མགྲོན་ཁང་ཞིག་ནས་ཁ་རོག་གེར་ངལ་གསོས་པ་ཡིན།

ཕྱི་ཉིན་ཞོགས་པར། ང་རང་ལངས་པ་ཅུང་འཕྱི་སོང་བས། གཙོད་ཀྱི་རླངས་འཁོར་གྱི་རྗེས་མ་ཆོད། དེ་ནས་རྨ་ལྷོའི་སྒེར་འཁོར་ཞིག་ལ་བསྡད་ནས་རེབ་གོང་དུ་ཕྱིན་ལ། རེབ་གོང་དུ་ཐོན་མ་ཐག བླ་བླང་གི་རེས་འཁོར་དང་འཕྲད་པས། དེ་མ་ཐག བླ་བྲང་གི་རེས་འཁོར་ལ་བསྡད་པ་ཡིན། རེབ་གོང་ནས་ཆུ་ཚོད་གཅིག་ཙམ་ཡས་མས་སུ་བླ་བྲང་ཕྱོགས་སུ་འགྲོ་བའི་ད་ཅི་ཀླད་དུ་ཐོན་བྱུང་། ད་ཅི་ཀླད་ཅེས་ན་མིང་ཧ་ཅང་གོ་མྱོང་གོ་མྱོང་ཞིག་འདུག དེ་ལོས་ཡིན་ཏེ། སྔོན་གྱི་ལ་གཞས་མང་པོ་ཞིག་ན་ད་ཅི་ཀླད་དང་འབྲེལ་བའི་ལ་གཞས་མང་པོ་ཞིག་ཡོད་ལ། ད་ཅི་ཀླད་ཅེས་ན་ཆ་ཡོད་ཆ་ཡོད་ཆ་ཡོད་ཅིག་དང་རྒྱུས་ཡོད་རྒྱུས་ཡོད་ཅིག་ཏུ་སྣང་། དེ་ལྟར། མཛེས་སྡུག་གི་ལུང་ཤུར་རེ་རེ་བརྒལ་ནས་ད་ཅི་ཉག་གར་འབྱོར། ད་ཅི་ཉག་ག་ལས་བུད་མ་ཐག ཡིད་དུ་འོངས་བའི་རྩྭ་ཐང་ཞིག་མིག་ལམ་དུ་བརྒྱུད་ཡོང་བས་སྣང་བ་སྐྱིད་པ་ཞིག་འདུག་ན་ཡང་།སྦྲ་ནག་མ་ཡིན་པའི་སྟར་ཕྲེང་བསྒྲིགས་པའི་རས་གུར་དེ་དག་མཐོང་ན་དེ་ནི་རྩྭ་ཐང་ཞིག་མ་ཡིན་པར། གྲོང་ཚོ་ཞིག་ཡིན་པའི་སྣང་བ་སྐྱེལ་ཡོང་། དེ་ལྟར་རེབ་གོང་ནས་ཆུ་ཚོད་གསུམ་ཙམ་ལ་བསྐྱོད་རྗེས་བླ་བྲང་དུ་འབྱོར་ལ། ཡང་བསྐྱར་བླ་བྲང་ནས་རེས་འཁོར་ལ་བསྡད་ནས་གཙོད་དུ་ཆས་པ་ཡིན། ཕྱི་དྲོའི་ཆུ་ཚོད་ལྔ་ཡས་མས་སུ་གཙོད་དུ་འབྱོར་བྱུང་ལ། གཙོད་གྲོང་ཁྱེར་དུ་ཐོན་མ་ཐག་ཟ་ཁང་ཆུང་ངུ་ཞིག་ནས་ཟ་མ་སྟབས་བདེ་ཞིག་འཐུང་རྗེས། གཙོད་སྲས་མཁར་དགུ་ཐོག་ལ་མཇལ་དུ་ཕྱིན་པ་ཡིན།  སྲས་མཁར་དགུ་ཐོག་ལ་མཇལ་རྗེས་སུ་ང་རང་མྱུར་བར་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་ནས་དུང་ཕྲུག་རྩྭ་ཐང་དུ་ཕྱིན་པ་ཡིན། དུང་ཕྲུག་རྩྭ་ཐང་ནི་ཀན་ལྷོ་ཁུལ་དང་ཐག་མི་རིང་བའི་སྤྱི་ལེ་འགའ་ཡི་མཚམས་སུ་ཡོད་ལ།  ལོ་ངོ་བཅུ་ཡི་ཡར་སྔོན་དུ་ངས་དགེ་རྒན་གྱི་ལས་ཀ་གཉེར་དུས་སུ། ང་ཚོ་མཚོ་ནུབ་ཀྱི་རྐང་འཛིན་དགེ་རྒན་བརྒྱ་ཕྲག་ཅིག་གིས་གནས་འདི་ནས་ཉིན་མང་པོའི་རིང་ལ་གསོ་སྦྱོང་བྱས་ཤིང་། སློབ་ཁྲིད་ལ་ཉན་ཞོར་དང་། རྩྭ་ཐང་ལ་རོལ་ཞོར། ཉིན་ཞག་མང་པོ་ཞིག་ལ་སྣང་བ་སྐྱིད་སྐྱིད་བྱས་ནས་བསྡད་པ་ཡིན། དེ་རིང་གནས་འདིར་གཅིག་པུ་ཐོན་ན་ཁེར་རྐྱང་གི་སྣང་བ་ཞིག་གིས་བཅུམས་ནས་ཡོང་ལ། དེ་དུས་སུ།ལས་གྲོགས་བརྒྱ་ལྷག་དང་མཉམ་དུ་དུང་ཕྲུག་རྩྭ་ཐང་ནས་ཝུ་ཆང་གྲངས་མེད་ཅིག་གི་ཚེ་སྲོག་བཅད།ཚེ་སྲོག་དེ་དག་གིས་ང་ལ་ཚེ་སྲོག་གཞན་ཞིག་བསྩལ་ཏེ།མཚན་མོ་དེར།༼གཙོད་གྲོང་ཁྱེར་ནས་གཙོད་དྲན་པ༽ཞེས་པ་ཞིག་བྲིས་ཏེ༼གངས་རྒྱན་མེ་ཏོག༽ཏུ་སྤེལ། དེ་རིང་། རང་ཉིད་གཅིག་པུ་དུང་ཕྲུག་རྩྭ་ཐང་དུ་ཡོང་ནས་འོ་ཇ་དཀར་ཡོལ་གང་ཁུ་སིམ་མེར་འཐུང་དུས།སྔོན་ཆད་གནས་འདི་ནས་བྲིས་པའི་སྙན་ངག་གཞན་ཞིག་དྲན་ཡོང་བ་འདི་ལྟར།

བ་མོ་བཞོ་བའི་བུ་མོ་ཞིག་ལ་བྲིས།

བ་མོ་གྱོང་བོ་བཞོ་བའི།།

རོང་མོ་སྐམ་པོ་ཞིག་ལ།།

འབྲོག་པ་ཚོན་པོ་ཞིག་གིས།།

གམ་ན་སྐེ་སོ་བྱེད་དོ།།

བ་མོ་འཚུབ་ཆ་མ་ལངས།།

རོང་མོ་ཚུར་འཁོར་མ་གནང་།།

ར་བཟི་ཨ་ཕོའི་མིག་གིས།།

རབ་རིབ་ངང་ནས་བལྟས་ཡོད།།

ས་འདིའི་ས་རྩ་རུབ་སོང་།།

འདོད་པའི་ཆགས་རྩ་དམར་སོང་།།

བ་མོ་རི་ལ་གཏོང་རོགས།།

བུ་མོ་ཚུར་ལ་ལོག་རོགས།།

དེ་མིན། ཉིན་མོར་དེར། ལམ་བར་ནས། སྙན་ངག་པ་ཐང་གཞོང་རྟ་མགྲིན་རྡོ་རྗེ་ཡིས་བྲག་དཀར་རི་བོའི་པར་ཞིག་མཁོ་སྤྲོད་བྱས་པ་བརྒྱུད་དེ་ལས་བྱུང་བའི་ཚོར་བ་རྣལ་མ་ཞིག་བྲིས་པ་འདི་ལྟ་སྟེ།

རྒན་གྱའི་བྲག་དཀར་མཐོང་རྗེས།
བྲག་དེ་རང་མཐོང་རྗེས་སྐྱོ་བ་ཞིག་སྐྱེས་ཡོང་། །
སྨུག་བན་བུན་ཞིག་ཀྱང་བྲག་དེ་ལ་འཁོར་འདུག །
དེ་ལོས་ཡིན་རྒན་གྱའི་སྐར་མ་ཡི་བརྩེ་བ། །
དེ་ལོས་ཡིན་སྨན་ཚོང་ཚེ་སྐྱིད་ཀྱི་མིག་ཆུ། །

ལོ་བཅོ་ལྔ་ཉི་ཤུའི་སྟག་ཤར་གྱི་བརྩེ་དུང་། །
མེ་དམར་པོ་ཞིག་གི་འབར་ཚད་ལས་བརྒལ་འདུག །
ཆུ་གཙང་བོ་ཞིག་གི་བཞུར་རྒྱུན་ལས་རིང་འདུག །
མཚོ་རབ་མེད་ཅིག་གི་གཏིང་རིམ་ལས་ཟབ་འདུག །

ལོ་བཅོ་ལྔ་ཉི་ཤུའི་སྨན་ཤར་གྱི་སེམས་དེ། །
མཐའ་དམར་པོ་མཐོང་ཡང་མི་འཇིགས་པའི་ཚོད་རེད། །
སྲོག་དམར་པོ་དེ་ལ་མི་འཛེམ་བའི་ཚོད་རེད། །
ཁྱོའི་དོན་ལ་ཡོད་ཚད་འབུལ་ཐུབ་པའི་དུས་རེད། །

ང་ཤུ་རེ་དེ་རིང་རི་འདབས་འདི་བརྒྱུད་དུས། །
ང་ཤུ་རེ་དེ་རིང་སྡེ་འདབས་འདི་བརྒྱུད་དུས། །
གྲོང་འདི་ན་ཁྱེད་གཉིས་ཡོད་རྒྱུ་ན་བསམ་བྱུང་། །
ཁ་བགད་ལེ་གཞིས་ཀ་ཆགས་ཡོད་ན་བསམ་བྱུང་། །

ས་ཆུང་ཆུང་ཞིག་གི་ཆེ་ཆུང་ཙམ་བརྩད་ནས། །
སྡེ་ཆུང་ཆུང་གཉིས་ཀྱིས་ལ་རྒྱ་ཙམ་བརྩད་ནས། །
མི་ཆུང་ཆུང་གཉིས་ཀྱི་ཚེ་སྲོག་དེ་ཤོར་བ། །
འདང་ཆུང་ཆུང་བརྒྱབ་ན་འདང་རྒྱག་དེ་ཆེ་ཨང་། །

དེ་ཡིན་ཡང་ཡོད་ཚད་འཕྱི་ཟིན་པའི་དོན་རེད། །
དེང་ཕྱིན་ཆད་དེ་འདྲ་མི་འབྱུང་བའི་སྨོན་ལམ། །
གཞོན་སོ་དཀར་ཕོ་མོའི་ལྷད་མེད་ཀྱི་བརྩེ་དུང་། །
བྱ་རྒོད་པོས་ཡང་ཡང་མི་འཁྱེར་བའི་སྨོན་ལམ། །


 རྒན་གྱ་ནས་གཙོད་ཀྱི་ལམ་བར་དུ།
2019.8.18

微信图片_20200630065315_副本.png

གཉིས། 

བརྒྱད་པའི་ཚེས་བཅོ་བརྒྱད་ཉིན། ཞོགས་པ་སྔ་མོ་ནས་ལམ་ལ་ཆས་ཏེ།ནངས་ཇར་གོ་རེ་ཞིག་དང་སྐོམ་ཆུ་ཞིག་ཉོས་རྗེས།གཙོད་གྲོང་ཁྱེར་ནས་སྤྱི་སྤྱོད་རེས་འཁོར་ལ་བསྡད་དེ་མཛོད་དགེ་རུ་ཆས་པ་ཡིན།ང་རང་ལོ་ན་བཅུ་ཡས་མས་ལ་སོན་པའི་ལོ་དེར་ངེད་ཚང་གི་ཨ་ཞང་ཞིག་གཞུང་གི་ལས་བྱེད་སྐོར་ཞིག་དང་ལྷན་དུ་མཛོད་དགེ་རུ་འགྲོ་མྱོང་ལ།ཁོ་རང་ཕྱིར་ཐོན་རྗེས་མཛོད་དགེ་རྩྭ་ཐང་ནི་ཧ་ལས་པའི་རྩྭ་ཐང་ཆེན་པོ་ཞིག་ཡིན་ཚུལ་གྱི་དགེ་མཚན་གྲངས་འདས་པ་ཞིག་བཤད་རྒྱུ་ཡོད་པས།རང་ཉིད་ཀྱང་ནར་སོན་ན་རྩྭ་ཐང་དེ་རུ་ཐེངས་ཤིག་འགྲོ་ཐུབ་ན་ཅི་མ་རུང་གི་བསམ་ཚུལ་སྐྱེ་མྱོང་ལ།བསམ་ཚུལ་དེ་སྐྱེས་ནས་ཏག་ཏག་མི་ལོ་སུམ་ཅུ་ཙམ་འགོར་སོང་།དེ་རིང་ལོ་ངོ་མང་པོའི་ཡར་སྔོན་གྱི་རང་གི་ཕུགས་འདུན་ཟབ་མོ་དེ་རུམ་ལ་བཅུག་ནས་མཛོད་དགེ་ཕྱོགས་སུ་ཆས་དུས་སུ་རླངས་འཁོར་གྱི་སྒེའུ་ཡོལ་བརྒྱུད་ནས་རྩྭ་ཐང་དེ་རུ་མྱུར་དུ་ཐོན་འདོད་ཀྱི་འདུན་པ་དྲག་པོ་དེ་ཇི་འདྲའི་ཆེ་ཨང་།སྔ་ཉིན་དགོང་མོ་ཁ་པར་བརྒྱུད་ནས་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་དྲ་གྲོགས་བུ་མོ་སྒྲོལ་དཀར་ལ་དྲིས་པ་ན།ཁྱེད་རང་རེས་འཁོར་ལ་བསྡད་དེ་ཡོང་གྱིན་པ་ཡིན་ན།ཧྭ་ཧེ་ཟེར་བའི་ས་ཆ་དེ་ནས་བོབས་དང་དེ་ངོ་མ་སྐྱིད་པོ་ཡིན་ཟེར།

དེ་བས་ངས་ཀྱང་རང་གི་འདུག་གྲོགས་ཀྱི་རྒན་པོ་དེ་ལ་མཛོད་དགེ་རྩྭ་ཐང་ནས་ཆེས་མཛེས་པའི་ས་ཆ་དེ་གང་ཡིན་པར་དྲིས་པ་ན་ཁོས་ཀྱང་མཛོད་དགེ་རྩྭ་ཐང་ནས་མི་མཛེས་པའི་ས་ཆ་ཞིག་མེད་ཟེར་ལ།ཁྱེད་རང་ཧྭ་ཧེ་ནས་འབབ་པ་ཡིན་ན།ངས་དེ་རུ་ཐོན་རྗེས་ཁྱེད་ལ་བཤད་ཟེར།རྒན་པོ་དེའི་མིང་ལ་ཚེ་རིང་སྐྱབས་ཟེར་ཞིང་ཁོའི་ཕ་ཡུལ་མཛོད་དགེ་བྱམས་མེ་ས་ཆའི་རེད།རེས་འཁོར་དེ་རུ་ཁོང་བཟའ་ཟླ་གཉིས་ཡོད་ལ།ཕར་ལ་དྲིས་པའི་དྲི་བ་རེ་རེ་ལ་ཁ་ལན་འཕྲོག་རེས་ཀྱིས་ལན་འདེབས་པ་དང་།ཁོ་གཉིས་ཀྱི་ལྷད་མེད་ཀྱི་འཛུམ་མདངས་དེས་ཀྱང་གནའ་མྱི་དག་གི་ལྷད་མེད་ཀྱི་དྲོད་ཁོལ་ཁྱེར་ཡོང་ལ།ང་རང་ཐེངས་འདིར་ཡུལ་སྐོར་བ་ཡོང་བ་ཤེས་རྗེས།དོ་ནུབ་ཁོ་ཚང་ལ་འགྲོ་འདུག་དང་།ཁྱེད་རང་སྦྲ་ལ་དགའ་ན།ཁོ་ཚང་སྦྲ་ནང་དུ་ཡོད་པས་ཁྱེད་ངོ་མ་སྐྱིད་ཀྱི་རེད་སོགས་ཀྱི་མགྲོན་འབོད་ཀྱིས་ང་རང་གནའ་བོའི་འབྲོག་ཐང་ངོ་མ་ཞིག་ལ་ཁྲིད་ཅིང་གནའ་བོའི་འབྲོག་མི་ངོ་མ་ཞིག་ལ་ངོ་འཕྲད་དུ་བཅུག

微信图片_202006300653151_副本.png

རེས་འཁོར་དེས་ཀྱང་མཛེས་སྡུག་གི་རི་ལུང་མང་པོ་བརྒྱུད་ནས་ཧ་ལམ་དུས་ཚོད་རིང་བོ་ཞིག་ལ་བསྐྱོད་མཐར་ཧྭ་ཧེ(花海)ཟེར་བའི་ས་ཆ་དེར་ཐོན་ལ་ཉེ་དུས།དེ་རུ་གཞུང་ལམ་ཞིག་གསོ་བྱེད་པ་དང་འཕྲད་པས་རླངས་འཁོར་དག་ཁེགས་བྱུང་ལ།མགྲོན་པོ་རྣམས་ཐང་དུ་བབས་ནས་མཛེས་སྡུག་གི་རྩྭ་ཐང་དེ་ལ་པར་ལེན་མགོ་བརྩམས།ང་ནི་གནས་འདིའི་འབྱམས་ཀླས་པའི་མཛེས་སྡུག་གི་རྩྭ་ཐང་དང་གྲངས་ལས་འདས་པའི་ནོར་གནག་གི་ཁྱུ་ཚོགས་ཀྱིས་དབང་མེད་དུ་བཀུག་པར་བརྟེན།རླངས་འཁོར་ལ་འདུག་མ་འདོད་པར་རྐང་ཐང་དུ་འགྲོ་མགོ་བརྩམས་ལ།འགྲོ་ཁར་ཕ་ཡུལ་བྱམས་མེ་ནས་ཡིན་པའི་རྒན་པོ་ཚེ་རིང་སྐྱབས་བཟའ་ཟླ་གཉིས་ལ་བདེ་མོ་བཞག་ཅིང་།ཁོ་གཉིས་ནི་ལོ་ངོ་མང་པོར་ངོ་མ་འཕྲད་པའི་ཉེ་མི་ཞིག་དང་འདྲ་བར་ང་ལ་མགྲོན་འབོད་ཡང་ཡང་བྱས་སོང་།ཧྭ་ཧེའི་ཕྱོགས་སུ་ཆས་དུས་སུ་ཆར་བ་ཟམ་ཟིམ་ཞིག་བབས་ལ་ཆར་བ་དེས་ནི་ང་ལ་མགྲོན་བསུ་བྱེད་པ་ཅིས་མ་མཚུངས།

微信图片_202006300653152_副本.png

སྤྱི་ལེ་ལྔ་ཙམ་ལ་བསྐྱོད་པ་ན།ཧྭ་ཧེ་ས་ཆར་ཐོན་བྱུང་ལ།དེ་རུ་ཡུལ་སྐོར་བ་སྡོད་སའི་རས་གུར་མང་པོ་ཞིག་གཅིག་ལ་གཅིག་བསྟར་ནས་ཡོད་ལ།རས་གུར་དེ་དག་གི་ཁྲོད་ན་སྦྲ་ཆེན་པོ་ཞིག་ལྷང་ངེར་འདུག ངས་སྦྲ་རྒན་དེ་གཟོས་ནས་ཕྱིན་ཏེ་དེ་རུ་གུང་ཇ་འཐུང་བ་ཡིན་ལ།སྦྲའི་ནང་གི་པགས་སྟན་སྟེང་བསྡད་དེ།དུ་བ་སྔོ་ལྷོག་ལྷོག་འཕྱུར་བའི་ཐབ་ཀའི་འགྲམ་ནས་འོ་ཇ་དཀར་ལྟེམས་ལྟེམས་འཐུང་བའི་སྣང་བ་དེ་ནི་ཇི་འདྲའི་སྐྱིད་ཨང་།ཇི་འདྲའི་སྐྱིད་ཨང་།

微信图片_202006300653153_副本.png

ཧྭ་ཧེའི་(花海)མིང་ལ་སྔོན་ཆད་མཚོ་ཁྲ་ཁྱབ་ཟེར་ཞིང་།དེ་རུ་གནས་པའི་ངོ་སྤྲོད་སོགས་ན་ཡང་མཚོ་ཁྲ་ཁྱབ་ཅེས་བྲིས་ཡོད།མཚོ་དེ་མཛོད་དགེའི་གཟའ་རུ་སྒོ་མོའི་ཐང་ན་ལྟེམས་མེར་འཁྱིལ་ལ།ད་སྐབས་མི་རྣམས་ཀྱིས་ཧྭ་ཧེ་ཞེས་འབོད་ཀྱིན་ཡོད།ངས་སྦྲ་རྒན་དུད་པ་ཅན་དེ་ནས་གུང་ཇ་འཐུང་རྗེས་མཚོ་ཁྲ་ཁྱབ་ལ་བལྟ་རུ་འགྲོ་འདོད་བྱུང་།ཡིན་ན་ཡང་།མཚོ་ཁྲ་ཁྱབ་ཀྱི་གམ་དུ་འགྲོ་ན་པ་སེ་རིན་སྒོར་105དགོས་པས།ངས་དེ་རང་སྟེར་མ་འདོད་པར་དེ་ནས་ཁ་བའི་འདབ་མ་རྟགས་མའི་ཝུ་ཆང་ཤོག་སྒམ་ཞིག་ཉོས་ཏེ།རྐང་ཐང་དུ་ལམ་འགྲམ་བརྒྱུད་ནས་སོང་བ་ཡིན་ལ།ལན་རེར་ལམ་གྱི་གཡས་ཕྱོགས་སུ་ཡོད་པའི་ནོར་གནག་གི་ཁྱུ་ཚོགས་མཐའ་ནས་ཝུ་ཆང་རེ་ཧུབ་ཀྱིས་རྔུབ་པ་ཡིན་ལ།ཝུ་ཆང་གི་རྐྱེན་ནམ།སྣང་བ་ཡི་རྐྱེན་ནམ།མཛེས་ལྗོངས་ཀྱི་རྐྱེན་ནམ།ནོར་གནག་གི་རྐྱེན་ནམ།རྒྱུ་རྐྱེན་གང་རུང་ཞིག་གིས་མི་ཡུལ་གྱི་དག་ཞིང་འདི་མིན་ན་གང་ཡིན།ལྷ་ཡུལ་གྱི་སྣང་བ་འདི་མིན་ན་གང་ཡིན་བསམ་པ་ཞིག་སྐྱེས་ཡོང་ལ།ལྷག་ཏུ།་ན་ལ་རང་ཡན་བཀྲམས་པའི་ནོར་གནག་གི་ཁྱུ་ཚོགས་དང་།སྣང་བ་ཡན་པར་འདུག་པའི་ནོག་གནག་གི་རྫི་བོ་དེ་དག་ལ་སེམས་ཁོང་ནས་སྨོན་པ་ཞིག་ཡང་ཡང་འཁོར་ལ།ས་སྲོད་ཀྱི་དུས་ལ་ཐོན་པ་ན་ན་ཡི་ནོར་ཁྱུ་དེ་རེ་རེ་བཞིན་རང་ཁྱིམ་དུ་འདེད་པ་དང་།སྲོད་ཁའི་ཉི་ཟེར་དེ་རིམ་གྱིས་མག་མོག་དུ་འགྱུར་དུས།དེ་དག་ལ་སྔར་ལས་ལྷག་པའི་མཛེས་སྡུག་ཅིག་འདུག་པ་འདྲ་བ་ལ།རང་ཉིད་ཁེར་རྐྱང་ནས་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་ཡང་དང་ཡང་དུ་སྐྱེས་ཡོང་།

ཕྱི་དྲོའི་ཉི་མ་དལ་གྱིས་འཇའ་ཞིང་ས་ཡང་རུབ་ལ་ཉེ་མོད།ང་ལ་མཚོན་ན།མཚོ་ཁྲ་ཁྱབ་ཀི་གཞུང་ལམ་དེ་དེད་ནས་མུ་མཐུད་དུ་མཛོད་དགེ་རྫོང་དུ་ཆས་འདོད་པ་ཡིན།ཡིན་ན་ཡང་།ཕ་ཡུལ་མཛོད་དགེ་ནས་ཡིན་པའི་སློབ་མ་སྒྲོལ་དཀར་གྱི་སྐད་ཆ་ཅིག་སྟེ།ཁྱེད་རང་ས་མཐའ་དེ་ནས་དེ་ལྟར་སོང་ན།ཁྱིས་རྨུག་པར་སེམས་ཆུང་བྱེད་དགོས་ཞེས་པ་དེ་རེད།དེ་ལྟར།ང་རང་ཆུ་ཚོད་ཕྱེད་ཀ་ཙམ་ལ་བསྐྱོད་རྗེས།སྣང་བ་སྔར་ལས་ཇེ་སྐྱིད་ཡིན་ན་ཡང་ངོ་མ་ས་ཆ་མེད་དང་མི་རྒྱུས་མེད་ཡིན་པས།ཁྱི་ལྡོམ་རེ་འགའ་ཡང་འཕྲད་ཨེ་འགྲོ་སྙམ་ནས། ལམ་བར་ནས་གླ་གཏོང་རླངས་འཁོར་ཞིག་ལ་སྟབས་བདེ་བ་བརྒྱུད།ལེ་དབར་སུམ་ཅུ་ལས་མེད་པའི་མཛོད་དགེ་རྫོང་དུ་ཕྱིན་པ་ཡིན།མཛོད་དགེ་རྫོང་དུ་ཐོན་མ་ཅུང་ཐང་ཆད་པོ་བྱུང་ལ་དེ་ནས་རིན་གོང་ཅུང་སླ་ཞིང་གྲལ་དག་པོའི་བོད་པའི་མགྲོན་ཁང་ཞིག་ནས་ངལ་གསོས་པ་ཡིན།

གསུམ།

ཕྱི་ཉིན་ཞོགས་པར།ང་རང་སྔ་མོ་ནས་མལ་ལས་ལངས་ཏེ་ཐོག་མར་རླངས་འཁོར་འབབ་ཚིགས་སུ་པ་སེ་ཉོ་རུ་ཕྱིན་པ་ཡིན་ལ།ཉིན་དེའི་འཆར་གཞི་ནི་ང་རང་ཐོག་མའི་འགྲོ་འདོད་ཆེ་སའི་ས་ཁུལ་གཉིས་ཀྱི་གཅིག་སྟེ།འབར་ཁམས་ཡིན།ངས་རླངས་འཁོར་པ་སེ་ཉོས་རྗེས་སུ་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་ས་གནས་དེ་གའི་བོད་ཟས་ཁང་ཞིག་ཏུ་ཕྱིན་པ་ཡིན།མཛོད་དགེ་རྫོང་ཐོག་ཏུ་གྲལ་དག་ཅིང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཟས་ཁང་ཡང་ཅུང་འཛོམས་པོ་རེ་འགའ་མཐོང་བྱུང་།ཞོགས་ཟས་ཟོས་རྗེས།མཛོད་དགེ་ནས་འབར་ཁམས་བར་གྱི་རེས་འཁོར་ལ་བསྡད་དེ་ལམ་དུ་ཆས་ལ།རླངས་འཁོར་དུ་ཕ་ཡུལ་མཛོད་དགེ་ནས་ཡིན་ལ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པའི་མཁའ་འགྲོ་འཚོ་ཟེར་བའི་བོད་མོ་ཞིག་དང་རླངས་འཁོར་གཅིག་ལ་ཁེལ་ཞིངཁ་བརྡ་ལྷོད་པོ་བྱས་པ་དེས་ང་ལ་ལམ་བར་གྱི་དུས་ཚོད་ཧ་ཅང་མགྱོགས་པའི་སྣང་བ་ཞིག་བྱིན་ལ།ཁྱུང་མཆུ་རྫོང་གི་མཛེས་སྡུག་གི་རྩྭ་ཐང་དང་ཆུ་བོ་རྒྱལ་མོ་རྔུལ་ཆུའི་གྲོག་རོང་གི་འགག་ཕྲེང་རེ་རེ་བརྒལ་ནས་ཕྱི་དྲོའི་ཉི་མ་ནུབ་ལ་ཉེ་ཁར་རྒྱལ་མོ་ཚ་བ་རོང་དུ་ཐོན་བྱུང་།

9.png

རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རགས་བསྡུས་ཤིག་ཉེ་དུས་མདོ་འཛིན་པ་གྲགས་ཅན་རྒན་ཚེ་མགོན་གྱིས་མཁས་དབང་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ལ་བཅར་འདྲི་བྱས་པ་ཞིག་ལས་ཟུར་ཙམ་རྟོགས་ལ།ཐེངས་འདིའི་འགྲུལ་བཞུད་ཁྲོད་ནས་ཀྱང་རྒྱལ་མོ་ཚ་བ་རོང་ལ་མཇལ་རྒྱུ་ནི་ངའི་སེམས་ཀྱི་རེ་བ་ཆེ་ཤོས་དེ་ཡིན།རྒྱལ་མོ་ཚ་བ་རོང་ལ་ཐོན་རྗེས་སུ།ཁ་པར་ལས་སྔ་མོ་ནས་ཁ་ཆད་བཏབ་པ་བརྒྱུད།ཁམས་ལི་ཐང་ས་ཆ་ན་དགེ་རྒན་གྱི་ཕྱག་ལས་གནང་བཞིན་པའི་རྒན་ཕག་སྐོར་རིག་གྲོལ་ལགས་ཀྱང་ཕྱིར་ཕ་ཡུལ་མཚོ་སྔོན་དུ་ལོག་པར་འབར་ཁམས་ཁུལ་དུ་ཐོན་འདུག་པས།ང་ཚོ་མ་གྲོས་རང་འཛོམས་ཀྱིས་གནས་དེ་ནས་ལྷན་འཛོམས་བྱུང་སོང་།མཚན་མོ་དེར།ང་ཚོའི་གནས་དེ་ནས་ཆུ་བོ་རྒྱལ་མོ་རྔུལ་ཆུའི་འབབ་སྒྲ་ལ་ཉན་བཞིན་ནུབ་ཟས་ལ་མཉམ་དུ་རོལ་ཞིང་ཕྱི་ཉིན་ཞོགས་པར།ང་ཚོ་སྔ་མོ་ནས་ལམ་དུ་ཆས་ཏེ་རྒྱལ་མོ་ཚ་བ་རོང་གི་མེས་པོའི་རིང་གི་སྲོལ་རྒྱུན་དག་ལ་མཇལ་དུ་ཕྱིན་པ་ཡིན་ལ།མི་རབས་ནས་མི་རབས་སུ་བཞུགས་པའི་རྡོ་བའི་བཙན་རྫོང་རེ་རེ་ལས་སྔོན་བྱོན་མེས་པོ་དག་གི་མཛད་རྣམ་མཐོང་ལ།ལྷག་ཏུ།ཅོག་ཙེ་རྒྱལ་བོའི་མཁར་རྙིང་ལ་མཇལ་ཞིང་ཁོང་གི་དབུ་མེད་ཀྱི་ཕྱག་བྲིས་བསྟར་མ་དང་།གནས་དེ་ན་ལྷག་པའི་ཁོང་གི་ཤུལ་རྗེས་རེ་རེ་ལ་མཇལ་ནས་ཉིན་གུང་གི་དུས་ཚོད་ཇི་ལྟར་ཤོར་བ་ཡང་མ་ཤེས།ཉིན་གུང་ཡོལ་བ་ཙམ་ནས་ང་ཚོ་ལམ་དུ་ཆས་ཏེ་སི་ཁྲོན་རྔ་བ་རྫོང་གི་ཕྱོགས་སུ་ཆས་པ་ཡིན་ལ།ཉིན་དེར།ང་ཚོ་སྒེར་ལ་དབང་བའི་རླངས་འཁོར་བསྐོར་ཡོད་པས་འགྲོ་རང་དབང་དང་འདུག་རང་དབང་ཡིན་པས་ངོ་མ་སྐྱིད་པོ་བྱུང་སོང་།

微信图片_202006300653155.png

བཞི།

ཉིན་དེའི་འཆར་གཞི་ནི་ང་ཚོ་མགོ་ལོག་གཅིག་སྒྲིལ་རྫོང་དུ་ཆས་རྒྱུ་དེ་ཡིན་ཡང་།ལམ་བར་ནས།གཅིག་ན་ཉིན་དེར་སོས་དལ་དལ་བྱས་པ་དང་།གཉིས་སུ་ཆར་བ་ཅུང་ཆེན་པོ་རེ་བབས་པས།མཚན་མོ་དེར།རྔ་བ་རྫོང་དུ་འདུག་དགོས་བྱུང་སོང་།རྔ་བ་རྫོང་དུ་རང་གི་སློབ་མ་རུ་འབོད་པའི་གླུ་མ་ཁ་ཤས་ཡོད་པའི་ཁོ་ཚོ་ལ་འབྲེལ་བ་རེ་བྱེད་བསམ་ཡང་དུས་ཚོད་ཅུང་འཕྱི་འདུག་པས་འབྲེལ་བ་མ་བྱས་ལ།ང་ཚོ་འགྲོ་རོགས་དག་ས་གནས་དེ་གའི་བོད་ཟས་ཁང་ཞིག་ཏུ་ཕྱིན་ཏེ་ནུབ་ཟས་ལ་རོལ་བ་ཡིན།ཐེངས་འདིར་སི་ཁྲོན་གྱི་ས་ཆ་ཁ་ཤས་སུ་ཕྱིན་པ་དེས་ཡུལ་དེ་ཡི་རི་ཆུ་ནགས་གསུམ་གྱི་མཛེས་ལྗོངས་ཀྱིས་ང་ལ་ཉིན་ཁ་ཤས་རིང་སེམས་ཁམས་སྐྱིད་ཅིང་རང་དབང་གི་ཁོར་ཡུག་སྐྱིད་པོ་ཞིག་བསྩལ་བར་མ་ཟད།སི་ཁྲོན་གྱི་རྫོང་ཁག་སྐོར་ཅིག་གི་གྲལ་དག་ཅིང་ཡིག་ནོར་མེད་པའི་སྒོ་བྱང་རེ་རེ་དང་།བབས་ཆགས་ཅིང་ཁ་བརྡ་ཀློད་པའི་མི་གཤིས་ཀྱིས་ཐེངས་འདིའི་འགྲུལ་བཞུད་ལ་ལག་ཡོང་ཆེ་ཤོས་ཤིག་ཐོབ་སོང་།

ཉིན་དེའི་ཕྱི་ཉིན།ང་ཚོ་སྔ་མོ་ནས་ལམ་དུ་ཆས་ཏེ་རྔ་བ་རྫོང་ཁག་ཉེ་འདབས་ཀྱི་དགོན་སྡེ་ཁ་ཤས་ལ་མཇལ་ཞིང་།དེ་ནས་མགོ་ལོག་གཉན་པོ་གཡུ་རྩེ་རུ་ཆས་པ་ཡིན།ང་ཚོ་ལན་རེར་ཆར་བས་བསུ་མ་གནང་བ་འདྲ་ལ།མཚམས་རེར་ཉི་འོད་ཀྱིས་ལམ་སྟོན་གནང་བ་དང་འདྲ་བར་ཉིན་གུང་ཡས་མས་ལ་མགོ་ལོག་གཉན་པོ་གཡུ་རྩེའི་འདབས་རོལ་དུ་ཐོན་བྱུང་།རྒྱང་ནས་བལྟས་ན་མིག་དབང་འཕྲོག་ཅིང་གམ་ལ་ཐོན་ན་དེ་ལས་ཀྱང་མི་སེམས་དབང་མེད་དུ་འགུག་པའི་གཉན་པོ་གཡུ་རྩེ་ནི་མི་ཡུལ་གྱི་དག་ཞིང་ཞིག་དང་འདྲ།ཡིན་ཡང་། གཉན་པོ་གཡུ་རྩེ་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཡིན་པའི་ཆ་ནས་རྒྱང་མཇལ་ཁོ་ན་ལས་གམ་དུ་འགྲོ་རུ་མི་འཇུག་ན་ཡང་། སྔོན་ཆད་གནས་དེ་ནས་དགེ་རྒན་གྱི་ལས་ཀ་གཉེར་མྱོང་བའི་གྲོགས་ཁྲི་དཀོན་བརྒྱུད་ནས་ད་གཟོད་ང་ཚོ་གཉན་པོ་གཡུ་རྩེའི་གམ་དུ་མཇལ་ཐུབ་སོང་། ང་ཚོ་གནས་དེར་ཐོན་དུས་ནི་སྤྱི་ཟླ་བརྒྱད་པར་ཁེལ་ཡོད་པས།མེ་ཏོག་སེར་ཆེན་དག་གི་མདོག་ཅུང་ཙམ་ཡལ་འདུག་ན་ཡང་།གཉན་པོ་གཡུ་རྩེའི་རི་སྐེད་དུ་ཆགས་པའི་སྤྲིན་པ་དང་།རི་ཀློང་དུ་འཁྱིལ་བའི་མཚོ་མོ།རི་འདབས་སུ་གནས་པའི་མེ་ཏོག་སོགས་ཀྱིས་གནས་འདི་དང་གཏན་དུ་ཁ་མ་བྲལ་ན་ཅི་མ་རུང་བསམ་པའི་སྣང་བ་ཞིག་ཡང་ཡང་ཕྱིན་ཡོང་ལ།གནས་འདི་ཡི་འདབས་རོལ་དང་གནས་འདི་ཡི་ལུང་བ་ན་ཆགས་པའི་ཁྱིམ་ཚང་དག་ལ་སྨོན་པ་གཏིང་ནས་ཤོར་ལ།ཉིན་ཕྱེད་ཅིག་གི་རིང་ལ།གནས་འདི་ཡི་རི་ཆུ་ནགས་གསུམ་དག་ལོངས་སུ་སྤྱད་ན་ཡང་།ཅི་ཞིག་གིས་ད་དུང་ངའི་མགུ་མ་གང་ལ།ཅི་ཞིག་གིས་ད་དུང་ང་ལ་ཞེན་ཆགས་ལྗི་མོ་ཞིག་བཞག་པས་ན།ངའི་སང་ལོའི་ཡུལ་སྐོར་གྱི་གོམ་ཁ་ཐོག་མ་གནས་འདིར་བསྒྱུར་དགོས་ལ།ངའི་སང་ལོའི་ཡུལ་སྐོར་གྱི་གོམ་ཁ་ཐོག་མ་གནས་འདི་ནས་བསྒྱུར་དགོས་བསམ་བྱུང་།

微信图片_202006300653156.png

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།